ཐར་ལོ་ཞེས་པའི་གཞས་མ་གཏམ།




ཚིག    པདྨ་ཚེ་བརྟན།

དབྱངས། བདེ་སྐྱིད་ཚེ་རིང་།

གཞས་པ།  བདེ་སྐྱིད་ཚེ་རིང་།


པད་མ་ཚེ་བརྟན་གྱིས་ཁྱོད་ཀྱི་སྣང་བརྙན་བསྐྲུན།

ཞི་བདེ་ཉི་མ་ཡིས་ཁྱོད་རང་འཁྲབ་སྟོན་བྱས།

གཡང་ཕྱུག་མཚོ་ཡིས་ཁྱོད་ལ་ཚོར་བ་བྱིན།

སྙིང་རྗེ། ཐར་ལོ།

འཕར་སྤྱང་གིས་ཁེངས་པའི་ཁོར་ཡུག་འདི་རུ།

ཁྱོད་ལ་ཐར་བའི་ལམ་ཞིག་གང་ན་ཡོད། 


མའོ་བཀྲ་ཤིས་ཀྱིས་ཁྱོད་ལ་དཀའ་ལས་མང་པོ་གཏད།

སྦྱིན་པ་གེའུ་ཡིས་ཁྱོད་ལ་འགྲམ་ལྕག་ཚ་མོ་གཞུས།

གཡང་ཕྱུག་མཚོ་ཡིས་ཁྱོད་ཀྱི་རལ་ལུ་རྩ་བ་ནས་བྲེགས། 

སྙིང་རྗེ། ཐར་ལོ།

འཕར་སྤྱང་གིས་ཁེངས་པའི་ཁོར་ཡུག་འདི་རུ།

ཁྱོད་ལ་ཐར་བའི་ལམ་ཞིག་གང་ན་ཡོད།


ཁྱོད་ཀྱིས་མི་ཚེ་ཧྲིལ་བོར་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ཟེར།

ཁྱོད་ཀྱིས་མ་འོངས་པར་གཡང་མཚོ་ལ་ལ་གཞས་ལེན་རྒྱུ་ཟེར།

ཁྱོད་རང་ད་དུང་ལྷ་ས། པེ་ཅིན། ཧྲང་ཧེ། ཀོང་ཀྲིག ཞང་ཀང་།  ཨ་མེ་རུ་ཁ་སོགས་ལ་འགྲོ་རྒྱུ་ཟེར།

ཨ་ཤུ་རེ་ཁོ། སྙིང་མ་རྗེ། ཐར་ལོ་ཡ། ཐར་ལོ།

འཕར་སྤྱང་གིས་ཁེངས་པའི་ཁོར་ཡུག་འདི་རུ།

ཁྱོད་ལ་ཐར་བའི་ལམ་ཞིག་གང་ན་ཡོད།


བོད་པ་འགའ་རེས་ཁྱོད་ཀྱི་གློག་བརྙན་རྫུན་མར་བལྟས།སྐད་ཆ་འདྲ་མིན་སྣ་ཚོགས་བཤད།

མགོ་སེར་རྣམས་ཀྱིས་ཁྱོད་ཀྱི་གློག་བརྙན་ངོ་མར་བལྟས།གདེང་འཇོག་འདྲ་མིན་སྣ་ཚོགས་བྱས།

མི་རྐྱང་ཐར་ལོ་ལོ་ལོ།དོན་དམ་པར་ཁྱོད་ཀྱིས་ཅི་ཞིག་བསམ་ཀི།ཅི་ཞིག་བྱེད་ན་འདོད་ཀི།

དེ་རིང་ང་ཚོ་ཚང་མ་གློག་བརྙན་ཁང་དུ་ཐར་ལོའི་གློག་བརྙན་ངོ་མར་བལྟ་རུ་འགྲོ།

ང་ཚོས་རང་གིས་རང་ལ་རྒྱབ་སྐྱོར་བྱེད།

བོད་བརྙན་གྱི་བསྟན་པ་དར་བར་ཤོག 

བོད་བརྙན་གྱི་རྩ་བ་བརྟན་པར་ཤོག 

དོན་དམ་དུ།ཐར་ལོ་ཁྱོད་ནི་འཇིག་རྟེན་འདིའི་ཆེས་རྣམ་དག་གི་མི་བུ་དེ་ཡིན།

ང་ཚོ་ཁྱོད་ལ་ཡིད་ཆེས་ཟབ་མོ་ཡོད།

ཁྱོད་ཀྱིས་ནམ་ཡང་རང་ཉིད་བོར་མི་ཉན།

ཁྱོད་རང་ངུ་འདོད་ན་ངུས་ཆོག 

ཁྱོད་རང་དགོད་འདོད་ན་བགད་ཆོག 

ཁྱོད་རང་བདེ་སྐྱིད་ཚེ་རིང་གི་གླུ་མ་རྟའི་ལེན་སྲོལ་དེ་ལ་མི་དགའ་ན་མ་ཉན་ན་ཆོག 

ཁྱོད་ཀྱིས་རང་ཉིད་ལེན་པར་སྤྲོ་པའི་ལ་གཞས་ཞི་མོ་རྣམ་དག་ཅིག་ལ་བླངས་ན་ཆོག 

དེ་འདྲའི་ཞི་མོ་ཞིག་གིས་ཁྱོད་ཀྱིས་ལ་གཞས་ལེན་པར་སྒུག་ཡོད་པ་ང་ཚོར་ཡིད་ཆེས་ཡོད།

གང་ལྟར་ཁྱོད་རང་རང་ལ་ཡིད་ཆེས་དགོས།

རང་ཉིད་འཚོལ་ནས་རྙེད་དགོས།

དཔྱད་མཆན་ཡོད།