རྒྱ་གར་གྱི་བུད་མེད་པར་ལེན་གསར་འགོད་པ་ཐོག་མ། Homai Vyarawalla

944d9c0fe389b0b9.jpg


            བུད་མེད་པར་ལེན་གསར་འགོད་པ་Homai Vyarawalla(1913-2012)ནི་རྒྱ་གར་གྱི་དུས་རབས་སྔོན་མའི་ལོ་རབས་30ནས་70བར་གྱི་བུད་མེད་ཆེད་ལས་པར་ལེན་པ་གཅིག་པུ་དེ་ཡིན། ཕོ་དབང་རིང་ལུགས་རྒོད་པའི་རྒྱ་གར་གྱི་སྤྱི་ཚོགས་ནང་ Vyarawallaཡིས་བུད་མེད་པར་ལེན་པ་ཞིག་གི་ལུས་བླངས་པ་གང་ཞིག་ལ་བློ་སྤོབས་ཆེན་པོས་རང་གི་ལས་ཀ་རྒྱུན་འཁྱོངས་གནང་བ་ནི་ཅི་འདྲའི་དོན་སྙིང་ལྡན་ཞིང་རྗེས་སུ་ཡི་རང་བྱེད་དགོས་པ་ཞིག་རེད་ཨང་། ཁོ་མོས་པར་མིག་ལ་བརྟེན་ནས་དབྱིན་ཇིའི་མི་སེར་སྤེལ་བའི་དབང་བསྒྱུར་འོག་རང་བཙན་རག་མ་ཐག་པའི་རྒྱ་གར་གྱི་གནས་སྟངས་དང་ལོ་རྒྱུས་ཀྱི་འཕོ་འགྱུར་མཚོན་པར་བྱས་ཡོད། ད་དུང་སྐབས་དེའི་འཛམ་གླིང་རིམ་པའི་དབུ་ཁྲིད་མང་པོ་ཞིག་ཀྱང་ཁོ་མོའི་པར་མིག་ཏུ་ཚུད་ཡོད་དེ། རྒྱ་གར་མི་རིགས་བཅིངས་འགྲོལ་ལས་འགུལ་གྱི་དབུ་ཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་མོ་མ་ཧཱ་གན་དྷི་མཆོག་དང་། རྒྱ་གར་གྱི་ཙུང་ལི་ནེ་རུ། རྒྱ་ནག་གི་ཙུང་ལི་ཀྲོའུ་ཨིན་ལེ། ཝེད་ནམ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧའོ་ཆི་མེན། དབྱིན་ཇིའི་རྒྱལ་མོ་ཨེ་ལི་ཟི་བྷེ་སྐུ་ཕྲེང་གཉིས་པ། དབྱིན་ཇིའི་སྤྱི་རྟོག་པ་མོང་བྷ་ཐྲིན། དེ་བཞིན་ཨ་རིའི་སྲིད་འཛིན་ཧྥི་རན་ཁི་ལེན་དང་རོ་སི་ཝོལ། ཨེ་སིན་ཧོ་ཝེར། ཁེན་ནི་དྷེ་དང་ཁོང་གི་སྐུ་ལྕམ་སོགས་ཡོད།


cc6ad90fa9c8ec09.jpg


           ཡིན་ན་ཡང་། Vyarawallaཡིས་1970ལོ་སྟེ་མོ་རང་གི་པར་ལེན་ལས་རིགས་ཀྱི་གྲུབ་འབྲས་ཡང་རྩེར་སོན་པའི་དུས་སྐབས་སུ་པར་ལེན་གྱི་ལས་ཀ་མཚམས་བཞག་འདུག །དེའི་རྒྱུ་མཚན་ཅི་ཡིན་སྐོར་ལ་ཁོ་མོས། དེང་དུས་ཀྱི་པར་ལེན་གནས་སྟངས་འདི་འདྲའི་འོག་ང་རང་གིས་ཡང་བསྐྱར་པར་ཆས་ལག་ཏུ་འཛིན་འདོད་ཀྱིན་མེད། ང་རང་པར་ལེན་པ་ཞིག་ཡིན་པའི་ཆ་ནས། ང་ཚོས་རྟག་ཏུ་རང་ཉིད་ཀྱི་ཀུན་སྤྱོད་ཚད་གཞི་གཙུག་ཏུ་བཀུར་ནས་རང་གི་ལས་གྲོགས་ལྟར་ཕན་ཚུན་ལ་བརྩི་བཀུར་བྱེད་ཀྱིན་ཡོད། འོན་ཀྱང་། ཕྱིས་ཀྱི་མི་རབས་གསར་པའི་དུས་ལ་སླེབས་སྐབས་རྒྱ་གར་གྱི་པར་ལེན་པའི་སྡེ་ཡི་གནས་སྟངས་ཤིན་ཏུ་སྡུག་པོ་ཆགས་སོང་། ཁོང་ཚོ་མང་ཆེ་བ་ཕྱི་བཀྲག་ནང་སྟོང་གི་ཁྲ་ཆིལ་རྒུ་ཆིལ་འབའ་ཞིག་ལ་མགོ་འཁོར་ནས་གདའ། ང་རང་དངོས་གནས་ཁོང་ཚོའི་གྲས་སུ་ཞུགས་འདོད་མེད་ཅེས་འགྲེལ་བརྗོད་གནང་ཡོད།   


homai-vyarawalla-180111-013.jpg


          Vyarawallaཡི་ཚེ་སྨད་དུ་རྒྱ་གར་གྱི་རིམ་པ་གཉིས་པའི་མི་སེར་གཟེངས་རྟགས་མཐོ་ཆོས་Padma Vibhushanཞེས་པ་དེ་ཐོབ་པར་མ་ཟད། རྒྱ་གར་གྱི་ཆེས་ཐོག་མའི་རྒྱལ་ཁབ་པར་ལེན་གཟེངས་རྟགས་ཀྱང་ཐོབ་ཡོད་པ་རེད། ད་ལྟ་ཁོ་མོའི་པར་སྐྲུན་ཡིག་རིགས་དང་པར་ལེན་བརྩམས་ཆོས། པར་ཆས་སོགས་ཀྱིས་མཚོན་པའི་དྲན་རྟེན་དངོས་པོ་ཡོད་དོ་ཅོག་རྒྱ་གར་རྒྱལ་ས་དྷེ་ལི་གསར་པར་རྟེན་གཞི་བྱས་པའི་Alkazསྒྱུ་རྩལ་ཐེབས་རྩ་ཚོགས་པ་ནས་ཉམས་ཞིབ་དང་བདག་དམ་གནང་ཡོད། དེ་སྔར་རྒྱལ་ཁབ་དེང་རབས་སྒྱུ་རྩལ་ཁང་གིས་ཁོ་མོའི་མི་སྒེར་གྱི་དྲན་གསོའི་འགྲེམ་སྟོན་ཞིག་ཀྱང་སྤེལ་མྱོང་ཡོད་འདུག


editedfinal.jpg

             2012ལོའི་ཟླ་1པའི་ཚེས་15ཉིན། བུད་མེད་པར་ལེན་པ་Homai Vyarawallaཚེ་ལས་འདས། 


              ཁོ་མོས་བླངས་པའི་ལོ་རྒྱུས་ཀྱི་བཤུལ་ལམ་མཚོན་པའི་འདྲ་པར་བརྩམས་ཆོས་ཁག་ཅིག  







3f36b2e10ca95aa6.jpg


8a442be5b5e87bf9.jpg





















(པར་དབང་མེད་པར་གང་བྱུང་བཤུ་མི་རུང་།)

དཔྱད་མཆན་ཡོད།