བོད་ཀྱི་ནང་མ་སྟོད་གཞས་ཀྱི་ཡབ་ཆེན་ཨ་ཇོ་རྣམ་རྒྱལ།

微信图片_20201224181409.jpg

ཨ་ཇོ་རྣམ་རྒྱལ་ལགས།

      ཨ་ཇོ་རྣམ་རྒྱལ་ལགས་ནི་སྤྱི་ལོ༡༨༩༤ལོར་བོད་ཀྱི་ལྷོ་ཤར་མཚམས་སུ་ཆགས་པའི་དྭགས་པོ་གླང་མདུན་དུ་སྐུ་འཁྲུངས། ཉིན་ཞིག་ཕ་མ་གཉིས་མེ་ཤིང་འཐུ་བར་ཕེབས་སྐབས་རྣམ་རྒྱལ་ལགས་ཆུ་འགྲམ་ཞིག་ཏུ་ལྟ་རྟོག་གནང་མཁན་མེད་པར་བཞག་པས་སྤྱན་གཉིས་ཕོ་རོག་གིས་བཏོན། དེ་ནས་བཟུང་སྐུ་ཚེ་ཧྲིལ་པོར་སྦར་ཉུལ་བསྐྱོན་ནས་བཞུགས་དགོས་པར་གྱུར། དེ་ནས་དགུང་ལོ་བདུན་ཙམ་ལ་ཡབ་དང་ཨ་ཁུ་གཉིས་ནས་གླུ་གཞས་དང་སྒྲ་སྙན་བསླབས་པས་དཀའ་ཚེགས་མེད་པར་མཁྱེན། ལོ་ཤས་སོང་རྗེས་ཕ་མ་གཉིས་ཀ་ལོ་གཅིག་གི་ནང་ལ་སྔ་ཕྱིར་འཇིག་རྟེན་ལས་འདས། དེ་ལྟར་ནའང་ཁོང་གི་ཨ་ཁུ་ལགས་ཀྱིས་རང་གི་བུ་ལྟར་སྙིང་རྗེས་བསྐྱངས་པར་མཛད། དེ་ནས་དགུང་ལོ༡༢ལ་སྤྱི་ལོ༡༩༠༦འགྲུལ་པ་སེམས་བཟང་ཅན་ཞིག་གིས་ཕེབས་རོགས་ཞུས་ཏེ་ལྷ་སར་འབྱོར་ཏེ་ཉིན་མོ་གླུ་གཞས་སྒྲ་སྙན་དཀྲོལ་བཞིན་སློང་མོ་བྱས་པ་དང་། མཚན་མོ་སྐྱིད་རས་སུ་བོད་མི་སྒེར་བཙུགས་སློབ་གྲྭའི་སྒོ་རའི་ཟུར་ཞིག་ན་ཁྱི་དང་མཉམ་དུ་ཉལ་ནས་བཞུགས། དབྱར་དུས་ལྷ་ས་བ་རྣམས་གླིང་ཁ་གཏོང་སྲོལ་ཡོད་པས་ཁོང་གིས་སྒྲ་སྙན་བསྣམས་ནས་སློང་མོར་ཕེབས་ཀྱི་ཡོད། ཉིན་ཞིག་ནང་མའི་སྐྱིད་སྡུག་གི་ཚོགས་མི་གླིང་ག་གཏོང་བཞིན་ཡོད་ཅིང་། ཁོང་གིས་རས་གུར་འགྲམ་དུ་དྭགས་པོའི་དམངས་གཞས་བཏང་བས། ནང་མའི་སྐྱིད་སྡུག་གི་ཚོགས་མི་ཞིག་གིས་ནང་དུ་མགྲོན་འབོད་ཞུས་ཏེ་གླུ་གཞས་དང་སྒྲ་སྙན་གཏོང་དུ་བཅུག་པ་དང་ཁོང་གི་ལོ་རྒྱུས་རྣམས་མཁྱེན་རྗེས་སྙིང་རྗེ་དྲག་པོ་སྐྱེས་ནས་ཁོང་ནང་མའི་སྐྱིད་སྡུག་ཏུ་བཞུགས་སུ་བཅུག  

微信图片_20201224181335.jpg

ཨབ་རྡུལ་རེ་མན་ལགས།

         ནང་མའི་སྐྱིད་སྡུག་གི་དབུ་འཛིན་ཨབ་རྡུལ་རེ་མན་ལགས་ཀྱིས་ཁོང་ལ་གཟིགས་སྐྱོང་ཆེན་པོ་གནང་ནས་འཚོ་བའི་མཐུན་རྐྱེན་མང་པོ་འབྱོར། ལྷ་སའི་ཁ་ཆེ་ཞིག་ཡིན་པ་ཨབ་རྡུལ་རེ་མན་ལགས་ནི་ཁོང་གི་རོལ་དབྱངས་སློབ་དཔོན་ཡང་ཡིན། ཨ་ཇོ་རྣམ་རྒྱལ་ལགས་ཀྱིས་ལོ་གསུལ་ཙམ་རིང་ནང་མ་དང་། སྒྲ་སྙན། སྟོད་གཞས། པི་ཝང་། གླིང་བུ་སོགས་སྦྱང་བརྩོན་ལེགས་པར་བྱས་ནས་རྩེར་གསོན།  དེ་ནས་ལོ་འགའི་རྗེས་སུ་ཚེ་རིང་སྒྲོལ་མ་ལགས་ཞུ་བའི་གཞས་མ་ཞིག་དང་བརྩེ་དུང་ཆགས་ནས་བཟའ་ཟླར་གྱུར། རོལ་དབྱངས་ཐད་ལ་ཐུན་མིན་གྱི་ཚོར་བ་ཡོད་པ་མ་ཟད། ཁོ་རང་མིག་ལུང་ཡིན་པས་མི་གཞན་ལས་ལྷག་པར་བློ་སེམས་རྩེ་གཅིག་གིས་སློབ་སྦྱོང་ཐུབ་པས། ལོ་ཁ་ཤས་ལས་མ་འགོར་བར་ཡར་བསྐྱེད་ཆེན་པོ་བྱུང་སྟེ། སྟོད་གཞིས་དང་ནང་མའི་རོལ་དབྱངས་མང་པོ་བློ་ལ་ངེས་པ་དང་། རོལ་ཆས་ཀྱང་མང་པོ་དཀྲོལ་ཤེས་པ་བྱུང་བ་རེད། 

 微信图片_20201224181338.jpg

སྨ་རྒྱའུ་ལགས་ནི་སྐབས་དེ་དུས་ཨ་ཇོ་རྣམ་རྒྱལ་ལགས་ཀྱི་རོལ་དབྱངས་སློབ་དཔོན་དང་ནང་མའི་སྐྱིད་སྡུག་དབུ་འཛིན་ཨབ་རྡུལ་རེ་མན་ལགས་དགོངས་པ་རྫོགས་རྗེས། ནང་མའི་སྐྱིད་སྡུག་གི་དབུ་འཛིན་ཡིན་སྐད།

       ལྷ་ས་ནས་མི་ཚོས་ནམ་རྒྱུན། “ལུང་པ་རྣམ་རྒྱལ་རོལ་ཆས་མང་པོ་དཀྲོལ་བར་མཁས”ཞེས་བསྔགས་བརྗོད་བྱེད། “ནང་མའི་སྐྱིད་སྡུག”གི་ཚོགས་གཙོ་ཚེ་ལས་འདས་པ་དང་བསྟུན་ནས། རྣམ་རྒྱལ་ནི་ཚོགས་གཙོ་གསར་བར་བསྐོས་པ་རེད།  དེའི་རྗེས་སུ། རྣམ་རྒྱལ་གྱི་མཚན་སྙན་ཆེན་པོ་རྒྱས་ཏེ། མི་ཚང་མས“ཨ་ཇོ་རྣམ་རྒྱལ”ཞེས་འབོད་པ་རེད། ཨ་ཇོ་རྣམ་རྒྱལ་གྱི་མཚན་སྙན་ཉིན་རེ་བཞིན་ཇེ་རྒྱས་བྱུང་བ་དང་བསྟུན་ནས། ཁོ་རང་གིས་གམ་ནས་རོལ་དབྱངས་ཤེས་བྱ་དང་རོལ་ཆས་རྡུང་དཀྲོལ་སོགས་སློབ་སྦྱོང་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་གྱུར། ཁོང་གིས་བ་སྐོར་སྲང་ལམ་ནས་ཁང་མིག་གཉིས་གླས་ཏེ། ལྷ་སའི་ལོ་རྒྱུས་ཐོག་གི་རོལ་དབྱངས་སློབ་གྲྭ་ཐོག་མ་བཙུགས། དུས་རབས་སྔོན་མའི་ལོ་རབས༣༠ནས༤༠བར་དང་། ཐ་ན་ལོ་རབས༥༠པར་ཡང་། ལྷ་སའི་རོལ་དབྱངས་མཁན་ཚོ་མང་ཆེ་བར་རྣམ་རྒྱལ་གྱི་ཤུགས་རྐྱེན་ཐེབས་ཡོད་པ་རེད།

微信图片_20201224181403.jpg

      དེ་ནས༡༩༢༢ལོར་ནང་མའི་སྐྱིད་སྡུག་གི་དབུ་འཛིན་གནང་། བོད་མི་རྣམས་ཀྱིས་ཁོང་ལ་གུས་བཀུར་ཚུལ་དུ་མཚན་གྱི་དབུར″ཨ་ཇོ″ཞེས་བསྣན་ནས”ཨ་ཇོ་རྣམ་རྒྱལ”ལགས་ཞེས་གསོལ་བར་མཛད། མཐར་སྤྱི་ལོ༡༩༤༢ལོར་སྒྱུ་རྩལ་གྲགས་ཅན་ཨ་ཇོ་རྣམ་རྒྱལ་ལགས་དགུང་ལོ༤༨ལ་ཕེབས་སྐབས་སྙུང་གཞི་ཕོག་སྟེ་གླུ་བུར་དུ་དགོངས་པ་རྫོགས།

微信图片_20201224181422.jpg

དྭགས་པོ་གླང་གི་ཡུལ་དུ།།

མཚན་ལ་ཨ་ཇོ་རྣམ་རྒྱལ།།

     དཔལ་གྱི་ཆོས་འཁོར་ལྷ་སར།།

          གཞས་ཀྱིས་སྦྱིན་པ་བཏང་སོང་།།

微信图片_20201224181431.jpg

           «ཨ་ཇོ་བསོད་ནམས་རྡོ་རྗེ»དང «ཟླ་བ་གཞོན་ནུ»ཞེས་པ་སོགས་དུས་རབས་སྔོན་མའི་དུས་སྟོད་ཀྱི་སྟོད་གཞས་བཅུ་ཕྲག་ལྷག བོད་ཀྱི་དམངས་ཁྲོད་དུ་དར་ཁྱབ་ཆེན་པོ་བྱུང་ཞིང་། ད་བར་མ་ཉམས་པར་ས་ཁུལ་སོ་སོར་རླུང་ལྟར་གྲགས་བཞིན་ཡོད། འོན་ཏེ་དར་ཁྱབ་བྱུང་བའི་གླུ་གཞས་འདི་དག་གི་གསར་རྩོམ་མཁན་པོ་ནི་ཨ་ཇོ་རྣམ་རྒྱལ་ལགས་ཡིན་ནོ།།

*ནང་མའི་སྐྱིད་སྡུག་ནི། ལྷ་ས་གྲོང་ཁྱེར་ཁུལ་གྱི་རོལ་དབྱངས་ལ་དགའ་བའི་བློ་མཐུན་མཉམ་སྦྲེལ་ལས་གྲུབ་པའི་ལས་ཞོར་རང་བཞིན་ཅན་གྱི་སྐྱིད་སྡུག་ཅིག་རེད། སྐྱིད་དེ་ལ་རོལ་དབྱངས་མཁས་པ་ཨ་ཇོ་རྣམ་རྒྱལ་ལགས་དང་གཞུང་ཞབས་ཤོད་དྲུང་འགའ། སྨ་རྒྱའུ་ལགས། ཨབ་རྡུལ་རེ་མན་སོགས་ལྷ་སའི་ཁ་ཆེ་ཁག་ཅིག་བཙུགས་གནང་འདུག


གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས། 

དཔྱད་མཆན་ཡོད།