ལོ་སར།

                                                                                                           འཁྲབ་གཞུང་།                     

                             འཁྲབ་གཞུང་ཐུང་ངུ་འདིའི་པར་དབང<崔永元新锐导演计划>ཞེས་པའི་བྱེད་སྒོའི་གཞུང་ཕྱོགས་ལ་ཡོད་པས་གང་འདོད་དུ་སྤྱད་མི་ཆོག

   
ནང་། ཉལ་ཁང་། ཉིན་གུང་།

           ཉལ་ས་སྟེང་འོག་ཡིན་པའི་ཉལ་ཁང་ཅིག མི་བཞི་བོ་རང་རང་གི་ས་ན་མ་འགུལ་བར་བསྡད་ཡོད། བརྙན་རིས་ཐག་ཉེ་རུ་ཕྱིན། བཀྲ་ཤིས་ཀྱིས་མགྱོགས་པོར་མགོ་དགྱེ་ཞིང་།

           བཀྲ་ཤིས།  དེ་མིན་ན་ཉལ་ཁང་གཞན་པར་གཡར་དུ་འགྲོ
           ཀུན་བཟང་།  ད་ལྟ་སུས་གཡར་རམ།
           དཔལ་རྩལ།  ཁ་བཏགས་མེད་ནའང་སྐྱོན་ཡོད་ནི་མ་རེད།
           བཀྲ་ཤིས།  དེ་ཅི་ལ་ཆོག སྒོ་ཁར་ཁ་བཏགས་ཤིག་ཡོད་ན། ལོ་སར་གྱི་ཚུགས་ཀ་ཞིག་འདུག
           ལྷ་བཀྲ།  དེ་ན་ཁྱོད་དང་ཀུན་བཟང་གཉིས་གཡར་དུ་སོང་། ངེད་གཉིས་ཀྱིས་ཉལ་ཁང་ནང་ལ་གཙང་སྦྲ་ཞིག་བྱེད།
           བཀྲ་ཤིས། ཡ། འགྲོ། ཁ་བཏགས་མེད་པའི་ལོ་ཞིག་སར་སྲོལ་གང་ན་ཡོད།

           ཀུན་བཟང་དང་བཀྲ་ཤིས་ཡར་ལ་ལངས་ཤིང་བརྙན་གྱི་ཕྱོགས་སུ་ཡོང་།

ཕྱི། སློབ་གྲྭའི་ར་སྐོར། ཉིན་གུང་།

          ལོ་མ་གཅིག་ཀྱང་མེད་པའི་སྡོང་བོ་དག་ཕྲེང་བར་བསྒྲིགས་ཡོད། ཡུན་རིང་མ་བསྒུལ་བའི་ལྕགས་རྟ་དག་ས་རྡུལ་གྱི་ཁེབས། ཁོ་གཉིས་སྡོང་བོ་སྐམ་པོ་དག་གི་བར་གསེང་བརྒྱུད་ནས་ཡར་སོང་།

ནང་། བུ་མོའི་ཉལ་ཁང་།

         ཅུང་མགྱོགས་པའི་དེང་རབས་རོལ་དབྱངས་ཤིག་དང་བསྟུན་ནས་དཔལ་སྐྱིད་ཀྱིས་ཞབས་བྲོ་ཞིག་ག་ལེར་འཁྲབ་ཀྱིན་ཡོད། སྒོ་རྡུང་བའི་སྒྲ་གྲགས།

         དཔལ་སྐྱིད། ཤོག

         སྒོ་རྡུང་བའི་སྒྲ་སྔར་བཞིན་གྲགས། དཔལ་སྐྱིད་སྒོའི་ཕྱོགས་སུ་ཕྱིན།

ནང་། བར་འཁྱམ།

         དཔལ་སྐྱིད་ཀྱིས་སྒོ་ཕྱེ་ཞིང་། སྒོ་བར་ནས་ལུས་པོ་བསྲིངས་སྟེ།

         དཔལ་སྐྱིད། ག་རེ་བྱེད་དགོས་སམ།
         བཀྲ་ཤིས། ཁ་བཏགས་ཤིག་གཡར་རྒྱུ་ཡོད་དམ།
         དཔལ་སྐྱིད། མེད།

         སྒོ་གཏན། བཀྲ་ཤིས་དང་ཀུན་བཟང་སྒོ་ཁ་ནས་ལུས།

༣ ནང་། ཉལ་ཁང་གི་བར་འཁྱམས། ཉིན་གུང་།

           ཁོ་གཉིས་ཀྱི་རྡོག་སྒྲས་བར་འཁྱམ་གྱི་གློག་བཀར། སྒོ་ཁར་ཁ་བཏགས་བཀལ་ཡོད་པའི་ཉལ་ཁང་ཞིག་མཐོང་། བཀྲ་ཤིས་ཀྱིས་སྒོ་བརྡུང་།

          སྐྱེས་པ་ཞིག ༼ཕྱིའི་སྒྲ ༽  ནང་ལ་ཤོག

          ཁོ་གཉིས་ནང་ལ་ཕྱིན།

ནང་། ཉལ་ཁང་།

          ཚེ་རིང་རྐུབ་སྟེགས་ཤིག་དུ་བསྡད་ནས་ཁ་པར་གཏོང་བཞིན་ཡོད། ཁོས་ཁོ་གཉིས་ལ་སྡོད་ཅེས་པའི་བརྡ་བསྟན།

          བཀྲ་ཤིས། ཀུན་བཟང་།   ཨོ་ཡ། ཨོ་ཡ།
          ཚེ་རིང་། ཡོད། ང་ཚོས་ཀྱང་གྲ་སྒྲིག་བྱེད་ཀྱིན་ཡོད། གྲོགས་པོ་ཚོ་ཅ་ལག་རེ་ཉོ་བར་བུད་སོང་།

          དལ་ཅིག་ལ་ཉན་ཞིང་བསྡད། ཨོ་ཡ། དེ་ན་གནས་སྐབས་དེ་བྱ། སང་ཉིན་ཉི་མ་རྩེ་ཤར་ལ་ངས་ཁྱོད་ལ་ཁ་པར་བརྒྱབས་ནས་ལོ་སར་འཚམ་འདྲི་ཞུ་ཨ།
           ཁ་པར་སྒོ་གཏན་ཞིང་ཁོ་གཉིས་ལ་བལྟས་ནས་བསྡད། བཀྲ་ཤིས་ཀྱིས་ཅུང་དོགས་མི་བདེ་བའི་ངང་།

           བཀྲ་ཤིས།  ཁ་བཏགས་ཤིག་གཡར་རྒྱུ་མེད་དམ། ང་ཚོར་སྒོ་ཁར་འགེལ་རྒྱུའི་ཁ་བཏགས་ཤིག་ཀྱང་མི་འདུག
           ཚེ་རིང་།  ངོ་མ་ཐུགས་རྒྱལ་ཞིག་བཞེངས་མི་ཉན། ང་ཚོ་ལའང་སྒོ་ཁའི་ཁ་བཏགས་ཀན་མ་གཏོགས་མེད།
           བཀྲ་ཤིས།  ཀུན་བཟང་།  ཡ་ཡ། དེ་ན་ངེད་གཉིས་གཞན་ལ་གཡར་བར་འགྲོ། བདེ་མོ།
           ཚེ་རིང་།  ཡ་བདེ་མོ།

ནང་། ཉལ་ཁང་།

         བཀྲ་ཤིས་དང་ཀུན་བཟང་མལ་ཁྲིའི་སྟེང་བསྡད་ཡོད་ལ་མདུན་གྱི་མལ་ཁྲི་རུ་དབང་མཆོག་འབུམ་གྱིས་དུས་དེབ་ཅིག་བསློག་བཞིན་ཡོད།

         བཀྲ་ཤིས།  ཁ་བཏགས་ཤིག་གཡར་རྒྱུ་མེད་དམ།
         དབང་མཆོག་འབུམ།  དགའ་རོགས་ལ་སྟེར་དགོས་སམ། དེ་མེ་ཏོག་བཟང་རྒྱུ་རེད།ལྷག་པར་དུ་རྒྱ་སེ། ཁ་བཏགས་ཀྱིས་མི་འགུག་མི་ཐུབ།
        བཀྲ་ཤིས།  མ་རེད། ལོ་སར་སྐབས་སྒོ་ཀླད་ལ་འགེལ་དགོས་པ་རེད།
        དབང་མཆོག་འབུམ།  ཨོ། དེ་ན་མེད།

ནང་། ཉལ་ཁང་།

           བཀྲ་ཤིས་དང་ཀུན་བཟང་མལ་ཁྲིའི་སྟེང་དུ་བསྡད། འོན་ཀྱང་མལ་ཁྲིའི་བཀོད་པ་འགྱུར་ཡོད། མདུན་ཐད་དུ་དབང་འདུས་ཀྱིས་མེ་ལོང་ཞིག་ལ་བལྟས་ནས་སྨྲ་ར་བཏོགས་བཞིན་ཡོད།
          བཀྲ་ཤིས།  ཁ་བཏགས་ཤིག་གཡར་རྒྱུ་མེད་དམ།
          དབང་འདུས།  ཅི་བྱེད་དགོས་པ་རེད།
          བཀྲ་ཤིས། ལོ་སར་ལ་སྒོ་ཀླད་དུ་འགེལ་བསམ་པ་ཡིན།
          དབང་འདུས།  གལ་ཏེ་ཁྱོད་ཀྱིས་ཁུར་སི་མེ་སི་ལ་སྟོན་མོ་གཏོང་འདོད་པ་ཡིན་ན་ང་ལ་འགྱིག་གི་གསོམ་སྡོང་ཞིག་གཡར་རྒྱུ་ཡོད།
          བཀྲ་ཤིས།  ཐུགས་རྗེ་ཆེ། དེ་མི་དགོས།

ཕྱི། སློབ་གྲྭའི་ར་སྐོར། ཕྱི་དྲོ། 

          ཁོ་གཉིས་རྐུབ་སྟེགས་རིང་བོ་ཞིག་དུ་བསྡད་ཡོད་ལ། མི་མང་པོ་ཕར་ཚུར་འགྲོ་ལ་བྲེལ།

          ཀུན་བཟང་།  ད་རྙེད་རྒྱུ་མ་རེད། ཕྱིར་ལ་འགྲོའམ།
          བཀྲ་ཤིས།  སྒོ་ཁར་ཁ་བཏགས་ཤིག་ཀྱང་འདོགས་རྒྱུ་མེད་པར་ལོ་སར་ལ་སྙིང་བོ་མི་འདུག
          ཀུན་བཟང་།  ཨོ་ཡ། ཕ་ཡུལ་ན་ཡོད་དུས་ལོ་སར་གྱི་རྒྱ་དེ་འདྲ་ཆེ། སྡེ་བ་གང་བོས་མཉམ་པོར་ལོ་སར་དུས་ཉིན་རྒྱུན་ལྟད་མོ་འདྲ་མི་འདྲར་བལྟ་རྒྱུ་ཡོད།ལོ་ཆུང་དུས་ལོ་སར་ལ་རེ་སྒུག་བྱེད་རྒྱུ་ནི་ཕལ་ཆེར་ལོ་གང་བོའི་འགན་ཁུར་ཡིན།
          བཀྲ་ཤིས།  རེད། ལོ་སར་ངོ་མ་སྐྱིད། ང་ལོ་ཆུང་དུས་མཆོད་སྟེགས་སྟེང་གི་ཤིང་ཏོག་རྐུ་རྒྱུར་དགའ། དེ་ཤིང་ཏོག་གཞན་ལས་ཞིམ་སྣང་ཞིག་འདུག ངས་མཆོད་པའི་ཤིང་ཏོག་ཟོས་ཡོད་པ་ཨ་ཕས་ཤེས་སོང་ནའང་ལོ་སར་ཡིན་པས་གཅར་
མི་སྲིད།

          ཀུན་བཟང་འཛུམ་ཙམ་བྱས། མིག་གིས་ནམ་མཁར་བལྟས། ཁོ་གཉིས་དལ་ཅིག་ལ་ཁ་མ་གྲགས་པར་བསྡད། མི་དག་སྔར་བཞིན་དུ་ཁོ་གཉིས་གམ་ནས་ཕྱིན། ཀུན་བཟང་གིས་ཐག་རིང་གི་ཁང་བརྩེགས་ཉི་མ་བསྒྲིབས་ཡོད་པ་ལ་མིག་ཟིམ་ཟིམ་གྱིས་བལྟས་ཤིང་། དེ་ནས་ཡང་བཀྲ་ཤིས་ལ་བལྟས། བཀྲ་ཤིས་མགོ་བོ་སྨད་ཅིང་ལོ་མ་སྐམ་པོ་ཞིག་བསེད་ཀྱིན་ཡོད།

         ཀུན་བཟང་། ང་ལ་ཐབས་ཤེས་ཤིག་འདུག

         བཀྲ་ཤིས་ཀྱིས་ལོ་མ་བསེད་མཚམས་བཞག་མོད། མགོ་བོ་ཡར་མི་འདེགས་པར།

         ཀུན་བཟང་།  གྲྭ་ཚང་སྐྱབས་རྒྱུན་པར་གླུ་ལེན་པར་འགྲོ་བས་ཁོ་ལ་ཁ་བཏགས་ཡོད་སྲིད།
         བཀྲ་ཤིས།  བདེན་གིཁོ་གཉིས་ཡར་ལ་ལངས་ཤིང་རྒྱང་ལ་ཕྱིན། རྐུབ་སྟེགས་མདོག་དམར་སེར་ཅན་དེ་བརྙན་གྱི་སྔོན་ལ་ཤར།

ནང་། ཉལ་ཁང་།

         བཀྲ་ཤིས་དང་ཀུན་བཟང་མལ་ཁྲི་ཞིག་གི་སྟེང་དུ་བསྡད་ཡོད་ལ། ཁ་གཏད་རྐུབ་སྟེགས་ཤིག་གི་སྟེང་ན་གྲྭ་ཚང་གིས་དྲ་བའི་རྩེད་མོ་རྩེད་བཞིན་ཡོད། ཅུང་ཟད་རྗེས་ནས་ཁོ་ཁ་ཕྱིར་ལ་འཁོར།

         བཀྲ་ཤིས།  ཁ་བཏགས་ཤིག་གཡར་རྒྱུ་མེད་དམ། ལོ་སར་རྗེས་ནས་ཕྱིར་ལ་ཁྱེར་ཡོང་།
         གྲྭ་ཚང་།  མེད།
         ཀུན་བཟང་།   ཁྱོད་ཀྱིས་འཁྲབ་སྟོན་བྱེད་སྐབས་འཐེན་པའི་ཁ་བཏགས་དེ་ཚོ།
         གྲྭ་ཚང་།  དེ་ཚོ་ཚང་མ་ཆང་ཁང་གི་རེད། ཁོ་ཚོས་ཡང་བཙོངས་དགོས་པ་རེད།
         བཀྲ་ཤིས།  དེ་ན་ཁ་བཏགས་གཅིག་ཐེངས་མ་བཅུ་ཁ་ཞིག་ལ་བཙོངས་བཞིན་ཡོད་དམ།
         གྲྭ་ཚང་།  ཐེངས་མ་བརྒྱ་ལའང་བཙོངས་བཞིན་ཡོད།

         བཀྲ་ཤིས་ཀྱིས་ཀུན་བཟང་གི་ངོ་ལ་བལྟས།

         ཀུན་བཟང་།  ད་ལོ་འདི་ཁ་བཏགས་མེད་པར་སར་དགོས་རྒྱུ་རེད།
         བཀྲ་ཤིས།  དེ་ན་འུ་གཉིས་འགྲོ་རེད།

         ཁོ་གཉིས་ཡར་ལངས་ཤིང་ཕྱིན། གྲྭ་ཚང་གིས་ཁོ་གཉིས་སྒོ་ལ་བསྐྱལ་རྗེས་ཕྱིར་གློག་ཀླད་གམ་ལ་ཡོང་ནས་བསྡད། འོན་ཀྱང་རོལ་རྩེད་མ་བརྩེས། ཁོ་ཡར་ལངས་ཤིང་མལ་ཁྲིའི་འོག་ནས་སྒམ་ཤིག་བཏོན། སྒམ་ནང་ལ་གོན་གང་ཡོད། ཁོས་གོན་པ་དག་གི་གསེང་ནས་ཁ་བཏགས་རྙིང་ཧྲུལ་ཞིག་བཏོན་ཞིང་། སྟོད་ལ་སེར་བོ་ཞིག་གོན་ནས་སྒོ་ལ་བུད།

ཕྱི། སློབ་གྲྭའི་ར་སྐོར། ཕྱི་དྲོ།

         ཉི་མའི་འོག་དུ་གྲྭ་ཚང་གིས་ཁ་བཏགས་དེ་སྤྲུག་སྤྲུག་བྱས་ནས་ལྟེབ་བཞིན་ཡོད་ལ། ཁ་བཏགས་ཀྱི་འདབ་ཁ་རླུང་གིས་སྐྱོད། གླུ་དབྱངས་གྲགས།


                                                                                                                                                    ༢༠༡༡ལོའི་ཟླ༡༢པའི་ཚེས༡ཉིན་ཚར།
                                                                                                                                                    ༢༠༡༡ལོའི་ཟླ་༡༢པའི་ཚེས༣ཉིན་བཅོས།
                                                                                                                                                    ཚེས་བཞི་ཉིན་བསྐྱར་དུ་བཅོས།
 

དཔྱད་མཆན་ཡོད།