དཔལ་རྩལ། མེ་ལོང་དང་མཚོ་མོ།

                                                                       ༡

ནང་།  བཙོན་ཁང་། ཉིན་གུང་།

        གསར་བུ་སྤྱི་ཐེར་ཞིག་དོག་ཅིང་གྱང་ངོས་མི་གཙང་བའི་ཁང་བ་ཞིག་དུ་ཕར་ཚུར་འགྲོ་བཞིན་ཡོད་ལ། ཉི་ཐིག་ཅིག་ལྕགས་དྲའི་གསེབ་ནས་ཁང་བའི་མཐིལ་ལ་ཕོག་ཡོད། ཁོ་ཕར་ཕྱིན་ནས་སེན་མོ་རིང་བོས་གྱང་ངོས་ལ་ཨང་གི་གཅིག་ཞིག་བྲིས་ལ་དེ་ནས་ཕར་ཕྱིན་ནས་མལ་ཁྲིའི་ཁར་རྐུབ་སྟེགས་སུ་བཅོས་ནས་བསྡད། ཉི་ཐིག་ལྕགས་ཀྱི་དྲ་མིག་བརྒྱུད་ནས་ཁོའི་གདོང་ལ་ཕོག་པས། ཁོས་མིག་ཀྱང་འབྱེད་འཛུམ་མ་ཐུབ། ཁོས་མགོ་བོ་བཏེགས་ནས་ཉི་ཐིག་ལ་བལྟས་ཤིང་། ལག་པས་ཉི་ཐིག་གཡོས། ཡང་ཕར་ལ་ཕྱེས། ཡང་གཡོས། ༼གནས་བརྗེས༽

ནང་། ཟ་ཁང་། མཚན་མོ།

       གློག་ཏོག་སེར་བོའི་འོད་མདངས་ནི་དུད་སྨུག་ཅིག་གིས་བཏུམས་ཡོད་ལ། ཚང་མས་འུར་རྒྱག་པའི་སྐད་མགོ་ནི་གཅིག་ལས་གཅིག་མཐོ་ལ། ལ་ལས་ཀི་རིང་ཀྱང་འདེབས།
གསར་བུ་ཀ་བ།   ཨ་རོ་ཞི་ལུ། ཁྱོད་བཀའ་འགྱུར་རོང་མོ་འགུགས་པའི་ལྕགས་ཀྱུ་ཞིག་མ་རེད་ན།
       ཚང་མ་ཧབ་ཆ་དིར་རེར་སོང་ཞིང་། རོང་མོ་ཅུང་ངོ་ཚ་ནས་ཐབ་ཚང་དུ་བྲོས། གསར་བུ་ནི་སྐྲ་རིང་ཞིང་དངུལ་གྱི་་མཛུབ་དཀྲིས་ཞིག་གོན་ཡོད་ལ་མདུན་དུ་རྭ་ཙེ་དངུལ་ཤན་མ་ཞིག་བཞག་ཡོད།
གསར་བུ།   ཨུན། རོང་མོ་ཡིན་ན་ཅི་རེད། ཁྱོད་ཀྱི་ལག་ལ་ཡོང་ངམ།
གསར་བུ་ཁ་བ།   ཁྱོད་ཀྱི་ལག་ལ་ཡོང་ཡོད་གི་ཡ། ཤུ་རེམ་བྱོས་ཨ།
       ཚང་མ་ཧབ་ཆ་དིར་རེར་སོང་ཞིང་། ལ་ལས་གད་མོ་མ་བཟོད་པར་རྐང་སྡེབ་ཀྱང་བྱེད། ཤེལ་གྱི་ཕོར་བ་ཆག་པའི་སྒྲ་དེས་ཚང་མ་འཇམ་ཐིང་ངེར་སོང་ཞིང་། ཀུན་གྱིས་གསར་བུའི་ཕྱོགས་ལ་བལྟས། གསར་བུ་ཡར་ལངས་འདུག་ལ་ཕུ་ཐུང་སྐེད་པར་དཀྲུས།
གསར་བུ།  བུད་མེད་ཚོའི་སྐད་ཆས་ཅི་བྱེད། ངར་ན་གདོང་ལ་བུད་ཡ།   གསར་བུའི་མགོ་སྐོར་ཕྱུངས་ཞིང་། གསར་བུ་གཞན་པ་དེའི་ཐོག་ལ་བརྒྱུགས་ཤིང་། ཟ་ཁང་གང་བོ་རྙོག་འཛིང་དུ་གྱུར་ལ་གསར་བུ་ཚོའི་ངར་སྐད་དང་བདག་མོས་ཞུ་བ་འཐེན་པའི་སྒྲ་སོགས་གཅིག་རྗེས་གཉིས་མཐུད་དུ་གྲགས་འོང་། གློག་ཏོག་ནི་ཡམ་ཡོམ་གཡོ། མེ་ལོང་ལ་མགོ་སྐོར་བརྒྱབས་ནས་སིལ་བུར་འཐོར་སོང་ལ། ཡུད་ཙམ་རྗེས་སུ་གློག་ཏོག་ཀྱང་སིལ་བུར་བཅགས་པས་ཁང་བ་གང་བོ་ནག་ཐིང་ངེར་གྱུར། ༼གནས་བརྗེས༽

ནང་།  བཙོན་ཁང་། ཉིན་གུང་།
         གསར་བུས་མིག་ཁ་ནས་ལག་པ་བླངས། རྣ་ལམ་དུ་ད་དུང་ཟ་ཁང་གི་འུར་ཆོམ་འཁོར་ཡོང་། ཁོས་མིག་གིས་འབྱེད་འཛུམ་མེད་པར་མདུན་ལ་བལྟས་ཤིང་། ཉེན་བརྡ་ལྟ་བུའི་སྐད་ཅིག་རྣ་ལམ་དུ་འཁོར།༼གནས་བརྗེས༽

                                                                     ༢

ཕྱི། གཞི་རིམ་གྱི་གྲོང་ཚོ། ཕྱི་དྲོ།

           རྒྱང་རིང་ནས་ས་རྡུལ་ལང་ལོང་འཐིབ་བཞིན་སྦག་འཁོར་ཞིག་གློད་ཡོང་། ཐག་ཉེ་རུ་ཡོང་བ་དང་བསྟུན་ནས་ཉེན་བརྡ་ལྟ་བུའི་དུང་བརྡ་ཡང་ཆེ་རུ་ཕྱིན།གསར་བུའི་ཁ་མིག་ཚང་མ་གཅུད་ཡོད་ལ།བརྙན་རིས་མདུན་ཐད་དུ་སླེབས་དུས་ཙིག་སེར་བསྡད་ལ་ཡར་བལྟ་མར་བལྟ་ཞིག་བྱས་རྗེས་ཤར་སེར་གཡོན་ལ་དཀྱུས་ཤིང་གློད་སོང་། ལམ་ཁའི་བུད་མེད་དང་བྱིས་པ་འགའ་རེ་ལམ་མཐར་གཟུར་ལ་གསར་བུས་སྦག་འཁོར་ལ་གཤོག་འགྱུར་གློད་བཞིན་ཡལ་སོང་།
          གསར་བུ་ལམ་ཁ་ནས་བུད་ཅིང་། ཕར་ཟ་ཁང་ཞིག་གི་སྒོ་ལ་དཀྱོགས། ཟ་ཁང་སྒོ་ན་སྦག་འཁོར་ཁ་ཤས་བཞག་ཡོད་ལ། སྒེའུ་ཁུང་ངོས་སུ་དཔྱངས་ཡོད་པའི་སྒྲ་སྐྱེད་ལས་རྡུང་ལེན་ཞིག་གྲགས་འོང་། ཁོ་རང་སྦག་འཁོར་ལས་བབས་རྗེས་ཤར་སེར་ཟ་ཁང་དུ་འཛུལ།

ནང་། ཟ་ཁང་། ཕྱི་དྲོ།
            སྒོ་ཡོལ་བཀྱགས་ནས་ནང་ལ་འཛུལ་དུས་མདུན་ཐད་ན་བུ་མོ་ཞིག་གིས་ཁ་ཡར་འཁོར་ནས་མེ་ལོང་ལ་བལྟས་ཡོད་པ་མཐོང་། བུ་མོས་ཀྱང་མེ་ལོང་ལས་གསར་བུ་མཐོང་བས་མགྱོགས་པོར་ཕྱིར་མིག་ཅིག་འཕངས་ཤིང་། རེམ་པར་ཡར་ལངས། གསར་བུ་ཐག་ཉེ་སའི་རྐུབ་སྟེགས་ཤིག་ནས་བསྡད།
བུ་མོ།    ཅི་ཞིག་འཐུང་རྒྱུ།
གསར་བུ།    ཐོག་མར་ཇ་ཞིག་བླུགས་དང་།
བུ་མོ།    འོ་ཡ།
          ཟ་ཁང་ནང་ན་མི་མང་རྒྱུ་མེད་ལ། ཁ་ཤས་ཤིག་གིས་ཉེ་བའི་དུས་ཀྱི་རྟ་རྒྱུགས་འགྲན་སྡུར་དེའི་སྐོར་གླེང་བཞིན་འདུག ད་དུང་གསར་བུ་ཞིག་གིས་རང་གི་ཁ་པར་གློངས་བཞིན་ཡོད་ལ། སྐབས་ཤིག་ལ་ཁོས་ཁ་བུ་མོར་འཁོར་ནས།
གསར་བུ་ག་བ།    ཨ་རོ། རོང་མོ། ཁྱོད་སློབ་གྲྭར་སོང་མྱོང་བ་བདེན་ནམ།
བུ་མོ།    ཇ་བླུགས་ཡོད་པའི་ཤེལ་ཕོར་གསར་བུའི་མདུན་ལ་འཇོག་ཞོར། ཁ་ཕྱིར་གསར་བུ་འགའ་བར་འཁོར་ནས།   ཡིན།
གསར་བུ་ག་བ།    ཨོ། དེ་ན་ངའི་ཁ་པར་ནང་གི་གླུ་ཚོ་མི་རྙེད་པ་ཅི་རེད་ཅིག་ལྟོས་དང་།
         བུ་མོས་ཁ་པར་ཚུར་བླངས་ཤིང་།སྔར་གྱི་འདུག་སར་བསྡད་ནས་ཁ་པར་གློངས། གསར་བུ་བུ་མོའི་ངོ་ལ་ཧད་ཅིང་བསྡད། བུ་མོས་ཀྱང་ཁ་པར་གློངས་བཞིན། མིག་ཟུར་གྱིས་གསར་བུར་བལྟས་པར་གཉིས་ཀའི་མིག་མདའ་འཕྲད་པས་རེམ་པར་བསྡོགས། ཡུད་ཙམ་འགོར་རྗེས། ཁ་པར་གསར་བུ་ག་བར་སྤྲོད་བཞིན།
བུ་མོ།   ད་ལྟོས་དང་།  ཚང་མ་ཡོད།
         གསར་བུས་ཁ་པར་གློངས་པས་གླུ་དག་རེ་རེ་བཞིན་གྲགས་འོང་ལ། འགོ་རེ་གྲགས་ནས་མཚམས་ཆད་འགྲོ།
གསར་བུ་ག་བ།    བདེན་གི་ཡ། ཚང་མ་ཡོད་ཁི།
         ཁོས་དེ་ལྟར་ལ་གཞས་ཤིག་གྲགས་སུ་བཅུག་པས་མཚམས་ཤིག་ལ་ལ་གཞས་སྙན་ཞིག་གྲགས་འོང་།
གསར་བུ་ང་བ།    དེ་གྲགས་སུ་ཆུགས་དང་། ལ་གཞས་དེ།
         ཁོས་ཁ་པར་ལས་ལ་གཞས་དེ་གྲགས་སུ་བཅུགས་ཤིང་། ཅོག་ཙེའི་ཐོག་ལ་བཞག་ནས་རྒྱབ་ལ་དགྱེ་ཞིང་བསྡད།གསར་བུ་ནང་ལ་ཅུང་སྣུར་ཞིང་ཉན། གཞན་ཚང་མས་སྐད་ཆའི་མཚམས་ཆད་ནས་ཁ་ཚུར་འཁོར་ཏེ་ལ་གཞས་ལ་ཉན། བུ་མོས་ཀྱང་འབྱིད་མཚམས་ཆད། ཟ་ཁང་བདག་མོས་སྙན་འཕྲིན་སྒོ་གཏན་པས་ཁང་བ་གང་བོར་ལ་གཞས་ཀྱི་སྒྲ་ལས་མེད།༼གནས་བརྗེས༽

ནང་། ཉིན་གུང་། བཙོན་ཁང་།
          གསར་བུས་ལ་གཞས་ཀྱི་འགྱུར་ཁུག་དེ་ངག་ལ་དྲངས་ཤིང་། ཕར་མལ་ས་ལ་འདྲེ་ནས་ལྷོད་པོར་བསྡད། ༼གནས་བརྗེས༽

ནང་།  ཕྱི་དྲོ། ཟ་ཁང་།
           ལ་གཞས་མཇུག་སྒྲིལ་ལ་ཚང་མས་བསྟོད་ར་འཐེན།
རྒན་པོ་ཀ་བ།   ལ་གཞས་ལ་ཉན་ནས་འདུག་ཚད་མ་རེད། ངས་ལུག་ཚོ་རུ་རྒྱག་བྱས་ཡོད།   བྲང་གི་གློ་ཁུག་གློངས་བཞིན།    ལོ་པན། སྒོར་མོ་དུ་རེད།
སྦྱིན་བདག་མ།   པང་ཁེབས་ཀྱིས་ལག་པ་འབྱིན་བཞིན་ཚུར་འོང་།   ཁྱོད་གཅིག་པོ་ཡིན་ནམ།
རྒན་པོ་ཀ་བ།   ངེད་ཚོ་བཞི་བོ།   གསར་བུ་ཚོ།   སྔ་གཞུག་རྩོད་བཞིན།   དེ་མི་དགོས། དེ་ག་ལ་དགོས།
སྦྱིན་བདག་མ།   ལྔ་བཅུ་རེད།
         རྒན་པོས་གསར་བུ་ཚོས་བཀག་པར་མ་འཛེམ་པར་སྒོར་མོ་སྤྲད་ཅིང་། ཁོ་ཚོ་ཚང་མ་ཕྱི་ལ་བུད།
གསར་བུ་ག་བ།    ད་ང་ཡང་འགྲོ་ནི།
         ཤུལ་ཏུ་གསར་བུ་དང་སྦྱིན་བདག་མ།རོང་མོ་གསུམ་ལས་མ་ལྷག སྦྱིན་བདག་མས་རོང་མོ་ལ་གསར་བུ་སྟོན་བཞིན་ཀུ་རེའི་བརྡ་བསྟན་ལ་རོང་མོ་ངོ་ཚ་ནས་མགོ་བོ་སྨད། གསར་བུ་ཡང་དོག་མི་བདེ་བར་བྱས་པས། རྣ་གླུ་གསལ་མི་གསལ་ཞིག་གཏོང་བཞིན་སེན་མོས་མདུན་ཅོག་སྟེང་ཅི་ཞིག་བྲིས་ཏེ་བསྡད།༼གནས་བརྗེས༽

ནང་། ཉིན་གུང་། བཙོན་ཁང་།
          གསར་བུ་སྔར་བཞིན་མལ་ས་རུ་ཡོད་ལ། མིག་གིས་གྱང་ངོར་ཅེར་ཞིང་གདོང་ལ་འཛུམ་ཞིག་ཤར། རྣ་གླུ་ད་དུང་ཟ་ཟི་ཞིག་གཏོང་བཞིན་ཡོད། ༼གནས་བརྗེས༽

ནང་།  ཟ་ཁང་། ཉི་ནུབ།
          སྦྱིན་བདག་མ།   ཞི་མོ། ཁྱོད་ཙོང་ཞིག་ཉོ་རུ་སོང་། ཙོང་མང་པོ་མི་འདུག
བུ་མོ།   ཨོ་ཡ།   པང་ཁེབས་ཕུད་ཅིང་།མགོ་དཀྲིས་ཤིག་དཀྲིས་ནས་ལམ་ལ་ཆས་གྲབས་བྱས།
སྦྱིན་བདག་མ།   ཁྱོད་རྐང་ཐང་ལ་འགྲོའམ།    བུ་མོ་ཁ་ཕྱིར་འཁོར་ཞིང་སྦྱིན་བདག་མའི་ཕྱོགས་ལ་བལྟས།
གསར་བུ།   རྟབ་རྟབ་པོར་ཡར་ལངས་ནས།   ང་ལ་སྦག་འཁོར་ཡོད།  ངས་རོགས་བྱ།
སྦྱིན་བདག་མ།   འཛུམ་བཞིན།   དེ་ད་བཟང་གི།  བཀའ་དྲིན་ཆེ་ཨ།   སྦྱིན་བདག་མས་བུ་མོ་ལ་མིག་ཟུར་ཞིག་འཕངས། གདོང་ལ་འཛུམ་ཐོན། བུ་མོ་ངོ་ཚ་ནས་སྒོ་ལ་བུད།

ཕྱི། ཟ་ཁང་སྒོ། ཉི་ནུབ།
         བུ་མོ་སྔོན་ལ་སྒོ་རུ་བུད་ཅིང་།སྦག་འཁོར་གྱི་གམ་ནས་ལངས་ཤིང་བསྡད། གསར་བུས་ཕུ་ཐུང་གོན་ཞིང་རྗེས་ནས་ཡོང་སྟེ། སྦག་འཁོར་ཞོན་ཞིང་མེ་ཁ་གསོས། བུ་མོ་འཕོངས་ལ་བུད་ནས་ལམ་ལ་ཆས།   སྦག་འཁོར་གྱི་མེ་ལོང་ལས་གསར་བུའི་གདོང་མངོན། མགོ་དཀྲིས་གོན་པའི་བུ་མོའི་གདོང་། དེ་གཉིས་རིང་དུ་ཕྱིན་པའི་རྒྱབ་གཟུགས།   མདུན་ནས་སྒོ་ཡིག་ལ་སྔོ་ཚོད་ཚོང་ཁང་ཞེས་པས་སྒོ་ཆུང་ཆུང་ཞིག་མཐོང་།
བུ་མོ།    གན་རེད། གན་ཚང་རེད།
           གསར་བུས་འཁོར་ཁ་དེ་ཕྱོགས་སུ་མ་དཀྱུས་པར་མདུན་དུ་ཕྱིན།

                                                                     ༣

ནང་།  ཉིན་གུང་། བཙོན་ཁང་།
           གསར་བུ་མལ་ས་ནས་དགྱེ་སྟེ་གད་མོ་ཞིག་བགད་ཅིང་། རང་གི་བརླ་ལ་ཐལ་ལྕག་ཚ་ཐག་ཆོད་པ་ཞིག་གཞུས།༼གནས་བརྗེས༽

ཕྱི། ཉི་ནུབ། མཚོ་ཁ།
           གསར་བུས་སྦག་འཁོར་བསྡད།
གསར་བུ།    ཡ་བོབས་དང་། མལ་ཞིག་བསྲོ།
བུ་མོ།    འདི་ལྟར་འགོར་སོང་ན་སྦྱིན་བདག་མས་སྡིག་ངེད་རེད།
གསར་བུ།    ས་འདི་ངོ་མ་སྐྱིད་པོ་ཞིག་ཡིན། ཆུང་དུས་རྒྱུན་པར་འདི་ནས་ཆུ་རྐྱལ་རྩེད་             མྱོང་། སྔོན་ཆད་ད་དུང་འདི་ན་ཆུ་བྱ་མང་པོ་ཡོད།
བུ་མོ།    ངོ་མ་སྐྱིད་ས་ཞིག་རེད། ངའི་ཕ་ཡུལ་ན་འང་མཚོ་འདི་འདྲ་ཞིག་ཡོད། ཕལ་ཆེར་འདི་ལས་ཆེ་ཡིན། དབྱར་དགུན་གང་ཡིན་རུང་ཤིན་ཏུ་སྐྱིད།
གསར་བུ།   ད་ལྟ་འདི་ངའི་ཕ་ཡུལ་མིན།    བུ་མོའི་གདོང་།
བུ་མོ།   དེ་ཅིའི་ཕྱིར་ཡིན་ནམ།
གསར་བུ།   ལོ་ཁ་ཤས་གོང་ལ་ང་ཚོའི་སྡེ་བའི་ནང་མ་མཐུན་པས་སྐོར་ཞིག་ས་གཞན་དུ་མ་སྤར་ཐབས་མེད་བྱུང་བ་རེད།
བུ་མོ།   དེ་ན་ཁྱོད་འདི་ལྟར་མི་རྐྱང་རྟ་རྐྱང་ལ་ཡོང་ན་ཉེན་ཁ་ཆེན་པོ་འདུག
གསར་བུ།    འདི་ལ་ཐབས་ཅི་ཡོད་དམ། ངས་མཚོ་འདི་དྲན་དུས་མ་ཡོང་ཐབས་མི་འདུག   གཉིས་ཀས་སྨྲ་བ་ཆད་ཅིང་། ཁ་རོག་གེར་མཚོ་ཁ་བརྒྱུད་ནས་སོང་།
གསར་བུ།   ཁྱོས་འདི་རིག་དུས་ཕ་ཡུལ་གྱི་མཚོ་དེ་ཨེ་དྲན་གི
བུ་མོ།   ལོས་དྲན། ངས་རྒྱུན་པར་རྨི་ལམ་ལ་རྨི་གི
གསར་བུ།   དེ་ན་ཁྱོད་ནམ་ཞིག་ལ་ཕ་ཡུལ་དུ་འགྲོ་རྒྱུ།
བུ་མོ།   ང་ལྷ་སར་འགྲོ་རྒྱུ།
གསར་བུ།   ཅི་ཞིག་ལ།
བུ་མོ།    ཇོ་བོ་རིན་པོ་ཆེར་ཞུ་རྒྱུ་ཞིག་ཡོད།
གསར་བུ།   དེ་ན་ངས་ཁྱོད་ལ་རོགས་བྱ།འུ་གཉིས་འགྲོ།
བུ་མོ།    མི་དགོས། ཕ་ཡུལ་ནས་སྡོད་དང་། དེའི་ཡན་གི་སྐྱིད་ཅིག་གང་ན་ཡོད།
གསར་བུ།   དེ་ན་ཁྱོད་ཕ་ཡུལ་ནས་མི་འདུག་པར་ས་མཐར་སྡོམ་ནས་ཅི་བྱ།
བུ་མོ།   མི་སུ་ཞིག་ཡིན་རུང་རང་བསམ་གི་རང་གི་ཕ་ཡུལ་དང་ཁ་ཁ་བྱེད་འདོད་མཁན་ཡོད་ནི་མ་རེད།
        བུ་མོས་ཤུགས་རིང་ཞིག་འཐེན་ལ་མགོ་བོ་སྨད། གསར་བུས་ཀྱང་ཅི་ཡང་མི་བཤད་པར་ཁ་རོག་གེར་ཁོ་གཉིས་མཚོ་ཁ་བརྒྱུད་ཅིང་སོང་།༼གནས་བརྗེས༽

ནང་། ཉིན་གུང་། བཙོན་ཁང་།
        གསར་བུ་མལ་ས་ནས་མགོ་བོ་སྨད་ལ་ཤུགས་རིང་ཞིག་ཕྱུངས། རོལ་དབྱངས་དལ་མོར་གྲགས༼གནས་བརྗེས༽

ཕྱི། མཚོ་ཁ། ཉི་ནུབ།
        ཁོ་གཉིས་མཚོ་ཁ་བརྒྱུད་ནས་ཕར་ལ་སོང་ཞིང་། མཚོ་མོ་ནི་ལྷིང་འཇགས་སེ། གཉེར་མ་དག་ལ་ནི་གསེར་རིས་འཁྱུག
གསར་བུ།   ཐེངས་ཤིག་མཚོ་ཁ་ནས་རྫི་བོ་བྱེད་དུས། ངས་ངང་བའི་སྒོ་ང་གཉིས་རྙེད་སོང་། བལྟས་ན་སྙིང་རྗེ་མོ་ཞིག་ཡིན་པས་ཕྱིར་ཁྱིམ་ལ་ཁྱེར་ནས་ཨ་མར་བསྟན་པ་ཡིན། ཨ་མས་ཁྱོད་ཀྱིས་འདི་ལྟར་སྒོ་ང་ཁྱེར་ཡོང་ན་ངང་མ་སྙིང་རྗེ་ཟེར་ཞིང་། ང་ལ་རྡུང་གྲབས་བྱས་བྱུང་བས་ང་རང་བྲོས་པ་ཡིན། ཕྱིར་བལྟས་ཞིག་བྱས་དུས། ཨ་མས་སྔར་བཞིན་བདའ་ཡོང་བས་ཤེད་ཤུགས་ཡོད་རྒུས་བརྒྱུགས་པ་ཡིན། དུས་ཡུན་རིང་བོ་ཞིག་འགོར་རྗེས་ཕྱིར་བལྟས་ཞིག་བྱས་དུས། ཨ་མ་རིག་ས་ན་མི་འདུག་ལ། ལག་ནང་གི་སྒོ་ང་གཉིས་ཀ་སྔ་མོ་ནས་ཆག་ནས་སྒོང་སྤྲི་ཙམ་དང་སྒོང་ཤུན་ཙམ་ལས་ལྷག་མི་འདུག་པས། ང་རང་ས་དེ་ནས་བསྡད་དེ་ཕྱི་དྲོ་ཞིག་ལ་ངུས་པ་ཡིན།    བུ་མོས་འཛུམ་གྲོལ་ལ།
བུ་མོ།   ངང་མ་དེ་སྙིང་རྗེ།
གསར་བུ།   ཨོ་ཡ།
བུ་མོ།   སྔོན་ཆད་ང་ཚོའི་སྡེ་བ་རུའང་ངེད་ཚོ་ལ་རྩེད་གྲོགས་མ་རབས་ཤིག་ཡོད། ཁོས་སྡེ་བའི་ནང་གི་ཕྲུ་གུ་ཚང་མ་དབང་དུ་བསྡུས་ཡོད་ལ། ནམ་ཡིན་རུང་ང་ཚོ་ལ་བྱེའུ་སྒོང་གཅིར་གི་འཇུག གལ་ཏེ་མ་གཅིར་ན་རྡུང་ངེས་པས་མི་གཅིར་ཕོད་མཁན་མེད། ང་དང་བུ་མོ་ཁ་ཤས་ཤིག་གིས་རྒྱུན་དུ་མིག་བཙུམས་ཤིང་ངུ་ཞོར་དུ་བྱིས་སྒོང་གཅིར་བ་ཡིན་ལ་བྱེའུ་སྒོང་ལག་ནང་ནས་ཚག་སེར་སོང་དུས་ཁོ་བགད་ནས་ས་ལ་འདྲིལ་བར་བྱེད།   གསར་བུ་ཡང་གད་མོ་ཤོར།
བུ་མོ།   ཁྱོད་ཀྱིས་དེ་ལྟར་མ་རབས་བྱེད་ཨེ་མྱོང་།
གསར་བུ།   མ་མྱོང་། ཅི་ལ་མྱོང་། ང་ནི་སྡེ་བའི་ནང་གི་བྱིས་པ་གཡུང་མོའི་གྲས་ཡིན།   བུ་མོ།

ནང་། ཟ་ཁང་། ས་རུབ་རྗེས།

         གསར་བུ་སྔོན་ལ་འཛུལ་འོང་ཞིང་། སྔར་གྱིས་འདུག་དེར་བསྡད་ལ། བུ་མོ་རྗེས་ནས་འཛུལ་འོང་སྟེ། ཙོང་ཆག་པ་ཞིག་ཁྱེར་ནས་ཐབ་ཚང་ལ་འཛུལ་སོང་།
སྦྱིན་བདག་མ།    ཁྱོད་གཉིས་འགོར་ཐལ་ཡ། ངས་ཁྱོད་གཉིས་ཕྱིར་ལ་ཡོང་རྒྱུ་མ་རེད་སྙམ་བྱུང་།  བུ་མོ་ངོ་ཅུང་ཚ་བས་སྐད་ཆ་ཅི་ཡང་མ་བཤད་ལ། གསར་བུར་ཇ་ཕོར་བ་གང་སྤྲད།   གསར་བུ་ཁ་ཤས་ཀྱིས་གསར་བུར་བལྟས་ཤིང་། ལྐོག་ཤུབ་ཀྱིས་མང་པོ་ཞིག་བཤད་ལ།
གསར་བུ་ཀ་པ།   ཁྱོད་དེ་འདྲ་བྲེལ་ནས་ཅི་བྱ། སང་ལོ་ད་མཚམས་བེའུ་སྨུག་ཤིང་ངེ་ཞིག་ཡོད་ངེས།
གསར་བུ་ཁ་པ།   ཨོ་ཡ། གན་རུ་བའི་ཟོག་རྒྱུད་བཟང་ནི་རེད།
        ཟ་ཁང་གང་བོ་གད་མོ་ཐག་གེར་སོང་ལ། གསར་བུ་སྤོ་ལངས་ནས་གདོང་ཡོངས་ནག་རོག་གེར་གྱུར།
གསར་བུ་ཀ་བ།    ཨ་རོ་ཞི་ལུ། ཁྱོད་བཀའ་འགྱུར་རོང་མོ་འགུགས་པའི་ལྕགས་ཀྱུ་ཞིག་མ་རེད་ན།
        ཚང་མ་ཧབ་ཆ་དིར་རེར་སོང་ཞིང་། རོང་མོ་ཅུང་ངོ་ཚ་ནས་ཐབ་ཚང་དུ་བྲོས། གསར་བུ་ནི་སྐྲ་རིང་ཞིང་དངུལ་གྱི་མཛུབ་དཀྲིས་ཞིག་གོན་ཡོད་ལ་མདུན་དུ་རྭ་ཙེ་དངུལ་ཤན་མ་ཞིག་བཞག་ཡོད།
གསར་བུ།   ཨུན། རོང་མོ་ཡིན་ན་ཅི་རེད། ཁྱོད་ཀྱི་ལག་ལ་ཡོང་ངམ།
གསར་བུ་ཁ་བ།   ཁྱོད་ཀྱི་ལག་ལ་ཡོང་ཡོད་གི་ཡ། ཤུ་རེམ་བྱོས་ཨ།
        ཚང་མ་ཧབ་ཆ་དིར་རེར་སོང་ཞིང་། ལ་ལས་གད་མོ་མ་བཟོད་པར་རྐང་སྡེབ་ཀྱང་བྱེད། ཤེལ་གྱི་ཕོར་བ་ཆག་པའི་སྒྲ་དེས་ཚང་མ་འཇམ་ཐིང་ངེར་སོང་ཞིང་། ཀུན་གྱིས་གསར་བུའི་ཕྱོགས་ལ་བལྟས། གསར་བུ་ཡར་ལངས་འདུག་ལ་ཕུ་ཐུང་སྐེད་པར་དཀྲིས།   

གསར་བུ།    བུད་མེད་ཚོའི་སྐད་ཆས་ཅི་བྱེད། ངར་ན་གདོང་ལ་བུད་ཡ།
         གསར་བུས་མགོ་སྐོར་ཕྱུངས་ཞིང་། གསར་བུ་གཞན་པ་དེའི་ཐོག་ལ་བརྒྱུགས་ཤིང་། ཟ་ཁང་གང་བོ་རྙོག་འཛིང་དུ་གྱུར་ལ་གསར་བུ་ཚོའི་ངར་སྐད་དང་བདག་མོས་ཞུ་བ་འཐེན་པའི་སྒྲ་སོགས་གཅིག་རྗེས་གཉིས་མཐུད་དུ་གྲགས་འོང་། གློག་ཏོག་ནི་ཡམ་ཡོམ་གཡོ། མེ་ལོང་ལ་མགོ་སྐོར་བརྒྱབས་ནས་སིལ་བུར་འཐོར་སོང་ལ། ཡུད་ཙམ་རྗེས་སུ་གློག་ཏོག་ཀྱང་སིལ་བུར་བཅགས་པས་ཁང་བ་གང་བོ་ནག་ཐིང་ངེར་གྱུར།

                                                                       ༤
ནང་།  བཙོན་ཁང་། ཉིན་གུང་།
         སྒོ་ཁྲོགས་སེར་ཕྱེ་ཞིང་། ཉེན་རྟོག་པ་ཞིག་ནང་ལ་འཛུལ་ཡོང་།
ཉེན་རྟོག་པ།   འགྲོ    གསར་བུ་ཡར་ལ་ལངས་ཤིང་ཉེན་རྟོག་པའི་རྗེས་སུ་འབྲངས།

ནང་། ཉེན་རྟོག་པའི་གཞུང་ལས་ཁང་། ཉིན་གུང་ཡོལ།
ཉེན་རྟོག་པ།   ཟླ་གསུམ་དུས་ཡུན་ཐུང་ཐུང་རེད། གལ་ཏེ་རྗེས་སུ་ཡང་དོན་འདི་འདྲ་བ་བྱུང་སོང་ན་ཉེས་པ་འདིའི་ལྗིད་ཡིན་ནི་རེད། གོ་སོང་ངམ།
གསར་བུ།   གོ་སོང་།
ཉེན་རྟོག་པ།   གན་ཁྱོད་ཀྱི་ཅ་ལག་རེད། འདི་ཁྱོད་ཀྱི་སྦག་སྦག་གི་ལྡེ་མིག་རེད། ཡ་མིང་ཕྲིས།
        གསར་བུས་མིང་འབྲི་སའི་ས་སྟོང་དུ་གོར་ཐིག་གཉིས་བྲིས།

ཕྱི།  ཟ་ཁང་གི་སྒོ། ཉིན་གུང་།
       གསར་བུས་བོད་ལྭ་ཡིས་མགོ་བཏུམས་ཤིང་སྦག་འཁོར་ལས་བབས། སྦག་འཁོར་གྱི་ག་ས་གང་དུ་ས་རྡུལ་བབས་ཡོད་ལ། མེ་ལོང་གཅིག་པོའང་བཅག་ནས་ནག་བུག་གེར་ཡོད། གསར་བུ་ཟ་ཁང་གི་སྒོ་ཕྱོགས་སུ་ཕྱིན།
ནང་། ཟ་ཁང་། ཉིན་གུང་།
        ནང་ན་མི་མེད་ཅིང་། སྦྱིན་བདག་མ་མདུན་ཅོག་ལ་ཁེན་ནས་གཉིད་ཡོད། གསར་བུ་ནང་ལ་འཛུལ་མ་ཐག་སྦྱིན་བདག་མས་མགོ་བོ་བཏེགས་ཤིང་། ཁོའི་ངོ་ལ་ཧད་དེ་བསྡད།
གསར་བུ།   བུ་མོ་དེ།   

སྦྱིན་བདག་མས་ད་གཟོད་ཧ་གོ
སྦྱིན་བདག་མ།   ཨོ་ཁྱོད་ཡིན་ནམ། དོན་དག་བྱུང་བའི་ཉིན་གསུམ་པར་མོ་ཉེན་རྟོག་ཁང་དུ་ཁྱོད་ལ་བལྟ་རུ་བུད་སོང་། 

གསར་བུའི་གདོང་།
སྦྱིན་བདག་མ།   ཕྱིར་ཡོང་ནས་ཉི་མ་ཁ་ཤས་བསྡད་རྗེས། ལྷ་སར་འགྲོ་རྒྱུ་ཟེར་གི། གལ་ཏེ་ཁྱོད་ཕྱིར་ལ་ཡོང་ན་ཕ་ཡུལ་ལ་མ་སོང་གོང་མཚོ་ཁར་ཐེངས་གཅིག་འགྲོ་རྒྱུ་མ་བརྗེད་ཟེར་གི
          གསར་བུས་ཁང་བའི་ནང་ལ་མིག་གིས་ཅིག་བཤེར་དུས། མེ་ལོང་གི་ཆག་འཕྲོ་ད་དུང་སྔར་གྱི་ཤུལ་ན་ཡོད་པ་མཐོང་། ཁོ་ཐད་ཀར་སོང་ཞིང་མེ་ལོང་གི་ཆག་འཕྲོ་བླངས་ནས།
གསར་བུ།   འདི་ང་ལ་དགོས་གི།
         འགྲོ་ཞོར་དུ་མདུན་ཅོག་སྟེང་གི་སྦྱར་ཤོག་དེའང་ཁྱེར་ནས་སྒོ་ལ་བུད། སྦྱིན་བདག་སྔར་གནས་ན་ཡར་ལངས་ཡོད་ལ་ཅིག་བཤད་པར་འདོད་མོད་ཅི་ཡང་མ་བཤད།

ཕྱི། ཟ་ཁང་གི་སྒོ། ཉིན་གུང།
          ཁོ་ཐད་གར་སྦག་འཁོར་གམ་ལ་ཕྱིན་ཅིང་། མེ་ལོང་ཆག་འཕྲོ་དེ་སྦག་འཁོར་གྱི་མེ་ལོང་གི་ཤུལ་ལ་སྦྱར་ཞིང་། བོད་ལྭ་ཡི་ཕུ་ཐུང་གུས་སྦག་འཁོར་ངོས་ཀྱི་ས་རྡུལ་དག་སྤྲུགས། སྦག་འཁོར་ཞོན་ནས་ལམ་ལ་བུད།

ཕྱི། མཚོ་ཁ། ཕྱི་དྲོ།
          ཁོས་མེ་ལོང་གི་ཆག་འཕྲོ་སྦྱར་བའི་སྦག་འཁོར་བསྐོར་ཞིང་མཚོ་ཁར་གཟས་ནས་སོང་། ཉི་མ་ནི་ནུབ་ལ་ཉེ་ཞིང་། མཚོ་ངོས་ཚང་མར་ཉི་མས་འོད་མདངས་ཕོག་པས་སེར་ལམ་མེར་མཛེས། 

རྫོགས་སོ།
༼  ལས་ཀ་བའི་མིང་ཐོ་ཤར།  ༽


༢༠༡༡ལོའི་ཟླ་ལྔ་བར་ཐོག་མར་འགྲུབ།
 ༢༠༡༡ལོའི་ཟླ་དྲུག་པའི་ཚེས༡༩ཉིན་བར་དུ་བཅོས།
 

འཁྲབ་གཞུང་འདི་ད་སྔ་ཡན་ལ་ཕྱི་རུ་བཀྲམས་མྱོང་མེད་པས། རྩོམ་པ་པོའི་ཆོག་མཆན་མེད་པར་ཚོགས་པ་དང་མི་སྒེར་གང་གིས་ཀྱང་སྤྱད་མི་ཆོག

དཔྱད་མཆན་ཡོད།