གཞི་རིམ།

     


       གློག་བརྙན་ཐུང་ངུ་འདི་ལས་བོད་ཀྱི་ན་གཞོན་སློབ་ཆེན་པ་ཞིག་སློབ་མཐར་ཕྱིན་རྗེས་གཞི་རིམ་དུ་ལས་བགོས་བྱས་ཏེ་ཡོང་བའི་དུས་ཀྱི་གཞི་རིམ་གྱི་དངོས་མཐོང་གནས་ཚུལ་ཁ་ཤས་མཐོང་བའི་སེམས་ཀྱི་ཚོར་འདུ་དང་གཞི་རིམ་ན་ཉི་མ་འཁྱོལ་ཐབས་ཙམ་ལ་རེ་བའི་ལས་བྱེད་མི་སྣ་དག་གི་གཡོ་ཟོལ་ཀྱི་ཟུར་ངོས་རེ་རེ་ལ་སུན་པོ་བྱུང་བའི་གཏམ་རྒྱུད་གཞིར་བཟུང་ནས་བརྗོད་ཡོད་དོ།།

      མི་སྣ།
       ན་གཞོན་སློབ་ཆེན་པ། དཔལ་ལྡན།
       ཁོའི་ལས་གྲོགས། མཚོ་མོ། འཛོམས་སྐྱིད། སྐལ་བཟང་འབུམ། ནོར་བུ་གྲགས་པ། ཡི་དམ། མང་ཚོགས་འགའ།


པར་མིག:ཐག་རིང་ནས་ལྷིང་འཇགས་ཀྱི་གཞི་རིམ་འཆར་བ་དང་དེ་ནས་དཔལ་ལྡན་ཞང་མི་དམངས་སྲིད་གཞུང་གི་སྒོ་ཁ་ནས་རླངས་འཁོར་ཞིག་ཏུ་བབ་རྗེས་རང་གི་ཅ་ལག་སོགས་ཁུར་བཞིན་ནང་དུ་ཆས་ཀྱིན་པ།
པར་མིག:ཞང་ཀྲང་གི་གཞུང་སྒྲུབ་ཁང་གི་སྒོ།
དཔལ་ལྡན་གྱིས་ཐྲིག་ཐྲིག་གིས་སྒོ་བརྡུང་བ།
ཞང།   ནང་ང་ཤོག
དཔལ་ལྡན་གྱིས་སྒོ་ཕྱེ་མ་ཐག་ནང་དུ་མང་ཚོགས་འགའ་དང་ཞང་ཀྲང་གིས་ཁ་བརྡ་བྱེད་བཞིན་པ།  སྐབས་དེར་ཞང་ཀྲང་གཟས་ནས་སོང་ཏེ། ཚེ་ཞང་ཀྲང་། ང་ནི་རྫོང་ནས་ཁྱོད་ཚོ་ཕྱུག་ར་ཞང་ལ་ལས་བགོས་བྱས་པའི་མི་ཡིན། འདེ། འདི་ངའི་ངོ་འཕྲོད་ཡི་གེ་ཡིན།
ཚེ་ཞང་།   ཨོ་རེད།  མིང་ལ་ཅི་ཟེར།  སློབ་གྲྭ་གང་ནས་མཐར་ཕྱིན་ནས།
དཔལ།   མིང་ལ་དཔལ་ལྡན་ཟེར།  ནུབ་བྱང་མི་རིགས་སློབ་ཆེན་ནས་མཐར་ཕྱིན་ནས།
ཚེ་ཞང་།  ཆེད་ལས་ཅི་ཞིག་ཡིན།  (དུ་བར་མེ་བསྒོ་ཞོར།)
དཔལ།   ཆེད་ལས་ཡིག་སྒྱུར་དང་ལོ་ཙྰ་བ་ཡིན།
ཚེ་ཞང་། (འཛུམ་བཞིན་དུ། ) ཨོ་རེད། བཟང་གི (དེ་ནས་ལག་འཁྱེར་ཁ་པར་མནན་ཏེ་ཅུང་བསྡད་རྗེས། ) ཝེ། ཡི་དམ། ཁྱོད་ད་ངའི་གཞུང་སྒྲུབ་ཁང་གི་ནང་ང་ཤོག་ར།
དེ་ནས་ཚེ་ཞང་གིས།  ཡཱ། ཙོག་ཙོག
དཔལ།   ཡཱ་ཡཱ།
སྐབས་འདིར་ཡི་དམ་གྱིས་སྒོ་བརྡུང་ཞིང་ཚེ་ཞང་གིས།
ནང་ང་ཤོག
ཡི་དམ།  ཁུ་སྒེ་ང་ཚོའི་ཞང་ལ་སོ་མ་ཡོང་བའི་ལས་བྱེད་མི་སྣ་རེད། ཁྱོད་སོང་ནས་འདེ་ཉལ་སའི་ཁང་བ་དང་བྱ་བ་ལས་སའི་གཞུང་སྒྲུབ་ཁང་བཀོད་སྒྲིག་བྱོས།
ཡི་དམ།  ཨོ་ཡ། ཡ་འགྲོ (འཛུམ་ཞོར།)
འགྲོ་ཁར་ཞང་ཀྲང་གིས་དཔལ་ལ་བྱ་བ་ཤུ་རེ་བྱོས་ཨ། གཞན་དོན་དག་ཡོད་ན་ཁོ་ལ་ཤོད།(ཡི་དམ་སྟོན་ཞོར།)
དཔལ་ལྡན་དང་ཡི་དམ་གཉིས་འཛུམ་ཞོར་ལ་སྒོར་བུད།
པར་མིག:ཞང་ཀྲང་གི་སྒོ་ཁྲོགས་སེ་རྒྱབ་པ།
པར་མིག:ནང་དུ་ཉལ་ཁྲི་གཅིག་དང་།ལྕགས་ཐབ་གཅིག ད་དུང་གྱང་ངོས་སུ་རྒྱ་ནག་གི་གླུ་བ་འགའི་འདྲ་པར་སྦྱར་བའི་ཁང་མིག་ཅིག
ཡི་དམ། ཡཱ། གྲོགས་པོ། ཁང་བ་འདི་ཁྱོད་ཀྱི་ཉལ་ས་རེད། གཞུང་སྒྲུབ་ཁང་ད་ཆས་ངས་ཁྱོད་བསྟན་པ་དེ་རེད། དུ་མི་ནས་ཟ་མ་ཞང་གི་ཇ་ཁང་ནང་ནས་ཟ་དགོ་ནི་རེད། མི་རེར་ཟླ་རེར་སྒོར༢༠༠ཡི་ཟས་རིན་རེ་རེད།
དཔལ།  ཨོ་ཡ། ཤེས་སོང་།  སྒོར་མོ་ནམ་སྟེར་དགོས།
ཡི་དམ།  སྒོར་མོ་ཕྱི་རོ་ནོར་བུ་ཟེར་བ་ཞིག་ཡོད། དེའི་ལག་ཏུ་ཧྲོད་དགོ་ནི་རེད། ཅུང་བསྡད་རྗེས།
ཡ་དུ་ན་དུ་ཡེད། རང་གིས་ཉལ་ས་ཆས། དོན་དག་རེས་ཡོད་ན་ང་ལ་ཤོད།(སྒོ་ཁར་འགྲོ་ཞོར་དུ)
དཔལ། ཡ་ཡ། བཀའ་དྲིན་ཆེ། (རང་གི་དངོས་པོ་དག་ལག་པས་ལེན་ཞོར)
པར་མིག:གདན་དང་མལ་ཐུལ་བླངས་ནས་མལ་ས་བཅའ་བ།
པར་མིག:ས་སྲོད་སྐབས་ཀྱི་གཞི་རིམ་གྱི་ཁོར་ཡུག་དང་ནམ་མཁའ་འཆར་བ།
དེ་ནས་དཔལ་ལྡན་གྱིས་མལ་སའི་ནང་ན་དཔེ་ཆར་བལྟ་བཞིན་པ་དང་ཅོག་ཙེའི་སྟེང་གི་དཔེ་ཆ་བརྩེགས་མ་དག་དང་། ཁོ་དང་ཁོའི་དགའ་རོགས་གཉིས་ཀྱི་འདྲ་པར་སོགས་འཆར་བ།    རྒྱབ།པར་མིག:དཔལ་ལྡན་གྱིས་ལག་ཏུ་ཡིག་ཆ་འགའ་བཟུང་ནས་མལ་ཁང་གི་ཕྱོགས་སུ་འགྲོ་བ། ནང་དུ་ཐོན་རྗེས་ཡི་དམ་སོགས་ཀྱིས་མཱ་ཅང་རྒྱག་བཞིན་པ། (ཆང་འཐུང་བཞིན)
དཔལ་ལྡན་གྱིས་ལག་ཏུ་ཡིག་ཆ་བཟུང་ནས་མཱ་ཅང་རྒྱག་པར་བལྟ་བ། (ངོ་གཉེར་བཞིན།)
སྐབས་འདིར་མང་ཚོགས་འགའ་ནང་དུ་ཡོང་ནས། ནོར་བུ་ཨེ་ཡོད་ཀི
དཔལ་ལྡན།  ཡོད་ཀི (ཁ་ཕྱིར་འཁོར་ནས་མང་ཚོགས་ལ་བལྟ་བཞིན)
མང་ཚོགས་ཀྱིས་མཱ་ཅང་རྒྱག་གིན་པའི་ནོར་བུ་ལ་བལྟ་ཞོར།
ཨ་རོ།  ཁྱོས་འདེ་ཅིག་ལྟོས་རེས། འདི་ཁེ་ཉིན་ངུ་ཆོ་སྐྱིད་ལུང་སྡེ་བའི་ཏོས་གསུམ་པའི་འབྲུག་སྐྱབས་ཟི་ལིང་སྨན་ཁང་ལ་སོང་ནས་སྨན་པ་བསྟན་ནོ་ཡི་གེ་རེད། སྨན་རིན་ཕྱིར་རྫོགས་ན་ད་གི་ཞང་གི་ཐོས་རྒྱག་དགོ་གི་ཟེར། ཨ་བྷ་ལོ་ལོ། ང་ཐེས་ཟིག་མི་རྒྱག་ག(སྨན་ཡིག་སོགས་ནོར་བུའི་ཕྱོགས་སུ་བསྲིང་ཞོར།)
ནོར་བུས། (མིག་གིས་མཱ་ཅང་ལ་བལྟ་ཞོར་དང་ལག་པས་མཱ་ཅང་བཙིར་ཞོར)
ཐེས་ངའི་ལག་ན་མེད། ཁ་སང་འཛོམས་སྐྱིད་ཀྱིས་ཁྱེར་ཐ།
མང་ཚོགས། དེས་ན་འཛོམས་སྐྱིད་ཟེར་གོ་ནོ་ཏུ་གང་ན་ཡོད་ནི་རེད།
(སྨན་ཡིག་ཕྱིར་ལེན་ཞོར)
ནོར་བུ། (མགོ་བོ་དགྱེ་ཙམ་གྱིས་མང་ཚོགས་དེ་དག་ལ་བལྟ་ཞོར།)
ཡོད་ནི་མ་རེད།ཁ་སང་རྫོང་ཐོག་ལ་བུད་ཐ། སང་ཉིན་མིན་ནས་ཕྱི་ར་ཡོང་རྒྱུ་མ་རེད།
མང་ཚོགས། (ངོ་མདངས་གཉེར་བཞིན།)ཨ་ཧྭ། ད་ཆི་ཟིག་ཡེད་དྲིས། ངུ་ཆོ་ཐག་རིང་གི་དབྱར་ས་ནས་ཡོང་ནས་ར།
ནོར་བུ། (མཱ་ཅང་ཞིག་བཙིར་ཞོར།)ད་རྒྱ་གར་ནས་བུད་ལས་ཡོང་ནི་ཡིན་ན་ར་བཀོད་པ་ཡོད་ནི་མ་རེད།
མང་ཚོགས། (མི་དགའ་བའི་ཉམས་ཀྱིས་ནོར་བུ་ལ་བལྟས་ནས་ཅུང་བསྡད་རྗེས)
དུ་ན་སང་ཉིན་ཡོང་ནོ་ཁོ་ཐག་ཡིན་ནས།
ནོར་བུས། (དུ་བ་ཞིག་ལ་མེ་བགོ་ཞོར།)ཡོང་རྒྱུས་ཟེར་གི ས་བོ་ཤེས་ནི་མ་རེད།
མང་ཚོགས་དག་གི་གདོང་ལ་ཡིད་ཆད་པའི་རྣམ་འགྱུར་ཞིག་མངོན་བཞིན་ཡཱ་རིང་བོ་ཞིག་ཟེར་ཞོར་བུད་སོང་བ།
པར་མིག:མང་ཚོགས་དག་གི་རྒྱབ་གཟུགས།
མཱ་ཅང་རྒྱག་གིན་པའི་ཡི་དམ་གྱིས་ནོར་བུ་ལ་བལྟ་ཞོར། ཨ་རོ། ཞང་གི་ཐེས་ད་ཆིས་ཁྱོ་ལག་ན་ཡོད་ནོ།
ནོར་བུས། (དུ་བ་འཇུབ་ཞོར།)ངའི་ལག་ན་ཡོད། བསམ་གཟས་ནས་མ་རྒྱབ་ནས། ཉིན་གྱང་གིས་བཙའ་ཡིས་ཡོང་ངས་ངོ་མ་སུན་གི(སྐབས་འདིར་དཔལ་ལྡན་གྱི་ངོ་མདངས་འགྱུར་ཞིང་རང་གི་ཁང་མིག་ཏུ་འཛུལ་ནས་རིང་ཙམ་ལ་འདང་ཞིག་རྒྱབ་རྗེས་ཤོག་བུ་ཞིག་བླངས་ནས་ཅི་ཞིག་འབྲི་འགོ་བརྩམས།)
པར་མིག:གཞི་རིམ་གྱི་སྲང་མདོ་དང་། ཞང་སྲིད་གཞུང་གི་གྲལ་བསྟར་སྒྲིག་པའི་ཁང་བ་དག་འཆར་བ།
རྒྱབ། པར་མིག:དཔལ་ལྡན་ཞོགས་པར་ཡར་ལངས་ནས་ཁ་ལག་བཀྲུས་བའི་ཆུ་སྒོར་ཕུད་སྐབས། མང་ཚོགས་འགའ་དེ་ན་འཚོགས་ནས་ཡོད་པ་མཐོང་བ།
མང་ཚོགས། (མང་ཚོགས་ཤིག་དཔལ་ལྡན་ཕྱོགས་སུ་གོམ་པ་སྤོ་ཞོར)ཨ་རོ། ཁྱོད་ཡི་དམ་ཨེ་རེད།
དཔལ་ལྡན། (ལག་ཏུ་ཁ་ལག་བཀྲུ་བྱེད་ཀྱི་ལ་དཔའ་འཛིན་ཞོར།)ང་ཡི་དམ་མིན་འདྲ། དོན་དག་ཅི་ཞིག་རེད།
མང་ཚོགས།(དཔལ་ལྡན་སར་རུབ་བཞིན།ཁ་སང་འུ་ཆོ་སྡེ་བའི་ལྕགས་རའི་སྒོར་མོ་དེ་ཞང་གི་ནང་ལ་ཐོན་ཡོད་པས། ཞང་ཀྲང་གིས་ཡི་དམ་གི་ལག་ནས་ལྕགས་རའི་སྒོར་མོ་ལེན་དགོ་ཟེར་གི་ར།
དཔལ་ལྡན།(ཕྱིར་ཁྱིམ་དུ་ཁ་འཁོར་བཞིན།)ཁྱུ་ཆོས་ཙི་གེ་ཞིག་སྒུག་གོ  ངས་ཡི་དམ་འབོད།
མང་ཚོགས། (འཛུམ་ཞོར།)ཡ་ཡ། དྲིན་ཆེན་པོ།
པར་མིག:(དཔལ་ལྡན་གྱིས་ཡི་དམ་ཡོད་སའི་ཁང་བའི་སྒོ་ཐྲིག་ཐྲིག་གིས་བརྡུང་གིན་པ།)
ཝེ།  ཡི་དམ། ཡི་དམ། མང་ཚོགས་འགས་ཁྱོད་བཙའ་གོ་གོ
ཁང་བའི་ནང་ནས་ཡི་དམ་གྱིས། ཡ་ཡ། ཤེས་སོང་ང།
དཔལ་ལྡན། (མང་ཚོགས་དག་ལ་བལྟ་ཞོར་དང་རང་གི་ཁང་བའི་ཕྱོགས་སུ་འགྲོ་བཞིན)ངས་ཡི་དམ་བོས་དང་ང། ཙི་གེ་ཟིག་སྡོད་ར་ཡོང་ནི་རེད།(དུས་ཚོད་སྐར་མ་བཅུ་ཙམ་འགོར་རྗེས་སུ་དཔལ་ལྡན་ཁང་བའི་སྒོར་བུད་པ།མང་ཚོགས་ཚོས་སྔར་བཞིན་སྒུག་ནས་སྡོད་པ།)
དཔལ་ལྡན།(དཔལ་ལྡན་མང་ཚོགས་དག་གི་ཕྱོགས་སུ་འགྲོ་བཞིན།  ཨ་ཧོ།   ཡི་དམ་ད་རུང་མ་ལངས་ནི་རེད།
མང་ཚོགས། (དཔལ་ལྡན་ལ་བལྟས་ནས་འཛུམ་ཞོར།)ད་རུང་མ་ཡོང་ཐ།
དཔལ་ལྡན། ཝེ། ཡི་དམ། ཡི་དམ། ལངས་ཀི་ཨེ་ཡོད། མང་ཚོགས་རིག་གིས་ད་རུང་ཁྱོད་སྒུག་ནས་བསྡད་འདུག (ཡི་དམ་གྱི་སྒོ་བརྡུང་ཞོར།)
ཡི་དམ་གྱིས་ཁང་བའི་ནང་དུ།  ཡ་ཡ། ལངས་ཀི་ཡོད།
དཔལ་ལྡན་ཁ་ཕྱིར་ཞོར། རེམ་མ་ལོངས།
པར་མིག:(དཔལ་ལྡན་གྱིས་གཞུང་ཁང་དུ་བྱ་བ་སྒྲུབ་བཞིན་པ། སྐབས་དེར་མི་ཞིག་གིས་སྒོ་ཁྲོག་ཁྲོག་བརྡུང་།)
དཔལ་ལྡན། (མགོ་བོ་ཡར་ལ་དགྱེ་ཞོར།)ནང་ང་ཤོག
པར་མིག:(སྒོ་ཙིར་སེ་ཕྱེས་བ། )
ནོར་བུ། (ལག་པ་གཅིག་གིས་སྒོ་ལུང་གཏད་ཞོར།)དཔལ་ལྡན། དེ་རིང་མ་ཧྲོ་ཉི་མ་རེད། འུ་ཆོ་ཆུ་ཁ་ཆང་འཐུང་གི་འགྲོ་པྰ། མཚོ་མོ་ར་འཛོམས་སྐྱིད་གཉི་ཀ་ར་བོས་ཡོད།
དཔལ་ལྡན། (ཡིག་ཆ་འགའ་ཕར་སློག་ཚུར་སློག་བྱེད་ཞོར།)ད་ང་མི་འགྲོ་ནི་ཡེད། ད་རུང་རེའུ་མིག་འགའ་ལས་དགོ།
ནོར་བུ། (ཙོག་ཙེ་སྟེང་དུ་ལག་པ་རེག་ཞོར།)ཨ་ཧྭ། ད་བསྐྱུར་ར་ཞོག  དུ་མོ་དུ་གཞུག་ནས་ལས་ན་ཆོག་ནི་རེད། འགྲོ  རོགས་པ་ཚོས་ར་སྒུག་ནས་བསྡད་ཡོད།
དཔལ་ལྡན། (ནོར་བུ་ངོ་ལ་བལྟ་ཞོར།)ད་མི་འགྲོ་ནི་ཡེད། དེ་རིང་ངའི་སློབ་ཆེན་ཀྱི་སློབ་གྲོགས་ཤིག་འདིར་ཡོང་གི་ཡོད།
ནོར་བུ། (མི་འཐད་པའི་རྣམ་འགྱུར།)ཡ།  དུ་ན་དུ་ཡེད། བུད་འགྲོ
པར་མིག:(དཔལ་ལྡན་གྱིས་ཉིས་ཐོག་ནས་ཆང་འཐུང་བར་འགྲོ་བཞིན་པའི་ལས་རོགས་ཕོ་མོ་དག་ལ་བལྟ་བ།)
རྒྱབ།  པར་མིག:(དཔལ་ལྡན་གྱིས་ཁང་བའི་ནང་དུ་གཞི་རིམ་འབྲི་བཞིན་པའི་སྒང་ལ་ཁ་པར་ཞིག་འབྱོར། ཁོས་ཤོག་བུ་དག་ལྟེབ་བཞིན་འཛུམ་དང་བཅས།)ཝེ། རྡོ་བྷ། ཐོན་དང་ནི་མི་ན། --ཨེ། ཨོ་ཡ། དུ་ན་ཁྱོ་དུ་ནས་སྡོད། ང་ད་ཁྱོ་ལེན་གི་ཡོང་།
པར་མིག:ཁང་བའི་སྒོར་བུད་ནས་སྒོ་བརྒྱབ་རྗེས་རྡོ་བྷ་ཡོད་སའི་ཞང་གི་སྒོ་ཁར་ཕྱིན་པ།
དཔལ་ལྡན། (ལག་འཇུ་བྱེད་ཞོར།)ཡ། རྡོ་བྷ། ཐོན་དང་ནས། བདེ་མོ་ཡིན་ནམ།
རྡོ་བྷ།(འཛུམ་ཞོར།)བདེ་མོ། ཡ། སྤུན་ཟླ། གཞི་རིམ་འདི་ནས་སུན་གི་བཟོ་མེད་ལ།
དཔལ་ལྡན།(མགོ་བོ་མར་སྒུར་ཞོར།)མེད་ཁུ། ཧེ་ཧེ།
པར་མིག:(དཔལ་ལྡན་གྱིས་རྡོ་བྷའི་རྒྱབ་ཁུག་དག་འཁུར་གྲོགས་བྱས་ནས་འགྲོ་བའི་རྒྱབ་གཟུགས།)
པར་མིག:(དཔལ་ལྡན་གྱིས་རྡོ་བྷར་ཇ་གང་སྟེར་ཞོར།)
ཡ། སྤུན་ཟླ།  འདི་ནས་མགོ་ལོག་ལ་ཅི་བྱེད་དུ་འགྲོ་གོ་ནས།
རྡོ་བྷ། (ཇ་འཐུང་ཞོར།)གཙོ་བོ་མགོ་ལོག་ཕྱོགས་ལ་དམངས་ཁྲོད་ཀྱི་གཏམ་དཔེ་འཚོལ་སྡུད་བྱེད་དུ་འགྲོ་གོ་ནས། ཞོར་ནས་གཉན་པོ་གཡུ་རྩེ་དང་ཨ་མྱེས་རྨ་ཆེན་སོགས་ལ་བལྟ་སྐོར་དུ་འགྲོ་གོ་ནས།
དཔལ་ལྡན། (དགོད་ཞོར།)ཁྱོའི་བྱ་བ་འདི་ངོ་མ་སྐྱིད་ཀི་གོ ཨ་རོ།
རྡོ་བྷ། (ཇ་ཐང་ལ་འཇོག་ཞོར།)དུ་བཟོས་ན། ཁྱོ་ད་སྐབས་ཀི་བྱ་བ་འདི་མི་སྐྱིད་ཀི
དཔལ་ལྡན། (རྡོ་བྷར་ཇ་ལྡུག་ཞོར།)གཙོ་བོ་བྱ་བ་ལས་སའི་ཁོར་ཡུག་མི་སྐྱིད་ཀི  རང་དང་བློ་ཁ་མཐུན་པའི་རོགས་པ་ར་མེད་ཁུ རྡོ་བྷ། ཁྱོའི་ཤེས་ནི་མ་རེད།
གཞི་རིམ་འདིའི་ལས་བྱེད་པ་ཚང་མས་ཆང་དང་མྰ་ཅང་ལས་ཅི་ཡང་ཤེས་ཀི་མི་འདུག མང་ཚོགས་ལ་ལྟ་ཚུལ་ཡག་པོ་མི་འཛིན། དེ་བས། ངས་འདིའི་ཕྱོགས་ཀྱི་སྐྱོན་ཆ་ཐེར་འདོན་གྱི་ཚུལ་གྱིས་འབོལ་རྩོམ་ཞིག་བྲིས་ནས་རྩོམ་སྒྲིག་ཁང་ཞིག་ལ་བསྐུར་རྩིས་ཡོད།
རྡོ་བྷ། (མགོ་མར་ལ་སྒུར་ཙམ་བྱེད་བཞིན།)ཧྲ་ནི་རེད། མང་ཚོགས་ལ་ལྟ་ཚུལ་ཡག་པོ་མི་འཛིན་པའི་གཞི་རིམ་གྱི་ལས་བྱེད་པ་འདི་ཚོའི་རུལ་སུངས་ཀི་ངོ་གདོང་བཤུ་དགོ་ནི་རེད།
དཔལ་ལྡན།(ཡར་ལ་ལངས་ཞོར།)ངེས་ངེས་དུ་མོ་རེད།
རྒྱབ།  པར་མིག:(ཕྱི་ཉིན་དཔལ་ལྡན་གྱིས་རྡོ་བྷ་རླངས་འཁོར་ཆུང་བ་ཞིག་གི་ནང་དུ་སྐྱེལ་བ་དང་ཞོར་དུ་བདེ་མོ་འཇོག་པ།)
དཔལ་ལྡན། (རྡོ་བྷའི་ལག་པར་འཇུ་ཞོར།)ཡ། རྡོ་བྷ། གནས་སྐབས་བདེ་མོ་བྱོས། གཞུག་ཕྱོགས་ཁོམ་པ་ཡོད་ན་འབྲེལ་གཏུགས་བྱོས།
རྡོ་བྷ། (དཔལ་ལྡན་གྱི་ལག་པར་འཇུ་བཞིན།)ཡ་ཡ། ད་བདེ་མོ་བྱོས། --ཤུ་རེ་བྱོས།
པར་མིག:(དཔལ་ལྡན་གྱིས་རླངས་འཁོར་འགྲོ་བཞིན་པའི་རྗེས་སུ་བལྟ་བཞིན་པའི་རྒྱབ་གཟུགས།)
པར་མིག:(ཞང་ཀྲང་གིས་ལག་ནས་ཚགས་པར་ཞིག་ཐག་སེ་མདུན་ཅོག་སྟེང་བརྒྱབ་རྗེས།)
དཔལ་ལྡན།  ཁྱོས་འདི་མོ་འདི་བྲིས་ནས་ཆི་ཡེ་ལ་བཟོས་ནས།དམིགས་ཡུལ་ཅི་ཞིག་ཡིན། ཨ། འུ་ཆོའི་ཞང་གི་ནང་གི་དོན་དག་འདི་མོ་འདི་གཞན་གྱིས་ཤེས་སོང་ན་ད་ཁྱོད་དགའ་ནི་ཨེ་རེད། ཆོག་གི ངས་ཁྱོ་བཤད། རང་གིས་བྱ་བ་ལས་ན་འདོད་ན་ཡོག་ག་བྱོས་ལས།
ལས་ན་མི་འདོད་ན་ཁྱོ་བུད་ལ་སོང་ར་ཆོག ཁྱོས་རང་གེ་ཅིག་ཡིན་འདོད་པ་ཨེ་ཡིན།
ངས་ཁྱོ་བཤད།  ཁྱོ་ན་འདྲི་མང་ནི་རེད། ཨེ་གོ་གི
དཔལ་ལྡན།(ཞང་ཀྲང་གི་ངོ་ལ་བལྟ་ཞོར།)རེད་དྲ། ཚེ་ཞང་། ཁྱོད་ངར་ལངས་དགོ་དོན་མེད་ལ།
ཞང་ཀྲང།(དཔལ་ལྡན་གྱི་ཁ་འཕྲོག་སྟེ།)ཁྱོས་ད་རུང་ཁྱི་སྐྱག་འདི་མི་འདི་ལས་ན། ང་ངར་ལངས་རྒྱུ་ཨེ་རེད།
དཔལ་ལྡན། གང་ལྟར་ངས་གནས་ལུགས་ངོ་མ་བོ་བཤད་ནས། འདེ་ཁུ་རེ་མི་འཐད་རྒྱུ་གི་ཅང་མེད་ཁུ་བསམ་ཡོད།
ཞང་ཀྲང་། (ཡར་ལོངས་ཞོར།)ཡ། ཆོག་གི ཁྱོས་གནས་ལུགས་ཤེས་ན་ཁྱོ་ངར་གི  ངུ་ཆོའི་ཞང་གི་ནང་ལ་ཁྱོ་ལྟ་བུའི་གནས་ལུགས་པ་ཞིག་མི་ཤོངས་ཀི ཁྱོ་ད་བུད་ལ་སོང་།  གང་ལྟར། ངའི་ཞང་གི་ནང་འདིར་ཁྱོད་ལྟ་བུའི་མི་ཞིག་དགོ་དོན་མེད།(ལག་པས་ཅོག་ཙེ་སྟེང
་རྒྱག་ཞོར།)
རྒྱབ། པར་མིག:དཔལ་ལྡན་ཁང་བའི་ནང་དུ་རང་གིས་བྲིས་པའི་གཞི་རིམ་ལ་བལྟ་ཞོར། འདང་རྒྱག་གི་གནས་སུ་ལྷུང་བ།

བརྙན་རིས་འདིར་སྒྲ་དབྱངས་གང་རུང་ངམ་གླུ་དབྱངས་ཤིག་དང་འགྲོགས་ནས་མཇུག་བསྡུས་བ།


 

དཔྱད་མཆན་ཡོད།