ཁ་བ། * དུང་རུ། *


༼༡
དུས་ཚོད།    
ཕལ་ཆེར་དབྱར་དུས་ཀྱི་སྔ་དྲོའི་དུས་ཚོད༡༠པ་ཡར་མར།
མི་སྣ་གཙོ་བོ།    
ལོ༢༩ཡར་མར་ཙམ་གྱི་སྐྱེས་པ་ཞིག (གདོང་སྐམ་ཞིང་ཁ་སྤུ་དང་རྒྱ་ཐ་ཐོར་དུ་སྐྱེས་ལ་སྐྲ་ཅུང་ཟིང་པའི་མི་ཞིག་ཡིན།)
བརྙན་ཡུལ།    
ཅུང་གུ་དོག་པའི་ཁང་རྙིང་ཞིག
ཁོར་ཡུག    
    གྱང་ངོས་དག་ན་ཚགས་པར་དང་། ཚོན་མདོག་མི་གསལ་བའི་པར་རིས་སྣེ་རལ་བ་དག་གིས་བར་བར་ནས་གང་ཞིང་། ཐང་ན། ཁོས་བརྗེ་གོན་བྱས་པའི་གོས་དང་། ལྷམ། རྐང་འབོབ། ད་དུང་ཅ་ལག་འགའ་རེ་སོགས་གོ་རིམ་མེད་པར་བཀྲམ་ཡོད་པ། མདུན་ཅོག་གི་སྟེང་ན་དཔེ་དེབ་དང་འབྲི་ཤོག སྙུག་གཟེབ། དུད་ཀོང་། ཁ་པར། (རྒྱབ་ལོག་ན་མིང་གྲགས་ཆེ་བའི་བུད་མེད་ཅིག་གི་པར་ཡོད་པའི)མེ་ལོང་ཆག་པོ་ཞིག རྩིས་འཕྲུལ་གོག་པོ་ཞིག་བཅས་ཀྱིས་གུ་དོག་པོར་བཏང་བ། རྒྱབ་ཏུ་ཉལ་ཁྲི་སྤུས་དག་ཅིག་ཡོད་པ་ལས་ཁོར་ཡུག་མཐའ་དག་གཙང་པོ་དང་བཅའ་དག་མིན་པ། སྒེའུ་ཁུང་ཆུང་ཆུང་དེ་ལས་ཕྱི་རོལ་གྱི་ཡུལ་ལྗོངས་ཅུང་ཙམ་མཐོང་བ།
གཞུང་དངོས།    
    མི་དེ་མདུན་ཅོག་ལ་ཁ་གཏད་པའི་རྐུབ་སྟེགས་ཤིག་གི་སྟེང་དུ་མགོ་བོ་ཅུང་གཡས་ཕྱོགས་སུ་གཡོན་ཏེ་གཉིད་ཡོད། ཅུང་ཙམ་ནས་མི་དེ་གཉིད་ལས་ཧང་སད་བྱས། ཁོས་ཕར་ལྟ་ཚུར་ལྟ་བྱས་པ་བརྒྱུད། གློག་བརྙན་དུ། གོང་གི་ཁོར་ཡུག་དེ་དག་རིམ་བཞིན་མངོན་ཡོང་། ཁོ་རང་ཅུང་སུན་པའི་ཉམས་དང་བཅས། དུ་བ་ཞིག་ལ་མེ་བསྒྲོན་ཏེ། འཐེན་ཞོར་དུ་དཔེ་དེབ་ཞིག་ཕར་བསལ་བ་དང་ཁ་པར་ཡར་བླངས་པ་དང་། འཆར་ངོས་སུ་དུས་ཚོད༡༠ཡར་མར་ཅིག་ཟིན་ཡོད་པ་སོགས་ཀྱང་འཆར། དེ་ནས་ཁ་པར་གྱི་ནང་ནས《བདག་གིས》ཞེས་པའི་སྙན་ངག་གྱེར་འདོན་གྱི་སྒྲ་ཞིག་བཏང་།
(བདག་གིས།  བདག་གིས  མུན་པ་འདི་མཛུབ་མོས་དཀྲུག་ཞོར་ཉི་འོད་ཀྱིས་ཉོག་ཉོག་པོར་བཏང་བའི་བྱིས་པ་དེ་དག་ལ་ཟིལ་པ་གཏོར་གྱིན་རྩྭ་ཐང་ལྡག་གིན་པའི་གནའ་བ་ཁེར་རྐྱང་ཞིག་ལ་བྱེ་ཐང་གི་གཏམ་རྒྱུད་རབ་ཏུ་མཚར་བ་ཞིག་བཤད། གཤོག་པ་ཆད་པའི་གླག་རྒོད་ཅིག་སྐར་མདའ་མཆེད་པ་བཞིན་ནགས་གསེང་དུ་ལྷུང་བར་ལྟ་གིན། ངོ་བོ་དང་ངེས་བཟུང་བྲལ་བའི་རང་གི་རྨི་ལམ་དང་།  ངོ་གདོང་དང་། ལག་པ་འདི་དག་ལ་ཡང་ཡང་བསམ་གྱིན། མི་ཚེའི་མཐའ་ལས་སོར་གང་གིས་མ་འགྱངས་པའི།  རང་ཉིད་མིན་པའི་རང་ཉིད་ཀྱི་གྲོང་ཚོ་ཞིག་སྒྲིག་གིན། མཛའ་མོའི་གདོང་པ་འཆར་སའི་མེ་ལོང་དེ་རས་ཡུག་ཅིག་གིས་བཏུམ་ཏེ་མ་འོངས་པའི་གྲོང་ཚོ་དེ་རུ་གཡུག

མི་ཚོགས་ཀྱི་གཏིང་དུ་ཟུག་པའི་ཁེར་རྐྱང་གི་རང་ཉིད་ལའང་། ཤོག་བུའི་ངོས་སུ་ད་ལྟ་བའི་རང་དབང་གི་མངའ་ཐང་དང་ལོངས་སྤྱོད་འབྲི་བཞིན།
ཚེ་སྲོག་དང  མེ་ཏོག་དང  ལོ་ཟླ་དང  གྲིབ་མ་སོགས་ཀྱང་འབྲི་བཞིན། དེ་དག་ལའང་སྡུག་བསྔལ་བ་དང  མི་རྟག་པ་དང  རང་དབང་གི་བར་སྣང་རེ་རེའང་འབྲི་བཞིན
དེ་དག་གི་སྐྱེ་རྒ་ན་འཆི་མཐོང་ཐེངས་རེར་གད་མོ་དྲག་ཏུ་དགོད་པར་བྱེད་ཅིང་།  ཡིད་གཏིང་ནས་སྐྱོ་བར་འགྱུར)

མི་དེས། སྙན་ངག་གྱེར་དབྱངས་ལ་ཉན་བཞིན་མགོ་བོ་རྐུབ་སྟེགས་ལ་བསྙེས་ཏེ་ཁ་ཡི་དུ་བ་ཕོན་པོ་ཕོན་པོ་མཁའ་རུ་གཏོང་བཞིན། མཁའ་རུ་བཀྱག་པའི་དུ་བ་དེ་དག་དབྱིབས་སྣ་ཚོགས་སུ་འགྱུར་བཞིན་པའི་རྣམ་པར་གཡེངས་ནས་འདུག སྙན་ངག་དེ་གྱེར་ཚར་བ་དང་ཅུང་ཙམ་འགོར་རྗེས། ཕྱི་གཞས་ཆོབ་ཚ་པོ་ཞིག་འུར་གྱིས་གྲགས། ཁོ་ནི་སྣང་དོགས་ཅི་ཡང་མེད་པར་ད་དུང་སྔར་ལྟར་བསྡད་འདུག(སྙིང་པོ་མེད་པ་དང་བསམ་གཞིག་གཏོང་བའི་ཉམས་ཀྱིས་ཁེངས་དགོས།)གཞས་དེ་གྲགས་ནས་ཅུང་མ་འགོར་བར་གནམ་དུ་བཀྱག་པའི་དུ་བའི་གསེང་ནས་ཆུ་ཐིགས་འགའ་རེ་ཁོའི་ངོ་གདོང་ལ་ལྷུང་འོང་། ཁོས་ཅུང་མི་བདེ་བའི་ཉམས་ཀྱིས་ལག་གིས་གདོང་ན་ལྷུང་པའི་ཆུ་ཐིག་ཕར་འབྱིད་ཞོར། ཆུ་ཐིགས་ཡོང་སའི་ཕྱོགས་སུ་གཟབ་ནན་གྱིས་བལྟས། དེའི་ཕྱོགས་ནས་མིག་གི་མི་བཟོད་པའི་འོད་ཅིག་འཚེར་འོང་ཞིང་འོད་དེ་ལས་རབ་གསལ་གྱི་སྣེ་མོ་དང་འབྲེལ་བའི་ནམ་མཁའ་དང་སྤྲིན་ནག་དག་ཤར་འོང་། དེ་ནས་མར་ཕབ་པས་གྱང་ཁར་གཟེ་མ་ར་མགོས་བསྐོར་བའི་སྒོ་ར་ཆུང་ཆུང་ཞིག་དང་། སྒོ་རའི་ནང་དུ། མི་ཆེ་བའི་ནང་ལྭ་དང་རྐང་སྣམ། བྱིས་པའི་སྟོད་ལ་དང་རྐང་སྣམ། བྱིས་པའི་མཆི་ཁེབ་སོགས་གྱོན་པ་འགའ་རེ་བཀལ་བའི་གོས་གདང་ཞིག་ཤར་འོང་། དེའི་ཞོལ་ནས་བཅར་ཚེ། མེ་ཏོག་བཏབ་པའི་དཀར་རྫ་དང་བུམ་པ་སོགས་ཤར་འོང་། (སྔ་མའི་ཁོར་ཡུག་དེ་མག་མོག་ནས་རབ་རིབ་དང་། རབ་རིབ་ནས་ཕྱི་མའི་ཁོར་ཡུག་མག་མོག་དང་ཇེ་གསལ་དུ་འགྲོ་བཞིན། གླུ་གཞས་ཆོབ་ཚ་པོ་དེ་མུ་མཐུད་དུ་གྲགས)
(ཡིན་པ་ནི་བད་སྣེ་ནས་ཆུ་ཐིག་འགའ་རེ་ཁོ་མོའི་གདོང་པ་ལྷུང་ཞིང་། ཟུར་ནས་ཁ་པར་གྱི་འབོད་བརྡ་ཆོབ་ཚ་པོ་དེ་གྲག་གིན་འདུག)


༼༢
དུས་ཚོད།    
དབྱར་དུས་ཀྱི་ཕྱི་དྲོའི་དུས་ཚོད༣པ་ཡར་མར།
ད་ལྟའི་མི་སྣ་གཙོ་བོ།
ལོ༢༤ཡར་མར་གྱི་བུད་མེད་ཅིག་ཡིན།(ཁོ་མོ་གཟུགས་བྱད་ཅུང་ལེགས་ཤིང་ཡི་གར་འོང་མོ་ཞིག་ཡིན། སློབ་མ་ནང་བཞིན་སྐྲ་ནི་སྟག་པར་བསྡམས་ཡོད་པས་ངོ་གདོང་གསལ་པོར་མཐོང་། འོན་ཀྱང་ལྭ་བ་དག་ནི་ཅུང་ཐལ་ཆེ་བའི་དེང་གི་ལྭ་གསར་གྱོན་ཡོད་པ་དང་། མི་སྣ་སྔ་མ་ནི་འདི་ཡི་རྨི་ལམ་ཁྲོད་ཀྱི་རང་ཉིད་ཡིན།)
བརྙན་ཡུལ།    
ཁྱམས་དང་སྒོ་ར། དེའི་ཕྱི་རོལ།
ཁོར་ཡུག    
མཐོ་རྒྱུ་མེད་པའི་གྱང་ར་དེའི་སྟེང་ནས་གཟེ་མ་ར་མགོ་རིམ་པ་གསུམ་དུ་འཐེན་ཡོད་ཅིང་། དེ་དག་ལ་མེ་ཏོག་གམ་འཁྲིལ་ལྡུམ་དག་གིས་དཀྲིས་བརྒྱབ་པ། གྱང་རའི་མདོག་ནི་སེར་ཞད་འདྲེས་ཆེ་བའི་ངང་དཀར་ཞིག་ཡིན་ལ། ད་དུང་གྱང་ར་དེའི་ངོས་དག་ཏུ་བྱིས་པ་ཚོས་བྲིས་ནས་ཅུང་ཟད་འགོར་བའི་སངས་རྒྱས་ཀྱིས་དབུ་དང་། སྤྱན། ཕྱག ཉི་ཟླ། གད་མོ་དགོད་པ། རི་ཆུ། མེ་ཏོག་སོགས་འགའ་རེ་ཅུང་ཆེ་ཞིང་ཉེ་བའི་རི་མོ་དང་ས་གཞི་སོགས་ལ་འདྲེས་པ། ཡང་ལ་ལ་ནི་ཅུང་ཆུང་བས་རི་མོ་འགའ་རེའི་ཁོག་ཏུ་ཡོད་པ་སོགས་ཀྱིས་གང་ལ་གང་འཚམ་གྱིས་གང་བ། གྱང་གི་འགྲམ་དང་། ཁང་པའི་འགྲམ་དག་ཏུ་མེ་བུམ་དང་མེ་རྫ་གང་སར་བཞག་ཡོད་པ། ད་དུང་སྒོ་རའི་ཟུར་ཞིག་ཏུ་གོས་བཀལ་བའི་གོས་གདངས་ཡོད་ལ། ཁྱམས་རའི་འོག་ཏུ་མི་གསུམ་བཞི་སྡོད་ཆོག་སའི་ཨོང་ཅག་ནར་མོ་ཞིག་ཁ་ཡར་བཀོར་ཏེ་བཞག་ཡོད།(ཁང་པའི་སྒོ་ནི། སྒོ་ལྕགས་མནན་ཏེ་ཡོད།)

གཞུང་དངོས།    
ཁོ་མོ་གཉིད་ལས་སད་མ་ཐག་གདོང་གི་ཆུ་ཐིག་ཕར་ཕྱིས་ཏེ། མྱུར་དུ་གོས་བསྐམས་པའི་ཕྱོགས་སུ་བརྒྱུགས། སྐབས་དེར་གློག་བརྙན་གྱི་ངོས་སུ། ཁ་པར་ཡོད་ས་ནས་ཕར་རོལ་གྱི་ཁོ་མོ་བྲེལ་དངངས་ཀྱིས་གོས་གདང་ཕྱོགས་སུ་བརྒྱུགས་པ་དང་། འཆར་ངོས་སུ“ལྷ་ཆེན་རྡོ་རྗེ”ཞེས་བྲིས་པའི་ཡིག་རིས་རྩིང་པོ་དོད་པའི་ཁ་པར་གྱི་འབོད་བརྡ་མཚམས་བཞག་པ་དག་མཉམ་དུ་ཤར་འོང་། མོས་གོས་གདངས་ལས་གོས་རྣམས་བླངས་ཤིང་ཁྱམས་རར་བཞག་པ་དང་། ལུས་ཀྱི་ཆུ་རྡུལ་རྣམས་སྤྲུག་སྤྲུག་བྱས། དེ་མཚམས་ཁ་པར་ལག་ཏུ་བླངས་ནས་ཁ་པར་གཏོང་མཁན་ལ་ཁ་པར་ལན་བསློགས། ཡིན་ནའང་ཕ་རོལ་པོས་ཁ་པར་གཏོང་བཞིན་པའི་སྒང་དང་འཁེལ།
ཆར་པ་དྭངས་ཚར་སོང་། ཁོ་མོས་གནམ་ངོར་ལྟ་ཡག་ཅིག་བྱས་རྗེས་ཁ་པར་གྱི་པར་ཆར་སྒོ་ཕྱེས་ཏེ། སྣ་གླུ་ཞིག་ལེན་གྱིན་ཟིལ་པས་གཡོག་པའི་མེ་ཏོག་དང་། སྤྲིན་པའི་ཕྱེད་བསྒྲིབས་པའི་ནམ་མཁའ་དག་པར་བླངས། སྐབས་འདིར་གློག་བརྙན་གྱི་ངོས་སུ་གོང་གི་ཁོར་ཡུག་དེ་དག་རིམ་གྱིས་འཆར་འོང་ཞིང་། ལན་རེར་ཁ་པར་ནང་གི་པར་ལེན་པའི་ཚུལ་དག་ཀྱང་ཤར་འོང་།
ཅུང་ཙམ་ནས་མོས། མེ་ཏོག་གི་གོང་ནས་ཅུང་ཙམ་མངོན་པའི་སངས་རྒྱས་ཀྱི་ཆོས་འཆད་ཕྱག་རྒྱ་དང་མེ་ཏོག་དེ་གཉིས་མཉམ་དུ་པར་ལེན་པར་བརྩམས་པ་ན། སླར་ཡང་འཆར་ངོས་སུ“ལྷ་ཆེན་རྡོ་རྗེ།”ཞེས་པའི་མིང་འདི་ཤར་བ་དང་ཁ་པར་གྱི་འབོད་བརྡ་ཆོབ་ཚ་པོ་དེ་གྲགས་བྱུང་། ཁོ་མོས་སེན་རྩི་ནག་པོ་བསྐུས་པའི་མཐེ་བོང་དེས་འཆར་ངོས་ནས་གཡོན་ཕྱོགས་སུ་འདེད་ཙམ་བྱས་རྗེས་རྣ་བར་གླན།
བུ་མོ།    “ཝེ། ཁ་པར་བཏང་ཚར་ལེ་ཨེ་ཡིན།”
ཅུང་མི་འདོད་པའི་ཉམས་དང་བཅས།
ཕ་རོལ་པོ།    “མ་རེད། ཁ་པར་གཞི་ནས་འཕྲོད་ཐལ། 公主འདི་ཚོར་མགྲོན་ཞིག་ལ་གདན་འདྲེན་བྱེད་པར་ཡང་དཀའ་ཁག་མི་ཉུང་བ་གདའ་ཡ།”
བུ་མོ།    “ལྷ་ཆེན་གྱི་སྤྱན་རས་ད་རུང་ཡང公主ལ་འཁོར་ཡོད་ན། འབུ་སེམས་ཅན་དུ་མ་ཞིག་ཆར་པས་སྦངས་སོང་ནའང་ཤེས་མཁན་ཡོད་དཀའ་རྒྱུ་རེད་ཡ།”
ཕ་རོལ་པོ།    “ཧ་ཧ་ཧ། ད་མི་བཤད། ངས་དེའི་འདྲའི་དོན་ཡག་པོ་གོ་ལེ་མིན། ཁྱོད་ཤོག་དང་འུ་གཉིས་ཅིག་རྩེ་ལ་འགྲོ།”
བུ་མོ།    “གང་ཞིག་ལ་འགྲོ་རྒྱུ་ཡིན།”
ཕ་རོལ་པོ།    “གཏན་ནས་སོང་མ་མྱོངས་ས་ཞིག་ལ། ངས་མགྲོན་བྱེད།”
བུ་མོ།    “གཏན་ནས་སོང་མ་མྱོང་ས་ཞིག ཨ་རོགས། དེ་ཞིང་ཁམས་ཤིག་ཡིན་ནམ།”
ཕ་རོལ་པོ།    “ད་ཤོག་དང་ཁྱོད་ཀྱིས་ཤེས་ངེས།”
བུ་མོ།    “ང་ད་གོང་ནས་གཉིད་ཤོར་ཏེ། རྨི་ལམ་མཚར་པོ་རང་རྨིས་ཐལ། ད་ལྟའང་འཐོམ་འཐོམ་འདྲ་རེད་གདའ། ང་གང་ན་ཡོང་དགོས་ལེ་རེད། ཁྱོད་ཀྱིས་གང་ནས་སྒུག་བསྡད་ཡོད།”
ཕ་རོལ་པོ།    “ཁྱོད་ཟེར་བ་དེའི་འདྲའི་སྐྱིད་པོ་ཞིག་རེད། ཉིན་མོ་ཡང་རྨི་ལམ་དལ་མོར་གཏོང་རྒྱུའི་ཁོམ་པ་ཡོད་འདུག ཨ་ཙི། ཁྱོད་རང་དེ་ནས་ཤར་རེར་ཤོག་དང་། ངས་སུམ་མདོའི་སྤྱི་གླིང་ནས་བསྒུགས་བསྡད་ཡོད།”
བུ་མོ།    “ཨའུན་་་་་ཡཱ།”
གླལ་སྒྱིང་ཞིག་དང་བཅས།
ཕ་རོལ་པོ།    “བྲེལ་བ་གྱིས་མ་གཏོགས། ཁྱོད་སྐྱིད་པོར་སྡོད་ཁོམ་ཡོད་ཀྱང་ང་གྲང་ནས་འཆི་རྒྱུ་རེད།”
བུད་མེད་དེས་ཁ་པར་གློ་ཁུག་ཏུ་བཅུག་པ་དང་གློ་ཁུག་ལས་མཆུ་ཚོན་དང་ཕྱེ་ལྡེ་སོགས་བླངས་ཏེ། མེ་ལོང་གི་ཐད་དུ་ལངས་ནས་མཛེས་འཆོས་བདེ་མོ་ཞིག་བྱས་རྗེས་སྒོར་བུད། ཕྱི་རོལ་ཀྱི་ཁོར་ཡུག་ནི་གྲོང་ཁྱེར་གྱི་སྲང་བར་དོག་མོ་ཞིག་སྟེ། སྦྲག་ཡིག་དང་སྒོ་བྱང་། ལམ་བྱང་དག་གིས་ཁྲ་ཤིག་ཤིག་ཏུ་ཡོད། གློག་བརྙན་དུའང་དེ་དག་རིམ་བཞིན་འཆར་འོང་། བུད་མེད་དེ་གོམ་པ་འགའ་རེ་སོང་པ་དང་མི་ཚོགས་དང་འདྲེས་འགྲོ། སྐབས་འདིར་མི་ཚོགས་ཀྱི་འུར་འུར་ཟིང་ཟིང་དང་འགུལ་འགུལ་ཤིག་ཤིག་གི་རྣམ་པ་དག་འཆར་འོང་།
ཅུང་ཙམ་ནས་བུད་མེད་དེས་རྣ་གཞུག་ཅིག་གྱོན་ཏེ། ཁ་པར་རྩེ་གིན་ཤར་རེར་མདུན་ཐད་དུ་འགྲོ། ད་ནི་མི་ཚོགས་དང་ཅུང་གྱེས་ཏེ་ཡོད། བུད་མེད་དེ་སོང་གིན་སོང་གིན་གཞུང་ལམ་ནས་ཐད་དུ་འཕྲེད་བཅད་དུ་སོང་། སྐབས་དེར་རིམ་རྩིག་རླངས་འཁོར་ཞིག་མྱུར་དུ་བརྒྱུགས་འོང་། རླངས་འཁོར་དེས་སྒྲ་དུང་སྐྱི་གཡའ་བ་ཞིག་བསྒྲགས་པ་དང་བུད་མེད་དེས་མགོ་ཡར་དགྱེ་བ་མཉམ་དུ་ཁེལ་ཅིང་བུད་མེད་དེ་རླངས་འཁོར་གྱིས་དྲག་ཏུ་བརྡུངས། རླངས་འཁོར་འཁོར་སྒག་གོག་སྟེ་ལངས་པ་དང་བུད་མེད་དེ་ཐག་ཚད་གཅིག་གི་སར་འཕངས་ཡོད། ཉེ་འཁོར་ན་མི་ཕར་ཆེར་མེད། རེ་གཉིས་ཡོད་པ་དག་གིས་ཀྱང་དོ་ཁུར་ཅི་ཡང་མི་བྱེད།
བུད་མེད་དེའི་ཀོ་ཁུག་དང་། ཁ་པར། རྣར་གཞུག སོགས་ཡར་མར་དུ་གཏོར་ཡོད་ཅིང་། འགའ་རེ་ནི་ཁྲག་གིས་ཀྱང་ཅུང་ཟད་གོས་ཡོད། གློག་བརྙན་གྱི་ངོས་སུ་དེ་དག་རིམ་བཞིན་དལ་མོར་འཆར་འོང་།
རྡུང་མཁན་གྱི་རླངས་འཁོར་ཟུར་ཞིག་ནས་བརྒྱུགས་ཏེ་མྱུར་དུ་བྲོས།
ཁོར་ཡུག་ན་སྔར་བཞིན་གྲག་འགུལ་ཅི་ཡང་མེད། (སྐབས་འདིར་གློག་བརྙན་གྱི་སྒྲ་དེའང་དུས་ཚོད་ཀྱི་ཐག་སྒྲ་དང་སྙིང་གི་འཕར་སྒྲ་གཉིས་ལས་ཅི་ཡང་མེད) ཟུར་གྱི་ལྡུམ་ར་ཞིག་ནས་ཕྱེ་མ་ལེབ་ཅིག་ལྡིང་བཞིན་ལྡིང་བཞིན་འཕུར་འོང་།(འདིའི་སྐབས་སུ་སྒྲ་ནི་ཕྱེ་མ་ལེབ་ཀྱི་གཤོག་པ་ལྡེབ་པའི་སྒྲ་ཡོང་ཅི་ཐུབ་བྱ་དགོས་ཤིང་བརྙན་དལ་དུ་འགྲོ་བ། དུས་ཚོད་ཀྱི་ཐག་སྒྲ་དང་སྙིང་གི་འཕར་སྒྲའང་ཇེ་ཆུང་དུ་འགྲོ)
ཕྱེ་མ་ལེབ་འཕུར་བཞིན་ལྡིང་བཞིན་གཞུང་ལམ་སྟེང་གི་བེམ་པོའི་ཕྱོགས་སུ་འཕུར། བེམ་པོ་ནི་ཁ་སྦུབ་ཏུ་གནར་ཡོད་ལ། ཁྲག་དམར་དག་ཁོའི་མོའི་བེམ་འོག་ནས་བརྡོལ་ཏེ་ལམ་ནང་དུ་འཁྱིལ་ཡོང་།
སྐབས་དེར་ཕྱེ་མ་ལེབ་དེ་ལྡིང་ཙམ་ལྡིང་ཙམ་བྱེད་ཞོར་ཇེ་དམའ་རུ་འོང་།
གྲུ་གང་གི་མཚམས་ནས་ཕྱེ་མ་ལེབ་དེ་བུད་མེད་དེའི་ལུས་འགྲམ་དུ་འཁྱིལ་བའི་ཁྲག་གི་ངོས་སུ་བབས། ཕྱེ་མ་ལེབ་ཁྲག་གི་ངོས་སུ་བབས་པ་དང་སྒྲ་ཆེན་པོ་ཞིག་བྱུང་ཞིང་གློག་བརྙན་གྱི་ཁོར་ཡུག་འགྱུར།

༼༣
དུས་ཚོད།    
དགུན་དུས་ཀྱི་ནམ་དཀྱིལ།
ད་ལྟའི་མི་སྣ་གཙོ་བོ།
ལོ༢༤ཡར་མར་གྱི་བུད་མེད་ཅིག་ཡིན་ཞིག(བུད་མེད་དེའི་ནག་རབ་རིབ་ཀྱི་གཟུགས་རིས་ལས་མི་མཐོང)
བརྙན་ཡུལ།    
ཅུང་རྒྱ་ཡངས་པའི་ཁང་པ་ཞིག
ཁོར་ཡུག    
ལོགས་གཅིག་པ་ཁྲས་གང་ཞིང་། དེ་ཁྲ་ཡོལ་སྲབ་སྲབ་ཅིག་གིས་བསུམ་ཡོད་པ། ཟླ་འོད་དམ་ཡང་ན་ཕྱི་རོལ་གྱི་གློག་འོད་གང་རུང་ཞིག་གིས་པ་ཁྲ་ཅུང་གསལ་རབ་རིབ་ཅིག་ཡིན་པ།

གཞུང་དངོས།    
གོང་གི་ཕྱེ་མ་ལེབ་དེ་ཁྲག་གི་ངོས་བབས་པ་མཉམ་དུ་གློག་བརྙན་གྱི་ངོས་སུ་འཆར་བ་ནི། སྒྲ་འཇིགས་སུ་རུང་བ་ཞིག་དང་མཉམ་དུ་མིག་ཅིག་གདངས་འོངས་པ་དེ་ཡིན། སྐད་ཅིག་མ་དེའི་མཇུག་ཐོག་དེར་ཉལ་ཁྲི་ཐོག་ནས་བུད་མེད་ཀྱི་གཟུགས་རིས་ཤིག་ཧར་གྱིས་སྟོད་ལངས་བྱས་ཤིང་། བུད་མེད་དེ་གཉིད་ལས་སད། (སྐབས་དེར་གློག་བརྙན་གྱི་ངོས་ནི་ཉལ་ཁྲི་ཆེན་པོ་ཞིག་གི་ཚུར་ནང་ནས་པ་ཁྲ་ལ་ཕྱོགས་ཏེ་ཡོད་ཅིང་། བུད་མེད་དེ་ཉལ་ཁྲིའི་སྒང་ནས་སྟོད་ལངས་བྱེད་པའི་རྣམ་པ་མཐོང་ལ། འགྲམ་གྱི་ཁྲ་ཡོལ་དེའང་རླུང་བུ་གཉོམ་པོ་ཞིག་གིས་ཅུང་ཙམ་སྒུལ་བར་བྱེད།)
སྟོད་ལངས་བྱས་པའི་བུད་མེད་ཀྱི་གཟུགས་རིས་དེས་ལག་གཉིས་ཀྱིས་མགོ་བོ་འཕྲུག་འཕྲུག་བྱེད་པ་དག་འཆར་འོང་། དེ་ནས་བུད་མེད་ཀྱི་གཟུགས་རིས་དེ་ཅུང་ཙམ་གྱི་རིང་དུ་བསམ་བློ་གཏོང་བའི་ཚུལ་གྱིས་འདུག
རྗེས་ནས་ཡར་ལངས་ཏེ། ཉལ་ལྭས་ལུས་པོ་དཀྲི་ཞོར་པ་ཁྲའི་ཕྱོགས་སུ་འགྲོ། པ་ཁྲའི་འགྲམ་ནས་རླུང་གིས་ནང་དུ་སྤུར་གྱིན་པའི་ཁྲ་ཡོལ་དེ་བཀྱག་ནས། ཕྱེས་འདུག་པའི་རྒྱབ་ཀྱི་པ་ཁྲ་དེ་ཚུར་འཐེན་པར་བྱེད། (སྐབས་དེར་ཕྱེས་འདུག་པའི་པ་ཁྲའི་ནང་རླུང་བུ་འཇམ་པོ་ཞིག་དང་འགྲོགས་པའི་ཁ་བའི་འདབ་ལོ་ཐར་ཐོར་ཞིག་འཐོར་འོང་།) (ཁ་བའི་འདབ་ལོ་འཐོར་བ་དང་རྣོ་རོལ་དྭངས་མོ་ཞིག་ཀྱང་དལ་མོར་གྲགས་སུ་འཇུག)
དེ་ནས་བུད་མེད་ཀྱི་གཟུགས་རིས་དེ་སླར་ཡང་ཉལ་ཁྲིའི་འགྲམ་དུ་ལོག
གྲིབ་རིས་དེ་ཉལ་ཐུལ་དུ་འཛུལ།
འགྲམ་གྱི་ཅོག་སྟེང་ནས་རྣར་གཞུག་ཅིག་ཚུར་བླངས་ཏེ་སྒྲ་ལ་མཉན། (སྒྲ་ནི་ཕྱི་རྒྱལ་གྱི་གླུ་དབྱངས་ལྷོད་མོ་ལྷོད་མོ་ཞིག་ཡིན)
གླུ་དབྱངས་དེ་གྲགས་པ་དང་བསྟུན། གློག་བརྙན་གྱི་ནང་ནས་བུད་མེད་ཀྱི་གཟུགས་རིས་དེ་ཁད་ཇེ་རིང་དུ་སོང་ཞིང་། རིམ་གྱིས་རིམ་གྱིས་ཁང་པ་ནང་དང་། ཁང་པ་དང་། གྲོང་ཁྱེར་དང་། ས་གཞི་སོགས་གླུ་དབྱངས་དེའི་ཁྲིད་དེ་ཇེ་ཆུང་དུ་སོང་མཐར། གནམ་གྱི་མཐོ་སར་བཀྱག་ཏེ་སྤྲིན་པ་དང་ཁ་བའི་འདབ་མ་ལྷུང་བཞིན་པའི་རྣམ་པ་དག་འཆར་འོང་། འཐོར་བཞིན་པའི་ཁ་བའི་འདབ་མ་དང་སྤྲིན་པ་དག་གི་ངོས་སུ་ཟླ་འོད་ཕོག་ཡོད་ལ། (ཇེ་མཐོར་འགྲོ་བཞིན་ཟླ་འོད་གསལ་འོང་བ་མ་གཏོགས། འོག་གི་ས་གཞི་དང་།  གྲོང་ཁྱེར་དང་། ཁང་པ་དག་ནི་ཧ་ཅང་རབ་རིབ་མག་མོག་ཅིག་ཡིན) དེའི་ངོས་སུ“ཁ་བ”ཞེས་པའི་ཡིག་འབྲུ་དཀར་པོ་གཉིས་མོག་པོ་ནས་གསལ་པོར་འཆར་འོང་ཞིང་མཇུག་གྲུབ།

རྫོགས་སོ།། །།
2015.6.1


 

དཔྱད་མཆན་ཡོད།