བརྙན་ཐུང་«རྟོགས་སད »དང་དེའི་འཁྲབ་གཞུང་།

འཁྲབ་གཞུང་རྩོམ་མཁན།  འཁོན་ཐར་རྒྱལ།
མི་སྣ། 
ཐུབ་བསྟན།     བྱིས་པ།     ལོ༡༣          དམའ་འབྲིང་སློབ་མ། 
ཕྱག་རྡོར།       དར་མ།    ལོ༤༥ཡས་མས།   ཐུབ་བསྟན་གྱི་ཨ་ཕ།
འཛོམས་སྐྱིད།    དར་མ།    ལོ༤༠ཡས་མས།    ཐུབ་བསྟན་གྱི་ཨ་མ།
འཁྲབ་གཞུང་དངོས།
༡ ཐབ་ཁང་།    ཞོགས་པ།     ནང་། 
འཛོམས་སྐྱིད་ཀྱིས་ནམ་རྒྱུན་ལྟར་ཁྱིམ་གྱི་ཐབ་ཁང་ནང་ནས་ཞོགས་ཟས་གཡོས་སྦྱོར་བྱེད་ཀྱིན་ཡོད། ཉི་ཟེར་འཇམ་པོ་ཞིག་སྒེའུ་ཁུང་བརྒྱུད་ནས་ཐབ་ཀ་དང་འཛོམས་སྐྱིད་ཀྱི་ལུས་སྟེང་ལ་འཕྲོས་པས་ན་དེ་ནི་ཡིད་དབང་འཕྲོག་པའི་སྣུམ་ཚོན་རི་མོ་ཞིག་དང་འདྲ། མཚམས་འདིར་གློག་བརྙན་གྱི་ཕབ་སྐྲུན་མི་སྣ་དག་གི་མཚན་བྱང་རེ་རེ་བཞིན་ཤར་དགོས། ཁོ་མོས་མཚམས་རེར་ཟས་གཡོས་སྦྱོར་བྱེད་ཞོར་འགྲུལ་ཁང་ནང་ལ་བལྟ་ཙམ་བྱེད། 
༢ འགྲུལ་ཁང་།  ཞོགས་པ།     ནང་།
ཕྱག་རྡོར་འབོལ་ཁྲིའི་སྟེང་དུ་བསྡད་ནས་བརྙན་འཕྲིན་ལ་བལྟ་བཞིན་འདུག ལག་ཏུ་ཕྲེང་བ་བཟུང་ནས་ཁ་མུལ་མུལ་འགུལ་གྱིན་བརྙན་འཕྲིན་ལ་བལྟ་བཞིན་ཡོད།
གློག་བརྙན་གྱི་ཁ་བྱང་།   རྟོགས་སད།
༣          ཐབ་ཁང་།     ཞོགས་པ།    ནང་། 
འཛོམས་སྐྱིད་ཀྱིས་ཐབ་ཁང་ནས་སྐེ་ཕྱི་ལ་བསྲིངས་ནས་ཟེར་དོན།
ཐུབ་བསྟན་བོས་དང་ནངས་ཇ་འཐུང་།   ཉི་མ་དྲོས་ཇ་ཐོན་འདུག  ད་དུང་ཡར་ལངས་མེད་ས་རེད།
༤         འགྲུལ་ཁང་།   ཞོགས་པ།    ནང་། 
ཕྱག་རྡོར་གྱིས་བརྙན་འཕྲིན་ལ་བལྟ་མཚམས་བཞག་རྗེས་གཡོན་ཟུར་གྱི་ཁང་མིག་ལ་གཏད་ནས།
ཐུབ་བསྟན། ནངས་ཆུ་འཐུང་དུ་ཤོག     
ཞེས་སྐད་བརྒྱབ།
༥ ཉལ་ཁང་།       ཞོགས་པ། ནང་། 
ཐུབ་བསྟན་ད་དུང་ཉལ་ཁྲིའི་སྟེང་ན་ཀན་རྐྱལ་དུ་ཉལ་ནས་ཁ་པར་རྩེད་བཞིན་ཡོད། ཕྱི་ཕྱོགས་ནས་ཕ་རྒན་གྱིས་ཐེངས་གཉིས་གསུམ་ལ་འབོད་པ་ཐོས་པས་ཅུང་སུན་སྣང་དང་བཅས།
འོ་ཡ་འོ་ཡ།    
ཞེས་ལན་བཏབ།
༦ འགྲུལ་ཁང་།     ཞོགས་པ།       ནང་།
འཛོམས་སྐྱིད་ཀྱིས་ཐབ་ཁང་ནས་ཟས་ཚོད་རྣམས་འགྲུལ་ཁང་གི་ཅོག་ཙེ་ཐོག་ཏུ་སྐྱེལ་གྱིན་འདུག  ཕྱག་རྡོར་གྱིས་ཀྱང་བརྙན་འཕྲིན་ལ་བལྟ་མཚམས་བཞག་ཏེ་ཕྲེང་བའི་ཕྲེང་མཚམས་བཟུང་རྗེས་ཟ་མ་ཟ་རྒྱུར་སྟ་གོན་བྱེད།   མདུན་ཅོག་སྟེང་དུ་དཀར་སེར་ལྗང་མདོག་གི་དཀར་ཟས་ཀྱི་ཟས་ཚོད་རྣམས་རླངས་པ་ཐུལ་ལི་ལི་བསྒྲིགས་ཡོད།
ཐུབ་བསྟན་གྱིས་ངོ་སྣུམ་ཞིག་གདོང་ལ་བྱུགས་ཞོར་འཁྲུས་ཁང་ནས་སྒོར་བུད་རྗེས་ཐད་ཀར་ཟས་རིགས་བསྒྲིགས་ཡོད་པའི་མདུག་ཅོག་འགྲམ་དུ་འོངས།     འཛོམས་སྐྱིད་ཀྱིས་ཁོ་ཚོ་གསུམ་པོར་དཀར་ཡོལ་དུ་འབྲས་ལྡུག་ཀྱིན་ཡོད།    ཐུབ་བསྟན་མར་འདུག་ཞོར་མདུན་ཅོག་སྟེང་དུ་ཞིབ་ལྟ་བྱེད་ཞོར།
ཨ་མ། དེ་རིང་ཤ་ཚོད་གཅིག་ཀྱང་མེད་དམ། 
འཛོམས་སྐྱིད་མར་འདུག་སྟེགས་སྟེང་དུ་འདུག་ཞོར། 
མ་ལོ། དེ་རིང་ས་ག་ཟླ་བ་རེད། ངེད་ཚང་གི་བཟའ་མི་ཁ་ཚང་པོས་ཟླ་གཅིག་ལ་དམར་ཟས་སྤོང་རྒྱུ་བྱེད། 
ཐུབ་བསྟན་མ་རེངས་པའི་ཉམས་གྱིས།
ས་ག་ཟླ་བ་ཟེར་ན་ཅི་རེད།
ཕྱག་རྡོར་གྱིས་ཟ་མ་ཟ་ཞོར།
ས་ག་ཟླ་བ་ཟེར་ན་སྟོན་པ་ཤཀྱཱ་ཐུབ་པ་སྐུ་འཁྲུངས་པ། སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པ་སྟེ་དུས་ཆེན་སུམ་འཛོམས་ཞིག་རེད། ང་ཚོ་ནང་པ་སངས་རྒྱས་ཀྱི་ཆོས་པ་ཚོར་མཚོན་ན་དུས་ཆེན་གལ་ཆེན་ཡིན་ནི་རེད། 
ཐུབ་བསྟན་གྱིས་ཅི་ཡང་མི་ཟེར་པར་བསྡད། 
འཛོམས་སྐྱིད་ཀྱིས།
མ་ལོ།   ད་ཟོ།   ཉིན་གཅིག་གཉིས་ལ་འབད་པ་བྱོས་དང་དེ་ནས་ལོབ་འགྲོ་ནི་རེད།
ཐུབ་བསྟན་གྱིས།
ཤ་མེད་ན་ངས་ཅང་བཟའ་མི་བསམ་གི
ཟེར་ནས་མགོ་བོ་སྨད།
ཕྱག་རྡོར་གྱིས།
ཉི་མ་གཅིག་ལའང་མ་ཆད་པར་ད་བར་དུ་ཟོས་པ་མིན་ནམ།  ད་བདུད་ཉན་སོང་ནི་རེད་ཡ།  ཟླ་བ་གཅིག་ལ་མ་ཟོ་པས་ཤི་ནི་མ་རེད།  ད་ཟོ།
ཟེར་ནས་སྐད་ངར་བརྒྱབ།
ཐུབ་བསྟན་གྱིས།
སློབ་གྲོགས་ཚང་མས་ཤ་ཟ་ནི་རེད། ངས་ཟླ་བ་གཅིག་ལ་མ་ཟོས་ན་བཟའ་རྒྱུ་གཞན་པ་ཅི་ཡང་ཡོད་ནི་མ་རེད།
ཟེར་ཞོར་ཉལ་ཁང་དུ་བུད་སོང་། 
འཛོམས་སྐྱིད་ཀྱིས།
ཐུབ་བསྟན། 
ཟེར་ཡང་ཐུབ་བསྟན་གྱིས་ལན་མ་བཏབ་པར་ཉལ་ཁང་གི་སྒོ་བརྒྱབ།   ཨ་མ་འཛོམས་སྐྱིད་ཀྱིས་ཕྱག་རྡོར་གྱི་རྣམ་འགྱུར་ལ་བལྟ་ཞོར་ཐུབ་བསྟན་གྱི་ཉལ་ཁང་གི་ཕྱོགས་སུ་སོང་།      ཨ་ཕ་ཅུང་ཙམ་ཁྲོ་བའི་ཉམས་ཀྱིས་དཀར་ཡོལ་མར་བཞག་ནས།
བདུད་ཕྲུག      ད་ཟ་མ་ཟིག་ཡང་ཟ་གི་མི་འཇོག་གི
༧ ཉལ་ཁང་།      ཞོགས་པ། ནང་།
ཐུབ་བསྟན་ཉལ་ཁྲི་སྟེང་དུ་ཁ་ཕར་འཁོར་ནས་ཉལ་བསྡད་ཡོད།  ཨ་མས་སྒོ་ཕྱེས་ནས་ནང་དུ་ཐོན། ཁོས་འགྲམ་དུ་བསྡད་ནས།
མ་ལོ། དཀར་ཟས་ཟོས་ན་རང་གི་ལུས་པོ་ལའང་ཕན་ཐོགས་ནི་རེད། ཡང་གཅིག་བཤད་ན་ཤ་ཡོད་ཚད་པོ་དུད་འགྲོ་སྲོག་ཆགས་དག་དག་བསད་ནས་ཐོན་ནི་རེད། དེ་ཚང་མ་སྙིང་རེ་རྗེ།
ཐུབ་བསྟན་གྱིས།
སྙིང་རྗེ་ཟེར་ནས། ངས་སྲོག་ཆགས་དུད་འགྲོ་ཟིག་བསད་མ་མྱོང་། 
འཛོམས་སྐྱིད་ཀྱིས། 
དེ་ལྟར་ཟེར་མི་ཉན། སྲོག་ཆགས་དེ་དག་ངེད་ཚོ་ཤ་ཟ་མཁན་ཚོས་ཆེད་དུ་བསད་ནི་མིན་ན་སུས་ཆེད་དུ་རེད། 
ཐུབ་བསྟན་གྱིས་ཅི་ཡང་བཤད་རྒྱུ་མ་རྙེད་པར་ཁ་པར་ཕར་སློག་ཚུར་སློག་བྱས།
འཛོམས་སྐྱིད་ཀྱིས་མུ་མཐུད་ནས། 
མ་ལོ། ཁྱེད་ཀྱིས་ཆུང་དུས་ང་ཚོ་རྩྭ་ཐང་ན་ཡོད་དུས་དེ་ཨེ་དྲན་གི  དེ་དུས་ཁྱོད་ལ་རྩེད་རོགས་བེའུ་ཐོད་དཀར་ཞིག་ཡོད་ནོ་ཨེ་དྲན་གི
ཐུབ་བསྟན་ཁ་རོག་གེར་བསྡད། 
འཛོམས་སྐྱིད་ཀྱིས། 
ཁྱེད་ཀྱིས་ཨེ་དྲན་གི     
ཞེས་གཏིང་འདྲི་བྱས།
ཐུབ་བསྟན་གྱིས།
དྲན་གི    དུང་ཆུང་ཟེར་ནས་མིན་ནམ།      
ཞེས་འཐད་ལ་མི་འཐད་ངང་བཤད།
འཛོམས་སྐྱིད་ཀྱིས།
འོ་ཡ། ངོ་མ་རེད།   དུང་ཆུང་རེད།   ཁྱེད་ཀྱི་སེམས་ན་ད་དུང་ཡོད་ཁུ་མོ།  ཁྱོད་ཆུང་དུས་ཀྱི་རྩེད་རོགས་གཅིག་པུ་རེད། ནངས་མོ་དེར་བེའུ་དུང་ཆུང་གི་ཨ་མ་འབྲི་མོ་རྒྱ་ཐོ་མ་སྤྱང་ཀིས་བསད་སོང་བས་ཁྱོད་ངུ་རྒྱུགས་བྱས་པ་དྲན་ནམ། 
ཐུབ་བསྟན་འཕག་ཙམ་བྱས་ནས་ཅི་ཡང་མ་སྨྲས།
འཛོམས་སྐྱིད་ཀྱིས་མི་མཐུད་དུ།
སྙིང་མ་རྗེ། ཨ་མ་སྤྱང་ཀིས་བསད་རྗེས་དུང་ཆུང་མ་ངུར་ནས་གང་ཡིན་ལ་འགྲོ་ཤོར་བྱས། ཁྱོད་དུང་ཆུང་མའི་རྗེས་སུ་རྒྱུགས་ནས་ངུས་བ་རེད། ཁྱོས་དུང་ཆུང་མར་རོ་སྐྱིན་ལེན་གི་ཡིན་ཟེར་ནས་ཉིན་རྒྱུན་རྒྱབ་རི་འགོས་ནས་སྤྱང་ཀི་ལ་བསྒུགས་པ་རེད།     ཁྱོས་ཨེ་དྲན་གི
ཐུབ་བསྟན་གྱིས་ཅི་ཡང་མི་ཟེར།
འཛོམས་སྐྱིད་ཀྱིས།  
བེའུ་དེ་སྙིང་མ་རྗེ། དྭ་ཕྲུག་ཏུ་གྱུར་སོང་བས་ཁྱོས་དེར་ཐུབ་ཚོད་བྱེད་ནི་མིན། སྟེང་ལ་ཞོན་ནས་རྩེད་ནི་མིན་ཟེར་ནས་གཅེས་གཅེས་བྱེད་ནི་རེད་མོ། ད་རུང་ང་ཨ་མ་ཡོད་ནི་རེད། ཁྱོད་ཨ་མ་ཡོད་ནི་མ་རེད་ཟེར་ནས་བེའུ་ལ་འཇུས་ནས་ངུས་པ་ཨེ་དྲན་གི
ཅུང་ཙམ་ནས་ཡང་བསྐྱར།
དེ་རྗེས་ནས་རི་དྭགས་སྐྱོ་གླུ་ཟོ་ཉན་ནའང་ཁྱོས་བེའུ་དུང་ཆུང་སྙིང་མ་རྗེ་ཟེར་ནས་ངུ་ལ་མོ། ད་ནི་ཁྱེད་ལ་ཅི་བྱུང་། ཁྱོས་འདི་ལྟར་ཤ་ཏག་ཏག་ཟོས་ན་ཁྱོད་དང་སྤྱང་ཀི་དེ་གཉིས་ལ་ཁྱད་པར་ཅི་ཞིག་ཡོད་ནི་རེད།  ངེད་ཚོས་ཟ་གིན་པའི་ཟོག་ཤ་ཡང་ས་ལས་ཐོན་པ་མ་རེད། གནམ་ནས་ལྷུང་བ་མ་རེད། ཤ་དེ་དག་ཡང་གཅིག་བཤད་ན་བེའུ་ཟིག་གི་ཨ་མའི་ཤ་ཡིན་ན་ཐང་། དེ་མིན་ན་ཟོག་ཨ་མ་ཟིག་གི་ཕྲུ་གུའི་ཤ་ཡིན་ནི་རེད།  ང་ཚོ་ཤ་ཟ་ཚོའི་ཆེད་དུ་བསད་རྗེས་དེ་དག་གི་ཕྲུ་གུ་སྙིང་མི་རྗེའམ། དེ་དག་གི་ཨ་མར་སྙིང་མི་རྗེའམ།      
ཟེར་ནས་གཏིང་འདྲི་བྱས། 
ཐུབ་བསྟན་མལ་ཁྲི་ལས་འཕག་ཙམ་བྱས།
འཛོམས་སྐྱིད་ཀྱིས། 
མ་ལོ། ཚེ་གཅིག་ལ་ཟེར་རྒྱུ་དཀའ་མོ་ཡིན་ནི་རེད། ཟླ་བ་གཅིག་ལ་མ་ཟ་ཨ་མས་ཁར་ཉོན་ཨ།
ཟེར་ནས་ཐུབ་བསྟན་གྱིས་ལན་ལ་བསྒུག   ཐུབ་བསྟན་གྱིས་ཅི་ཡང་མི་ཟེར་པར་ཁ་པར་ངོར་བལྟས་ནས་བསྡད།   ཨ་མས་ཅུང་ཟད་ལ་བསྒུག་རྗེས་ཅུང་ཟད་ཁྲོ་མཉམ་དང་བཅས།
ཁྱོད་འདི་ངོ་མས་སེམས་ཟིག་མེད་ཁུ།
ཟེར་ནས་སྒོར་བུད།    ཐུབ་བསྟན་གྱིས་ཁ་པར་མར་བཞག་ནས་ཀན་རྐྱལ་དུ་ཉལ་བསྡད། 
རོལ་མོ་གྲགས། 
ཐུབ་བསྟན་གྱིས་ཡིད་ལ་བེའུ་ལི་དུང་ཆུང་ཤར།«མཚོན་མདོག་སྐྱ་བོ»
བེའུ་ལི་དུང་ཆུང་གཅིག་པུ་ངུར་བཞིན་མདུན་རྒྱབ་ལ་བལྟ་བ་དྲན། «མཚོན་མདོག་སྐྱ་བོ»
ཐུབ་བསྟན་གཡས་ཟུར་འཁོར་ནས་ཉལ།
ཡིད་ལ་མི་མཐུད་དུ་བེའུ་ལི་དུང་ཆུང་དྲན། «མཚོན་མདོག་སྐྱ་བོ»
ཐུབ་བསྟན་ཉལ་ས་ནང་ནས་ཡར་འཁོར་མར་འཁོར་བྱས་ནས་འདང་རྒྱག་གི་ཀློང་དུ་འཐིམས།
༨ ཐབ་ཁང་།     ཞོགས་པ། ནང་།
འཛོམས་སྐྱིད་ཅུང་ཟད་ཁྲོ་བས་ཉམས་ཀྱིས་ཤ་གཏུབ་ནས་དམར་ཟས་ལས་རྒྱུར་གྲ་སྒྲིག་བྱེད་ཀྱིན་ཡོད། 
ད་ནི་ངོ་མས་བཤད་སའང་མི་འགྲོ་གི     ད་ཤ་ཟ་གི་འཇོག་ན་མ་གཏོགས་ཁའང་གྲགས་ས་མ་རེད།
ཟེར་ནས་འཁང་ར་བྱས།
༩ འགྲུལ་ཁང་།    ཞོགས་པ། ནང་།
ཕྱག་རྡོར་གྱིས།   
ད་ཁྱེད་ཀྱིས་ངན་ལངས་སྐྱག་ལངས་དུ་བཏང་པས་མཇུག་འབྲས་འདི་རེད།     
 ཟེར་ནས་ཁོང་ཁྲོ་ལངས།
༡༠ ཐབ་ཁང་།        ཞོགས་པ། ནང་།
འཛོམས་སྐྱིད་ཀྱིས་ཅི་ཡང་མི་བཤད་པར་ཤུགས་ཀྱིས་ཟ་མ་ལས།     དམར་ཟས་ལས་པ་ཞིབ་འབྲི།    ཅུང་ཟད་ནས་འཛོམས་སྐྱིད་ཀྱིས་ཐབ་ཁང་ནས་འགྲུལ་ཁང་ལ་ཁ་གཏད་ནས།
ཐུབ་བསྟན་བོས་ཤོག་དང་ད་ཤའི་ཟ་མ་ལས་ཚར་ཡོད།
༡༡ འགྲུལ་ཁང་།       ཞོགས་པ། ནང་།
ཕྱག་རྡོར་འདོད་ལ་མི་འདོད་ངང་ཡར་ལངས་ནས་ཉལ་ཁང་སྒོ་ཁར་སོང་ཏེ་སྒོ་ཕྱེས་རྗེས།
ཡ་ད་ཟ་གི་ཤོག     ཨ་མས་ཤའི་ཟ་མ་ལས་ཡོད་ཀི
ཟེར་རྗེས་ཕྱིར་འོང་ནས་བསྡད།     ཨ་མས་ཤའི་ཟ་མ་ཁྱེར་ཡོང་ནས་མདུན་ཅོག་སྟེང་དུ་བཞག    ཐུབ་བསྟན་ག་ལེར་ཉལ་ཁང་ནས་སྒོར་ཐོན་ཏེ་མདུན་ཅོག་གི་ཐད་ནས་བསྡད།    མདུན་ཅོག་སྟེང་དུ་དཀར་ཟས་གསུམ་དང་དམར་ཟས་གཅིག་བསྒྲིགས་འདུག       ཨ་མས་དམར་ཟས་ཐུབ་བསྟན་གྱི་མདུན་དུ་ཅུད་ཟད་ཕར་དེད་ནས།
ཡ་ད་ཟོ   ངེད་གཉིས་ཀྱིས་ས་ག་ཟླ་བར་ཤ་ཟ་ནི་མིན།  ད་རང་གིས་ཟོ།
ཟེར་ནས་རང་གི་ཅ་ནེ་ཕར་བླངས་ནས་ཟ་འགོ་བརྩམས།    ཐུབ་བསྟན་གྱིས་རང་གི་མདུན་གྱི་དམར་ཟས་ལ་བལྟ་ཙམ་བྱས་རྗེས་ལག་པས་ཕར་དེད། 
རོལ་མོ་གྲགས།
ཐུབ་བསྟན་གྱིས།
ཨ་མར་བལྟས་ནས།
ཨ་མ།  ཁྱོད་བདེན་གི  ངས་འདི་འདྲའི་བག་མེད་ཀྱིས་ཤ་ཟོས་ན།  ང་ཡང་དུང་ཆུང་གི་ཨ་མ་བསོད་མཁན་གྱི་སྤྱང་ཀི་དེ་དང་ཁྱད་པར་གང་ཡང་མེད་གི    ངས་ཡང་ཟླ་འདིར་ཤ་མི་ཟ། 
འཛོམས་སྐྱིད་ཀྱིས་གློ་བུར་བའི་སྐད་ཆ་དེ་ཐོས་རྗེས་ཅུང་ཟད་འཛུམ་ཉམས་ངང་ཨ་ཕར་བལྟ་ཙམ་བྱས་རྗེས་ཐུབ་བསྟན་ལ།
ངའི་བུ་འདི་འདྲ་ཟིག་ད་ཡིན་མོ། མ་ལོ་ད་ཟོ།  ཁྱོས་ལུས་པོ་འདི་འདྲ་རྒྱགས་ཀི ཤ་མ་ཟོ་ན་ལུས་པོར་ཡང་ཕན་ནི་རེད། ཡ་ད་ཟོ།  
ཕྱག་རྡོར་ཡང་ཅུང་ཟད་དགའ་བས་ཉམས་ཀྱིས།  
འོ་ལེ།     སྐྱེས་པ་ཕོ་ཟིག་ལ་རིག་ཡོད་ཀི་མོ    ཡ་ད་ཟོ།
ཟེར་ནས་རང་གིས་ཡང་མུ་མཐུད་དུ་ཟས།   
འཛོམས་སྐྱིད་ཀྱིས་ཐུབ་བསྟན་མདུན་གྱི་དམར་ཟས་ཕར་བླངས། 
ཐུབ་བསྟན་ཡང་ཅུང་ཟད་འཛུམ་པའི་ཚུལ་གྱིས་ཐུར་མ་བླངས་ནས་ཟ་མ་ཟ་འགོ་བརྩམས།     
བཟའ་མི་གསུམ་པོས་མུ་མཐུད་དུ་སྤྲོ་དགའ་དང་བཅས་ཟ་མ་ཟ་བཞིན་ཡོད། 
བརྙན་ཡོལ་ཡུན་གྱིས་གཟིམ།



བརྙན་ཐུང་འདི་ནི་ཚེ་གཅིག་གི་དཀར་ཟས་པ་བསོད་ནམས་མགོན་པོ་དང་མཚོ་ཡག་གཉིས་ཀྱིས་སྣེ་ཁྲིད་འཁྲབ་སྟོན་བྱས་པ་དང་།   བོད་ཁུལ་གྱི་རྫོང་མཁར་ག་གེ་མོ་ཞིག་ན་གཞིས་ཆགས་པའི་བོད་རིགས་ཀྱི་ཁྱིམ་ཚང་ཞིག་གིས་སྔ་མོ་ནངས་ཇ་འཐུང་བའི་སྟ་གོན་གྱི་སྐབས་སུ་ཕ་མ་དང་ཕྲུ་གུའི་བར་ནས་བྱུང་ནས་འགལ་བ་གཞིར་བཟུང་སྟེ།   མིའི་རིགས་ཀྱི་བཟའ་བཏུང་ལས་བསྐྱེད་པའི་ངེས་ཤེས་གསར་བ་ཞིག་དང་ས་ག་ཟླ་བའི་དུས་ཆེན་ལ་ཀུན་པོས་དཀར་ཟས་ལ་རོལ་དགོས་པའི་འབོད་སྐུལ་བཏང་ཡོད། 
           བརྙན་ཐུང་འདིས།  དུས་དང་ཡུལ་གྱི་དབང་གིས་མི་མང་པོ་ཞིག་གི་རྒྱུད་ན་བག་ལ་ཞ་བའི་བྱམས་སེམས་དང་སྙིང་རྗེ་ཡི་རྟོགས་པ་སད་ནས་འཚེ་མེད་ཞི་འཇགས་ཀྱི་འཚོ་བ་དྭངས་མོ་ཞིག་བསྐྲུན་ཐུབ་པའི་རེ་འདུན་བཅངས་ཡོད། 

དཔྱད་མཆན་ཡོད།