ལག་གཡུག་བྱེད་བཞིན་པའི་ཨ་ཕ།

 སྤྲིན་དཀར་གྱི་གདེངས་སུ་ཟུག་པའི་ཨ་མྱེས་དུང་རི་དཀར་པོ་ནི་གཤིན་རྗེ་དངོས་སུ་བྱོན་པ་ལྟར་འཇིགས་རུང་གི་ཉམས་འགྱུར་སྟོང་དང་ལྡན་པའི་སྒོ་ནས་ལྷིང་ངེར་འགྱིང་འདུག  རི་ཀླུང་ཀུན་ནི་དབེན་ཞིང་འཇགས་པས་ཡོད་ཚད་འཇམ་ཐིང་ངེར་ཡོད། འོན་ཀྱང་བྲེལ་འཚུབ་ཀྱི་རྣམ་པ་ཞིག་ཡོད་པ་ནི་བཟོ་བ་རྡོར་མགོན་ཚང་རེད།

1.རྡོར་མགོན་གྱི་ཁྱིམ།   སྔ་དྲོ།  ནང་བརྙན།

        ཨ་མ་ནོར་སྐྱིད་ཀྱིས་ཁྱིམ་དཀྱིལ་གྱི་རྡོ་མཆིག་ལག་སྐོར་ལས་རྩམ་པ་འཐག་བཞིན་འདུག  རྡོར་མགོན་གྱིས་ཚ་ཐབ་སྟེང་དུ་ལྭ་བ་འཚེམ་བཟོ་བྱེད་བཞིན་འདུག

དཔལ་མོ།  (ཨ་མས་རྩམ་པ་འཐག་བཞིན་པ་ལ་བལྟ་བཞིན།)ཨ་མ། རྩམ་པ་འདི་འདྲ་མང་པོ་འཐག་ནས་ཅི་བྱེད། བལྟོས་དང་སྒྱེ་མོའི་ཁ་བཀང་ལ་ཉེ།

ནོར་སྐྱིད།  (ཨ་མའི་གདོང་ལ་ཐེ་ཚོམ་དང་སྐྱོ་ཉམས་ཤིག་ཐོན་པ་བཙན་གྱིས་བཀག་སྟེ་བཙན་གྱིས་འཛུམ་མདངས་ཤིག་མངོན་པར་བྱས་ཏེ།)ཨ་མའི་ལོ་ལོ།  ཁྱོས་ཤེས་ནི་མ་རེད།  གཞུག་ནས་ཟ་རྒྱུ་དགོས་ནི་རེད།

ནོར་བུ།    (ཨ་ཕའི་འཚེམ་གོས་ཀྱི་སྣེ་མོ་བཟུང་སྟེ་འཚེམ་བཟོ་བྱེད་པ་ལ་བལྟས་ནས།) ཨ་ཕ།  ཁྱོས་ཉི་མ་འདི་འདྲ་མང་པོ་ཞིག་ལ་གོན་རྒྱུ་ཏག་ཏག་བཟོས་ནས་ཅི་བྱེད། ང་ཚོར་གོན་རྒྱུའི་བོད་ལྭ་ཡོད་ཁི་མོ།

རྡོར་མགོན། (རྡོར་མགོན་གྱིས་བྱིས་པའི་གདོང་ལ་བལྟ་མི་ཕོད་པ་ལྟར་མིག་གིས་ཕུར་ཚུགས་སུ་ལག་ནང་གི་ལྭ་བར་བལྟས་ནས།)ལྭ་གོན་རྒྱུ་མང་ན་ཧྲ་ནི་རེད།  གཞུག་ནས་དགོས་ནི་རེད། དགུན་ཐོན་ན་ཟི་ཚར་མཐུག་པོ་གོན་ན་གྲང་ནི་མ་རེད།  ད་འདྲི་རྒྱུ་མ་མང་། ངའི་སྐུད་སྣེ་ཡག་པོར་བཟུང་། འཁྱོག་སོང་ན་ལྭ་བ་ཡག་ནི་མ་རེད།

2.རྡོར་མགོན་གྱི་ཁྱིམ།  ས་སྲོད། ནང་བརྙན།

       ཨ་མ་ནོར་སྐྱིད་ཀྱིས་རྩམ་པ་ཡོངས་སུ་འཐག་ཚར་ནས་སྒྱེ་མོའི་ནང་དུ་བླུགས། ཁ་མདུད་དེ་ཕར་ལ་བཞག   རྡོར་མགོན་གྱིས་ལྭ་བ་བཟོས་ཚར་ནས་བལྟབས་ཏེ་ཡར་བཞག

ནོར་སྐྱིད།  ཨ་རྒད་པོ།  ང་ཁྱོད་ལ་གྲོས་ཤིག་བྱ་རྒྱུ་ཡོད་ཁི།(མོས་དེ་ལྟར་བཤད་མ་ཚར་གོང་ནས་མིག་ཟུང་རྡོར་མགོན་གྱི་གདོང་ལས་སྒེའུ་ཁུང་ཕྱི་རོལ་གྱི་གནས་གང་ཞིག་ལ་ཅེར།)

རྡོར་མགོན།  ང་ཡང་གྲོས་ཤིག་བྱེད་རྒྱུ་འདུག (ཁོའི་སྐད་གདངས་གཉོམ་ལ་ཅུང་འདར་བཞིན་འདུག  གཉིས་ཀས་ཕན་ཚུན་གྱི་གདོང་ལ་ལྟ་མི་ཕོད་པར་མགོ་བོ་ས་ལ་དུད།)

          བྱིས་པ་གསུམ་པོ་མཛའ་བརྩེ་ལྡན་པའི་ངང་སྒོའི་ཕྱི་རོལ་ན་རྩེད་མོར་གཡེང་ནས་འདུག  ཁོ་གཉིས་ཀྱིས་ཕན་ཚུན་གྱི་མིག་མདངས་ལས་ཅི་ཞིག་རྟོགས་སོང་བ་ལྟར་སྨྲ་བརྗོད་ཅི་ཡང་མེད་པར་ཁུ་སིམ་མེར་གྱུར་སོང་།

3.རྡོར་མགོན་གྱི་ཁྱིམ།  ཞོགས་པ།  ནང་བརྙན།

ནོར་སྐྱིད། (བྱིས་པ་གསུམ་པོ་བྲང་ཁར་སྦྱར་ནས་འོ་རེ་བྱས་ཏེ་འཛུམ་མདངས་ཤིག་བཙན་གྱིས་བསྟན་ནས།)དེ་རིང་ཁྱོད་ཚོ་མ་གིའི་གད་པ་སྐྱ་ལྡིང་ཡོད་ས་དེར་སོང་ལ་རྩེད་མོར་རྩེ་ནས་སྡོད། ཕྱི་དྲོ་ཨ་ཕས་ལག་གཡུག་མ་བྱས་ན་ཡུལ་ལ་ཡོང་མི་ཉན། ཨེ་གོ་ཐལ།  ཡོང་མི་ཉན།  སེམས་ལ་ཟུངས། ནོར་བུ་ཁྱོད་བུ་ཆེ་བོ་རེད།  བསམ་ཤེས་བོ་ར་ཁྱོད་རེད།  རང་གི་ནུ་བོ་ར་སྲིང་མོ་གཉིས་ཀ་བདག་སྐྱོང་ཡག་པོ་བྱོས།

ནོར་བུ།   འོ་ཡ་ཨ་མ།  ང་ཚོས་དེ་རིང་ང་ཚོས་ནོར་ལུག་གི་རྩེད་རྡོ་སྒྲིག་ནས་རྩེ་རྒྱུ་ཡིན། འགྲོ་ཡ། ང་ཚོ་རེ་མ་འགྲོ། (བྱིས་པ་རྣམས་རྩེད་མོ་རྩེ་བར་སོང་།)

རྡོར་མགོན།   ནོར་བུ།  ཕྱི་དྲོ་ངས་ལག་གཡུག་མ་བྱས་བར་དུ་ཡུལ་ལ་མ་ཡོང་།  གོ་སོང་ངམ།

ནོར་བུ།     འོ་ཡ། གོ་སོང་།

        བྱིས་པ་གསུམ་གྱིས་ནོར་ལུག་གི་རྩེད་རྡོ་སྒྲིག་སྟེ་རྩེ་བ་དང་ཕ་མའི་ཚུལ་དུ་སྡད་ནས་ཟ་མ་གཡོ་སྐོལ་བྱས་ཏེ་རྩེ་ནས་ཕྱི་དྲོའི་བར་དུ་སྡད།

4.གད་པ་སྐྱ་ལྡང་། ཕྱི་དྲོ།  ཕྱི་བརྙན།

དཔལ་མོ།   ཕུ་བོ།  ད་ངའི་ཕོ་བ་ལྟོགས་ཀི།  ང་རྩེད་ན་མི་འདོད་ཀི། ཨ་ཕས་ལག་གཡུག་ཡེད་ཀི་ཨེ་ཡོད་ཀི།

ནོར་བུ།   འོ་ད་ཕྱི་དྲོ་ལོན་འདུག   ངས་ཅིག་བལྟ།  འོ་ཨ་ཕས་ལག་གཡུག་བྱེད་བཞིན་འདུག  ད་འུ་ཚོ་ཡུལ་ལ་འགྲོ་ཡ།

དཔལ་མོ།  འོ་ད་ཧྲ་སོང་ནི་རེད།  འགྲོ་ཡ།

ནུ་བོ།      འོ་ད་ཧྲ་སོང་ནི་རེད།  ངའི་ཕོ་བ་ར་ལྟོགས་ཀི།

       བྱིས་པ་གསུམ་ཡུལ་དུ་ལོག  མ་གཞིར་ཨ་ཕས་ལག་གཡུག་བྱེད་བཞིན་འདུག་ཟེར་བ་ནི་དོན་དངོས་མིན་པར་དབྱུག་པ་ཞིག་གི་རྩེ་མོར་ཨ་ཕའི་ཕུ་ཐུང་བཏགས་འདུག་པ་དེ་རླུང་གིས་གཡུག་གཡུག་བྱེད་བཞིན་པ་དེ་ཡིན་འདུག 

5.རྡོར་མགོན་གྱི་ཁྱིམ།  ཕྱི་དྲོ།  ནང་བརྙན།

        ཁྱིམ་དུ་བསླེབས་དུས་ཁང་བའི་ནང་སྟོང་ཞིང་འཇགས། ཐབ་ཀའི་སྟེང་དུ་འོ་མ་དཀར་ཡོལ་གསུམ་བླུག་ནས་བཞག་འདུག  ཁོ་ཚོས་མྱུར་དུ་འོ་མ་ཧབ་འཐུང་བྱས།

ནོར་བུ།   འོ་མ་ད་རུང་འཁྱག་མི་འདུག  ད་སོ་མ་སྐོལ་ནས་བཞག་ནི་ཡིན་རྒྱུ་རེད།  ཕ་མ་གཉིས་ཐག་རིང་ལ་མ་སོང་བ་འདྲ།

དཔལ་མོ།   ཨ་མ།  ཨ་མ།

ནོར་བུ།    ཨ་ཕ།  ཨ་ཕ།

ནུ་བོ།      ཨ་མ།  ཨ་མ། 

       བྱིས་པ་གསུམ་གྱིས་སྒོའི་ཕྱི་ནང་ཀུན་ལ་བཙལ་བཞིན་ཕ་མ་གཉིས་ཀྱི་མིང་ནས་བོས་ན་ཡང་ཨ་ལན་སྟེར་མཁན་མ་བྱུང་།

6.རྡོར་མགོན་ཁྱིམ་གྱི་སྒོ་མདུན།  ས་སྲོད།  ཕྱི་བརྙན།

དཔལ་མོ།  ཕུ་བོ།  དེ་རིང་བར་དུ་ཉིན་བདུན་ལ་བལྟས་ནི་རེད།  ཕ་མ་གཉིས་ཀ་མ་ཡོང་ཐལ།  ད་ཅི་བྱེད།

ནོར་བུ།   དཔལ་མོ།  སྐྱོན་ཡོད་ནི་མ་རེད།  ཡོང་ནི་རེད། ཁྱོ་ཇ་སྐོལ་དུ་སོང་།  ནུ་བོ་ངེད་གཉིས་ཀྱིས་བལྟ། (དཔལ་མོ་ནང་ལ་སོང་། )

ནུ་བོ།  (ལག་གཉིས་ནོར་བུའི་སྐེ་ལ་འཐམ་ཞིང་མིག་གིས་མདུན་ཕྱོགས་ཀྱི་ཨ་མྱེས་དུང་རི་དཀར་པོར་ཅེར་འདུག  འབག་བཙོག་ཏུ་གྱུར་བའི་གདོང་ལ་ངུ་བྲོ་བའི་ཉམས་ཤིག་ཐོན་འདུག) ཕུ་བོ།  ཕ་མ་གཉིས་ཀ་གང་ལ་བུད་སོང་ནི་རེད།  ནམ་ཡོང་རྒྱུ་རེད།   ང་སྐྲག་ཀི།  (ཁོས་བཙན་གྱིས་བཟོད་བསྲན་བྱས་ཀྱང་སྲོན་མ་ཐུབ་པར་མིག་ནས་མཆི་མ་ལྷུང་།)

ནོར་བུ། ནུ་བོ་ཁྱོད་སྐྲག་དགོས་ནི་མ་རེད། ཕ་མ་གཉིས་ཀ་འུ་ཚོའི་གཞི་བདག་ཨ་མྱེས་དུང་རི་དཀར་པོའི་ནོར་རྫི་ལ་བུད་སོང་ནི་རེད།  ནོར་ལ་རྩྭ་ཁ་ཡག་པོ་བྱས་རྗེས་ཡོང་ནི་རེད།

ནུ་བོ།     ནོར་རྫི་ལ་གང་ལ་བུད་སོང་ནི་རེད།

ནོར་བུ།   དེ་ངས་མི་ཤེས་ར། ཨ་མས་འོ་མ་བཞོས་ནས་མར་ལོ་ཁྱེར་ནས་ཡོང་ནི་རེད། (ནོར་བུས་སྐད་ཆ་བཤད་སྐབས་གདེང་ཚོད་ཅི་ཡང་མི་འདུག  ད་དུང་ཅི་ཞིག་བཤད་རྩིས་བྱས་ཀྱང་མགྲིན་པ་ཡོངས་སུ་བརྣངས་ཏེ་བཤད་མི་ཐུབ་པར་གྱུར། ཁོས་ནུ་བོར་མི་མཐོང་བར་བྱས་ཏེ་རང་གི་མིག་ཆུ་ཡོངས་སུ་ཕྱིས།)

ནུ་བོ།     ཕུ་བོ་ཁྱོས་གཞི་བདག་ཨ་མྱེས་དུང་རི་རིག་ཨེ་མྱོང་།

ནོར་བུ།   མ་མྱོང་།

ནུ་བོ།    ངས་རིག་མྱོང་། ནམ་རྒྱུན་མཚན་གུང་ང་གཉིད་རབ་རིབ་ཀྱི་སྐབས་སུ་འུ་ཚང་ལ་ཡོང་ནས་ཨ་ཕའི་གདོང་ལ་མཛུབ་མོ་ཀེར་ནས་ཁྱོས་ངའི་ནོར་རྫི་ཐུབ་ཀི་མི་འདུག་ཅེས་ལེ་བདའ་བྱེད་གི་འདུག   ཁོ་རྒན་པོ་ཆེད་པོ་འཇིགས་སུ་རུང་བ་ཞིག་རེད།  ངས་བལྟ་མ་ཐུབ་པར་མགོ་རུམ་ལ་བཏང་ནས་སྡད་པ་ཡིན།

      ནོར་བུས་སྐད་ཆ་ཅི་ཡང་མི་བཤད་པར་ནུ་བོའི་མགོ་བོ་རང་གི་དང་ཁར་སྦྱར་ནས་མིག་གིས་རྒྱང་རིང་གི་ཕྱོགས་སུ་བལྟས་ནས་འདུག  ངོ་གདོང་དུ་གཏོལ་བྲལ་དང་སྐྱོ་ཉམས་ཤིག་ཐོན་འདུག 

ཨ་ཕའི་ཕུ་ཐུང་ད་དུང་དབྱུག་པའི་རྩེ་ན་རླུང་གིས་གཡུག་བཞིན་འདུག   ཁོར་ཡུག་སྟོང་ཞིང་འཇགས།  མུན་ཡུན་གྱིས་རུབ་སོང་།

དཔྱད་མཆན་ཡོད།