གློག་བརྙན་བརྙན་ཕབ་ཀྱི་པར་སྒོའི་སྐོར་མདོ་ཙམ་བཤད་པ།

         གློག་བརྙན་བརྙན་ཕབ་ཀྱི་པར་སྒོ་དེ་མདོར་བསྡུས་ན་གསུམ་དུ་འདུ་སྟེ། བརྙན་ཁྱད་པར་སྒོ་དང་འགུལ་སྐྱོད་པར་སྒོ། པར་སྒོ་གཞན་དག་བཅས་སོ། །
དང་པོ། བརྙན་ཁྱད་པར་སྒོ་ཅི་ཞིག་ལ་བརྙན་ཁྱད་ཟེར།
article-new_ehow_images_a05_4d_mt_make-scary-movies-800x800.           མི་རྣམས་ལ་བརྙན་ཡོལ་གྱི་ངོས་སུ་རང་གི་མཐོང་འདོད་པའི་མངོན་སྟངས་མི་གཅིག་པའི་ཡུལ་གྱི་བར་ཐག་དང་ཟུར་གནས་མི་གཅིག་པའི་སྣང་ཚུལ་མཐོང་དུ་འཇུག་པའི་ཆེད་དུ། ད་གཟོད་པར་སྒོའི་བརྙན་ཁྱད་བྱུང་བ་རེད། བརྙན་ཁྱད་ཅེས་པ་ནི་གཙོ་བོ་བརྙན་ཆས་དང་བརྙན་ཕབ་ཡུལ་གཉིས་ཀྱི་བར་ཐག་གི་རིང་ཐུང་ལ་བརྟེན་ནས། སྣང་བརྙན་པར་རིས་ཀྱི་རྣམ་པར་ཆེ་ཆུང་བྱུང་བ་དེ་ལ་ཟེར་ཞིང་། བརྙན་ཁྱད་ཀྱི་ཆེ་ཆུང་དེ་ཡང་བརྙན་ཆས་ཀྱི་པར་སྒོའི་མདོ་ཐག་དང་འབྲེལ་བ་ཡོད། མདོ་ཐག་འགུལ་ན་མིག་རྒྱང་གི་རིང་ཐུང་ལ་འགྱུར་བ་བྱུང་བཞིན་ཡོད་ལ། བརྙན་ཕབ་ཀྱི་ཁྱབ་ཁོངས་ལའང་ཆེ་ཆུང་གི་འགྱུར་བ་བྱུང་བཞིན་ཡོད། བརྙན་ཁྱད་ཀྱི་བཀོལ་སྤྱོད་ནི་གློག་བརྙན་འཕྲིན་ཟློས་གར་གསར་རྩོམ་ཁྲོད་ཀྱི་ཐབས་ཤེས་གཙོ་བོ་ཞིག་ཡིན་ཞིང་། མངོན་གསལ་གྱི་གློག་བརྙན་འཕྲིན་ཟློག་གར་གྱི་སྣང་བརྙན་ཅིག་བཞེངས་བསྐྲུན་བྱེད་པའི་ཆེད་དུ། གསར་རྩོམ་མཁན་གྱིས་མི་སྣའི་གཙོ་ཕལ་དང་འཁྲབ་གཞུང་གི་དགོས་མཁོ། བལྟ་མཁན་གྱི་སེམས་མཁན་དང་བསྟུན་ཏེ། བརྙན་ཁྱད་ཀྱི་ཆེ་ཆུང་དང་རིང་ཐུང་སོགས་བཀོལ་སྤྱོད་གང་ལེགས་བྱེད་དགོས། བརྙན་ཁྱད་ཀྱི་དབྱེ་སྒོར་ངེས་གཏན་གྱི་དབྱེ་མཚམས་ཤིག་མེད་ཀྱང་། སྤྱིར་བཏང་དུ་བརྙན་རིང་དང་བརྙན་ཐུང་། བརྙན་ཡོངས་དང་བརྙན་ཕྱེད། ཆེད་བརྙན་བཅས་སུ་དབྱེ་ཡོད། བརྙན་ཁྱད་ཀྱི་དབྱེ་བར་གཅིག་གྱུར་གྱི་དབྱེ་མཚམས་ཤིག་ཡོད་པའི་ཆེད་དུ། དུས་རྒྱུན་སྣང་བརྙན་པར་རིས་ཁྲོད་ཀྱི་མི་སྣའི་ཆེ་ཆུང་དེ་བརྙན་ཁྱད་དབྱེ་མཚམས་ཀྱི་ལྟོས་དངོས་ལ་འཇོག་བཞིན་ཡོད།
༡ ༽བརྙན་རིང་།
          བརྙན་ཆས་ཀྱིས་ཐག་རིང་གི་བྱ་དངོས་བརྙན་ཕབ་བྱས་པའི་པར་སྒོ་ལ་ཟེར་ཞིང་། པར་སྒོ་བརྙན་ཕབ་ཀྱི་ཡུལ་དང་ཅུང་ཐག་རིང་བ་ཡིན་ན། སྣང་བརྙན་པར་རིས་དེ་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིན་ལ། དེས་མི་སྣའི་འགུལ་སྐྱོད་ཁོར་ཡུག་གི་ཡུལ་དེ་འགྲེམ་སྟོན་གང་ལེགས་ཤིག་བྱེད་ཐུབ་པ་མ་ཟད། བརྩེ་དུང་བརྗོད་པ་དང་ངང་ཚུལ་འུད་སྒྲོག ཡང་ན་བློ་ཁམས་ག་གེ་མོ་ཞིག་གསར་སྐྲུན་བྱེད་པ་སོགས་ལ་བཀོལ་ཆོག་པ་ཡིན། བརྙན་རིང་ཁྲོད་ཀྱི་མིག་རྒྱང་ཆེས་རིང་བའི་བརྙན་ཁྱད་དེ་ལ་བརྙན་རིང་ཆེ་བ་ཟེར་ཞིང་། དེའི་བརྙན་ཕབ་ཀྱི་ཁྱབ་ཁོངས་ཆེས་ཆེ་ཞིང་རྒྱ་ཆེ་ཁོད་ཡངས་ཀྱི་རང་བྱུང་ཡུལ་ལྗོངས་མཚོན་པ་ལ་འཚམ་ཞིང་། བློ་ཁམས་ཟབ་མོ་ཞིག་ཀྱང་གསར་སྐྲུན་བྱེད་ནུས།
༢ ༽ བརྙན་ཡོངས།
         མི་སྣའི་ལུས་ཡོངས་ཀྱི་རྣམ་པ་མངོན་པའམ་བཟོ་ལྗོངས་ཀྱི་མངའ་ཁོངས་ཡོངས་རྫོགས་མངོན་པ་ལ་ཟེར་ཞིང་། བརྙན་ཁྱད་འདིའི་རིགས་ཀྱིས་མིག་རྒྱང་ལྟོས་བཅས་ཀྱི་ཅུང་ཆུང་ལ། འདིས་མི་སྣ་མཐོང་ཐུབ་པ་མ་ཟད་ཁོར་ཡུག་ཀྱང་མཐོང་ཐུབ་པས། མི་སྣའི་ལུས་ཡོངས་ཀྱི་བྱ་བྱེད་དང་མི་དང་ཉེ་འགྲམ་ཁོར་ཡུག་གི་འབྲེལ་བ་མཚོན་ཆོག་ཅིང་། ཡུལ་ངེས་ཅན་ཞིག་གི་ཁྲོད་ཀྱི་མི་སྣ་འགུལ་སྐྱོད་ཀྱི་བརྒྱུད་རིམ་འགྲེམ་སྟོན་བྱས་ཆོག འདིས་རྒྱུན་པར་མི་སྣ་དེ་ཉིད་ཚོགས་ར་དང་སློབ་ཁང་། ཁྲོམ་ཚོགས། ཚོང་ར་སོགས་ས་ཁུལ་ངེས་ཅན་ཞིག་གི་ས་ཁོངས་ཁྲོད་ཀྱི་བྱ་བྱེད་སོགས་བརྙན་ཕབ་བྱེད་པར་སྤྱོད་ཅིང་། ཁོར་ཡུག་ཁྲོད་ཀྱི་མི་དང་བྱ་དངོས་བཞེངས་སྐྲུན་བྱེད་པའི་ཐབས་ཤེས་གཙོ་བ་ཞིག་ཡིན།
༣ ༽བརྙན་ཕྱེད།
         མི་སྣའི་པུས་མོ་ཡན་གྱི་ཆ་ཤས་ཤིག་གི་རྣམ་པ་མངོན་པ་ལ་ཟེར་ཞིང་། བརྙན་ཁྱད་འདིའི་རིགས་ཀྱི་མི་སྣས་བར་སྟོང་གི་བཟུང་ཚད་ཆེ་བར་འགྱུར་ཅིང་། བལྟ་མཁན་གྱིས་མི་སྣའི་གཟུགས་དབྱིབས་ཀྱི་འགུལ་སྟངས་གསལ་བོར་མཐོང་ཐུབ་པར་མ་ཟད། མི་སྣའི་རྣམ་འགྱུར་ཀྱང་ཅུང་མངོན་གསལ་གྱིས་ཞིབ་ལྟ་བྱེད་ཐུབ་པས། མི་སྣའི་སེམས་ཁམས་ཀྱི་འགྱུར་བའང་མཚོན་ཐུབ་པ་ཡིན་ལ། དེ་བས་འདི་ནི་གློག་བརྙན་འཕྲིན་ཟློས་གར་གྱི་བརྩམས་ཆོས་ཁྲོད་དུ་བཀོལ་སྤྱོད་ཅུང་མང་བའི་རྩ་བའི་བརྙན་ཁྱད་ཅིག་ཡིན། བརྙན་ཕྱེད་ཀྱིས་མི་སྣ་གཙོ་བོར་མཚོན་པ་དང་མཉམ་དུ། འགུལ་སྐྱོད་ཀྱི་ས་ཁོངས་ངེས་ཅན་ག་ཞིག་ཀྱང་མཁོ་སྤྲོད་བྱེད་དེ། དཔེར་ན། ཁང་བའི་ཟུར་གནས་ཤིག་དང་ཁྱིམ་རའི་ཟུར་ཅིག་ལྟ་བུའོ། །གློག་བརྙན་འཕྲིན་ཟློས་གར་གྱི་པར་སྒོ་ལེགས་འགྲུབ་འབྱུང་མིན་དེ། གཙོ་བོ་བརྙན་ཕྱེད་བཀོལ་སྤྱོད་ལེགས་པོ་བྱས་ཡོད་མེད་ལ་བལྟ་དགོས་པ་ཡིན།
          མི་སྣའི་དཔྱི་མགོའམ་བྲང་གཞུང་ཡན་གྱི་གཟུགས་བརྙན་མངོན་པའི་པར་སྒོ་ལ་ཟེར་ཞིང་། བརྙན་ཁྱད་འདིས་མིའི་བྱད་གཟུགས་ཀྱིས་སྣང་བརྙན་པར་སྒོ་མང་ཆེ་བ་ཟིན་ཏེ། ཁོར་ཡུག་དེ་ཕྲ་རགས་དང་མག་མོག་ཞིག་ཏུ་གྱུར་འགྲོ་བ་ཡིན། བལྟ་མཁན་གྱིས་མི་སྣའི་ལུས་ཡོངས་ཀྱི་འགུལ་སྟངས་མཐོང་མི་ཐུབ་པས། བློ་རྩེ་དབང་མེད་ཀྱིས་མིའི་ཞལ་དབྱིབས་དང་གདོང་གི་ཉམས་འགྱུར་གྱི་ཕྱོགས་སུ་གཏོད་པ་ཡིན། དེ་བས་བརྙན་ཁྱད་འདི་རྒྱུན་དུ་མི་སྣའི་བརྩེ་དུང་དང་སེམས་ཁམས་ཀྱི་འགྱུར་བ་སོགས་མཚོན་པར་སྤྱོད་ཅིང་། དེའི་བྱེད་ནུས་ནི་རྩོམ་རིག་བརྩམས་ཆོས་ཁྲོད་ཀྱི་མི་སྣའི་བྱད་གཟུགས་ཞིབ་འབྲི་དང་མཚུངས་ཏེ། མི་སྣའི་ཉམས་འགྱུར་དང་བྱད་བཞིན། རྒྱན་གོས་སོགས་ཀྱི་ཞིབ་འབྲི་དང་། ཡང་ན་མི་སྣའི་བྱ་སྤྱོད་དང་རྣམ་འགྱུར་གལ་ཆེན་འབུར་ཐོན་གྱིས་མཚོན་པར་བྱེད་པ་སོགས་ལ་བཀོལ་ན་འཚམ་ཞིང་། དེ་མ་ཟད་ཚད་ངེས་ཅན་གྱི་ཡུལ་དངོས་ཤིག་འབུར་ཐོན་གྱིས་མཚོན་པ་ལའང་སྤྱོད་པའི། གློག་བརྙན་འཕྲིན་ཟློས་གར་ཁྲོད་དུ་རྒྱུན་སྤྱོད་ཀྱི་བརྙན་ཁྱད་ཅིག་ཡིན།
༥ ༽ ཆེད་བརྙན། 1716-110ZQ2103875.jpg
          མི་སྣའི་དཔུང་བ་ཡན་གྱི་གནས་ཤིག་གམ་དེ་དང་འབྲེལ་ཡོད་ཀྱི་བྱ་དངོས་ཤིག ཡང་ན་ཡུལ་ལྗོངས་ཀྱི་ཞིབ་ཕྲའི་ཁྱད་ཆོས་ཤིག་མཚོན་པར་སྤྱོད་པའི་པར་སྒོ་ལ་ཟེར་ཞིང་། འདི་ནི་མིག་རྒྱང་ཆེས་ཐུང་བའི་བརྙན་ཁྱད་ཀྱི་རིགས་ཤིག་ཀྱང་ཡིན། འདིས་མཚོན་ཡུལ་དེ་ཉེ་འཁོར་གྱི་ཁོར་ཡུག་ལས་འབུར་ཐོན་དང་དམིགས་སུ་བཀར་ཏེ་མཚོན་ཐུབ་པས། བལྟ་མཁན་རྣམས་ཀྱིས་གནས་ག་གེ་མོ་ཞིག་གི་གནད་དེར་ཞིབ་ཕྲའི་སྒོ་ནས་མཉམ་འཇོག་བྱེད་ཐུབ་སྟེ། དཔེར་ན། ཆུ་སྲིན་གྱི་མིག་ཟུང་དང་། མིག་ནང་དུ་མཆི་མ་འཁོར་བ། འདར་གྱིན་པའི་རྫི་མ་ལྟ་བུའོ། །དེས་མི་རྣམས་ཀྱི་མིག་ཤེས་ལ་དྭངས་གསལ་དང་ཤུགས་དྲག་གི་སྣང་བརྙན་ཅིག་བསྐྲུན་ནུས། མིག་རྒྱང་ཆེས་ཐུང་བའི་སྐབས་ལ་ཆེད་བརྙན་ཟེར་ཞིང་། ཆེད་བརྙན་གྱི་བྱེད་ནུས་ནི་སྣ་མང་ཡིན་ཏེ། མི་སྣ་ངོ་སྤྲོད་བྱེད་པ་དང་། གློག་བརྙན་གྱི་སྣང་བརྙན་གཙོ་བོ་འབུར་ཐོན་གྱིས་མཚོན་པ་དང་། ཡང་ན་མུ་འབྲེལ་གྱི་བྱ་དངོས་ཤིག་འབུར་ཐོན་གྱིས་མཚོན་པ་དང་། དམིགས་བསལ་གྱི་ཁོར་ཡུག་ཆེད་བརྙན་བྱས་པར་བརྟེན་ཏེ་དེར་གཏིང་ཟབ་པའི་མཚོན་དོན་ཡོད་པར་སྟོན་པ་སོགས་སོ། །

                            གཉིས་པ། འགུལ་སྐྱོད་པར་སྒོ།
 

ཅི་ཞིག་ལ་འགུལ་སྐྱོད་པར་སྒོ་ཟེར།
          འགུལ་སྐྱོད་པར་སྒོ་ནི་གཙོ་བོ་པར་སྒོ་རང་སྟེང་གི་འགུལ་སྐྱོད་དེ། བརྙན་ཆས་འགུལ་སྐྱོད་ཀྱི་ཐབས་ལམ་ལ་བརྟེན་ནས་བརྙན་ཕབ་བྱས་པའི་པར་སྒོ་ལ་ཟེར། གློག་བརྙན་འཕྲིན་ཟློས་གར་ཁྲོད་དུ། སྣང་བརྙན་པར་རིས་དེ་འགུལ་མེད་དུ་གནས་པའི་སྣང་ཚུལ་ཤིན་ཏུ་ཉུང་ཞིང་། མང་ཆེ་བ་ནི་འགུལ་སྐྱོད་ཀྱི་པར་སྒོ་ཡིན།
༡ ༽ པར་སྒོ་ཕུད་པ། 
             བརྙན་ཕབ་ཡུལ་དེ་མི་འགུལ་བའི་གནས་སྟངས་འོག་ཏུ། བརྙན་ཆས་མདུན་དུ་དལ་གྱིས་གནས་སྤོར་བྱེད་པའམ་ཡང་ན་མགྱོགས་པོར་ཕུད་པའི་པར་སྒོ་ལ་ཟེར་ཞིང་། པར་སྒོ་ཕུད་པ་ལ་བརྟེན་ཏེ། བརྙན་ཡོལ་ངོས་ཀྱི་གཟུགས་བརྙན་དེ་ཆེ་བ་ནས་ཆུང་བར་འགྱུར་ཅིང་། སྣང་བརྙན་པར་རིས་ཁྲོད་ཀྱི་ཕལ་བའི་ཆ་དེ་རིམ་གྱིས་ཕྱི་རུ་དེད་དེ།་ གཙོ་བོའི་ཆའམ་ཆ་ཤས་གང་རུང་ཞིག་གི་ཞིབ་ཆ་དེ་རིམ་གྱིས་ཇེ་ཆེར་གྱུར་ནས། བརྙན་ཡོལ་གྱི་ངོས་ཡོངས་སུ་བཀང་བར་འགྱུར་བ་ཡིན། བརྙན་ཁྱད་ཀྱི་ཆ་ནས་ཀྱང་བརྙན་རིང་ནས་བརྙན་ཡོངས་དང་བརྙན་ཕྱེད། དེ་ནས་བརྙན་ཉེ་དང་ཆེད་བརྙན་ལ་འགྱུར་བ་རེད། པར་སྒོ་འདིའི་རིགས་ཀྱི་བྱེད་ནུས་ནི་གཙོ་ཕལ་གྱི་དབྱེ་བ་གསལ་བོར་བསྟན་ཏེ། གཟུགས་མོ་བ་རྣམས་ཀྱི་མིག་ཤེས་གཅིག་ཏུ་བསྡུས་ཏེ། མིག་ཤེས་ཀྱི་མྱོང་བར་ཤུགས་སྣོན་དང་ཞིབ་གཟིགས་བྱེད་དུ་འཇུག་པའི་གནས་བབ་ཅིག་བཟོ་སྐྲུན་བྱེད་ནུས། འདི་ཉིད་མི་རྣམས་ཀྱིས་དངོས་ཡོད་འཚོ་བའི་ཁྲོད་དུ། བྱ་དངོས་གང་རུང་ཞིག་ལ་རིང་བ་ནས་ཉེ་བ་དང་། སྤྱི་ནས་བྱེ་བྲག ཡོངས་ནས་ཆ་ཤས་ལ་ལྟ་ཞིབ་བྱེད་འདོད་པའི་སེམས་ཁམས་དང་འཚམ་པ་ཡིན།
༢ ༽ པར་སྒོ་འཐེན་པ།
          གོང་གི་པར་སྒོ་འཕུད་པ་དང་འགུལ་སྐྱོད་ཀྱི་ཁ་ཕྱོགས་ལྡོག་པ་སྟེ། བརྙན་ཆས་ཀྱིས་མཉེན་ཕབ་ཡུལ་དང་ཉེ་བ་ནས་རིང་བར་རྒྱབ་ཏུ་གནས་སྤོར་བྱས་ནས། བརྙན་ཕབ་ཀྱི་ཁྱབ་ཁོངས་ཆུང་བ་ནས་ཆེ་བར་གྱུར་ཏེ། བརྙན་ཕབ་ཀྱི་ཡུལ་དེ་ཆེ་བ་ནས་ཆུང་གྱུར་ཏེ། གཟིགས་མོ་བ་རྣམས་དང་བར་ཐག་ཀྱང་རིམ་གྱིས་ཇེ་རིང་དུ་འགྲོ་བ་རེད། སྣང་བརྙན་པར་རིས་ཁྲོད་ཀྱི་སྣང་བརྙན་དག་ཀྱང་ཉུང་ངུ་ནས་མང་པོ་དང་། བྱེ་བྲག་ནས་སྤྱི་རུ་འགྱུར་བ་རེད། བརྙན་ཁྱད་ཀྱི་ཆ་ནས་ཆེད་བརྙན་དང་བརྙན་ཕྱེད་ནས་འཐེན་ཏེ་བརྙན་ཡོངས་སུ་འགྱུར་བ་རེད། པར་སྒོ་འཐེན་པའི་བྱེད་ནུས་ནི་མི་སྣ་གནས་སའི་ཁོར་ཡུག་ཞིབ་བརྗོད་བྱེད་པ་དེ་ཡིན།
༣ ༽ པར་སྒོ་སྒུལ་བ།
          བརྙན་ཆས་མི་སྒུལ་བར་འོག་གི་ཡོ་ཆས་ལ་བརྟེན་ཏེ། བརྙན་ཆས་ཀྱི་པར་སྒོ་དེ་གོང་འོག་དང་གཡས་གཡོན། ཡང་ན་ཕྱོགས་བཞིར་འཁོར་བསྐྱོད་ཀྱིས་བརྙན་ཕབ་བྱེད་པ་ལ་ཟེར་ཏེ། དེ་ནི་མི་ཞིག་གི་མིག་གིས་ཁ་ཕྱོགས་ངེས་ཅན་ཞིག་དང་འགྲོགས་ནས་བརྙན་ཕབ་ཀྱི་ཡུལ་དེར་སྐོར་གཟིགས་བྱེད་པ་དང་ཡང་མཚུངས། པར་སྒོ་སྒུལ་བ་འདིས་མི་སྣའི་མིག་ཟུང་གི་ཚབ་བྱས་ཏེ་ཉེ་འགྲམ་གྱི་ཁོར་ཡུག་ཀུན་ལ་ལྟ་ཞིབ་བྱེད་ནུས་ཤིང་། ཡུལ་གྱི་རང་བཞིན་བརྗོད་པ་དང་ཁོར་ཡུག་ངོ་སྤྲོད་ཐད་དུ་ཐུན་མིན་གྱི་བྱེད་ནུས་འདོན་ཐུབ། གཡས་གཡོན་དུ་སྒུལ་བ་དེ་རྒྱུན་པར་ཚོགས་ར་ཆེན་པོ་ངོ་སྤྲོད་བྱེད་པར་བཀོལ་ཅིང་། གོང་འོག་ལ་ཐད་དུ་སྒུལ་བ་ནི་རྒྱུན་པར་དངོས་གཟུགས་མཐོན་པོ་ཞིག་གི་བརྗིད་ཉམས་དང་གཡང་གཟར་སྟོན་པར་སྤྱོད་རྒྱ་ཆེ། པར་སྒོ་སྒུལ་བ་བཀོལ་ཏེ་རིམ་གྱིས་ལྗོངས་དངོས་ཀྱི་ཁྱབ་རྒྱ་ཆེ་རུ་གྱུར་བའི་སྐབས་སུ། གཟུགས་མོ་བ་རྣམས་ལ་རང་ཉིད་ཀྱང་ཉེན་ཁའི་གནས་སུ་ཚུད་ཡོད་པའི་ཚོར་སྣང་སྦྱིན་འོངས་པ་ཡིན།
༥ ༽ པར་སྒོ་སྤོར་བ།
          བརྙན་ཆས་སྙོམས་ཐིག་གིས་གཡས་གཡོན་དུ་གནས་སྤོར་བྱས་ཏེ་བརྙན་ཕབ་བྱེད་པའི་པར་སྒོ་ལ་ཟེར་ཞིང་། པར་སྒོ་སྤོར་བ་ནི་འཕྲུལ་ཆས་རང་ཉིད་ཀྱི་གནས་སྤོར་ལ་གོ་ཞིང་། དེ་ཉིད་བརྙན་ཕབ་ཡུལ་གྱི་རྗེས་འདེད་བྱེད་མི་དགོས། འདི་ནི་འཚོ་བའི་ཁྲོད་དུ་མི་རྣམས་ཀྱིས་འགྲོ་ཞོར་དང་བལྟ་ཞོར་བྱེད་པའི་ངང་ཚུལ་དང་མཚུངས་པ་ཡིན། པར་སྒོ་སྤོར་བ་ནི་པར་སྒོ་སྒུལ་བ་འདྲ་བར་བརྙན་ཡོལ་ངོས་ཀྱི་ཡུལ་དེ་གཟུགས་ཡོད་ཀྱིས་མཚོན་པའི་བྱེད་ནུས་རྒྱ་བསྐྱེད་ནུས་ལ། ལྷག་པར་དུ་བརྙན་ཆས་དེ་འགུལ་མེད་ཅིག་མིན་པས། པར་སྒོ་སྒུལ་བ་དང་བསྡུར་ན་རང་དབང་ཡང་ཅུང་ཆེ་བ་ཡིན། འདི་ཉིད་སྣང་བརྙན་པར་རིས་ཀྱི་ཚད་བཀག་ལས་བརྒལ་ཏེ། ཡུལ་གྱི་མིག་རྒྱང་དེ་ཁོད་ཆེ་རུ་བསྐྱེད་ནུས་པས། ཡངས་ཤིང་རྒྱ་ཆེ་བའི་འཚོ་བའི་རྣམ་པ་མཚོན་པ་ཡིན།
༦ ༽པར་སྒོ་རྗེས་འདེད།
          བརྙན་ཆས་བརྙན་ཕབ་ཡུལ་དང་བར་ཐག་འདྲ་མཚུངས་ཀྱིས་རྗེས་དེད་དེ་གནས་སྤོར་བྱེད་པའི་པར་སྒོ་ལ་ཟེར་ཞིང་། པར་སྒོ་གཏན་དུ་འགུལ་སྐྱོད་ཁྲོད་ཀྱི་གཙོ་དངོས་ཀྱི་རྗེས་དེད་ནས་ཡོད་པས། ཡུལ་ཉིད་བརྒལ་བརྟོལ་གྱི་འགྲོ་བའི་ཐུན་མོང་མ་ཡིན་པའི་ཚོར་སྣང་ཞིག་སྟེར་ནུས་ཤིང་། འདི་ཉིད་མུ་འབྲེལ་གྱིས་མི་སྣའི་འགུལ་སྟངས་དང་རྣམ་འགྱུར་རམ་ཆ་ཤས་ཀྱི་འགྱུར་བ་སོགས་མཚོན་པར་བཀོལ་ན་འཚམ་པ་ཡིན།

dep_2523172-Film-and-camera.jpg                                       གསུམ་པ། པར་སྒོ་གཞན་དག
༡ ༽པར་སྒོ་སྟོང་བ།
            སྣང་བརྙན་པར་རིས་སྟེང་དུ་ལྗོངས་དངོས་ལས་་མི་སྣ་མེད་པའི་པར་སྒོ་ལ་ཟེར་ཞིང་། པར་སྒོ་སྟོང་བ་ལ་ལྗོངས་དངོས་པར་སྒོ་ཡང་ཟེར། པར་སྒོ་སྟོང་བ་ཞེས་པ་ཅི་ཡང་མེད་པ་མ་ཡིན་པར། དེ་ནི་གློག་བརྙན་འཕྲིན་ཟློས་གར་གྱི་ཁྲོད་དུ་ཁོར་ཡུག་ངོ་སྤྲོད་དང་དོན་བརྗོད། མི་སྣ་ཞིབ་འབྲི། བརྩེ་དུང་བརྗོད་པ་སོགས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། དུས་རྒྱུན་དུ་གློག་བརྙན་གྱི་མགོ་རྩོམ་པའི་སྐབས་སུ། བལྟ་མཁན་རྣམས་ལ་བྱ་བ་བྱུང་སའི་ཁོར་ཡུག་གསལ་བརྗོད་བྱེད་པའི་སྐབས་སུ། པར་སྒོ་སྟོང་བའི་བྱེད་ཐབས་འདི་ཉིད་མངོན་འོངས་པ་ཡིན།
༢ ༽པར་སྒོ་རིང་བ།
            པར་སྒོ་རིང་བ་ཞེས་པ་ནི་ཡུན་རིང་པོར་བརྙན་ཕབ་བྱས་པ་དང་། ཡུལ་དེ་གཏུབ་གཅོད་མ་བྱས་པ། ཡུལ་དུས་གཉིས་འཐུས་སྒོ་ཚང་བར་རྒྱུན་འཁྱོངས་བྱེད་པའི་པར་སྒོ་ལ་ཟེར་ཞིང་། པར་སྒོ་འདིས་བརྙན་ཡོལ་སྟེང་གི་སྣང་བརྙན་པར་རིས་ཁྲོད་དུ་ཡུལ་དུས་ཀྱི་མུ་འབྲེལ་རང་བཞིན་དང་གཅིག་གྱུར་རང་བཞིན་རྒྱུན་འཁྱོངས་བྱས་ཏེ། མི་རྣམས་ལ་མཛའ་མཐུན་དང་དྲང་བདེན་གྱི་ཚོར་བ་ཞིག་སྟེར་ནུས། བྱུང་རིམ་གྱི་སྟེང་ནས་ཅུང་དལ་ལྷོད་ལྡན་པ་ཞིག་ཡིན་པས། དོན་བརྗོད་ཀྱི་ཁ་དབུགས་དེ་ཡང་ཅུང་མཐུག་པ་རེད།
༣ ༽པར་སྒོ་གྱེན་ཐུར།
           པར་སྒོ་མང་ཆེ་བ་ནི་སྙོམས་གཟིགས་ཀྱིས་བརྙན་ཕབ་བྱས་པ་རེད། གློག་བརྙན་གྱི་སྣང་བརྙན་པར་རིས་ཁྲོད་དུ། བརྙན་ཕབ་ཀྱི་ཟུར་གནས་མི་འདྲ་བ་ལ་བརྟེན་ཏེ། བརྙན་ཕབ་ཡུལ་དེ་བལྟ་མཁན་ཀྱི་མིག་ལམ་ཁྲོད་ཀྱི་གནས་ཕྱོགས་དང་རྣམ་པ་ལའང་འགྱུར་བ་བྱུང་སྟེ། མི་རྣམས་ལ་བརྙན་ཕབ་ཡུལ་དེར་བློ་རྩེ་གཏོད་དུ་བཅུག་ནས། ཁོ་ཚོའི་སེམས་ཁམས་ལ་འགྱུར་བ་བྱུང་དུ་འཇུག་པ་རེད། པར་སྒོ་གྱེན་ཞེས་པ་ནི་བརྙན་ཆས་ཀྱིས་དམའ་བ་ནས་མཐོ་བ་དང་འོག་ནས་གོང་གི་ཟུར་གནས་སུ་བརྙན་ཕབ་བྱེད་པ་ལ་ཟེར་ཞིང་། འདིས་བལྟ་མཁན་གྱིས་གྱེན་དུ་གཟིགས་པའི་མཐོང་ལམ་གྱི་ཚབ་བྱེད་ཅིང་། དུངས་བརྗོད་ཀྱི་་ཆ་ནས་སྐྱིད་པ་དང་སེམས་ཁམས་ཡངས་པ། བླ་ན་མེད་པ། ཡིད་སྨོན་བྱེད་པ་སོགས་ཀྱི་ཚོར་སྣང་མཚོན། པར་སྒོ་ཐུར་ཞེས་པ་ནི་བརྙན་ཆས་ཀྱིས་མཐོ་བ་ནས་དམའ་བ་དང་། གོང་ནས་འོག་གི་ཟུར་གནས་སུ་བརྙན་ཕབ་བྱེད་པའི་པར་སྒོ་ལ་ཟེར་ཞིང་། འདིས་བལྟ་མཁན་རྣམས་ཀྱིས་ཐུར་དུ་གཟིགས་པའི་མིག་ལམ་གྱི་ཚབ་བྱེད་ཅིང་། དུངས་བརྗོད་ཀྱི་ཆ་ནས་སྐྱོ་བ་དང་ཉམ་ཆུང་། འགོག་གནོན་སོགས་ཀྱི་ཚོར་སྣང་མཚོན་པས། མི་སྣའི་སྐྱོ་སྡུག་གི་་ལས་དབང་དང་ཡང་ན་ངན་པ་ཐ་ཤལ་སོགས་བརྙན་ཕབ་བྱེད་པའི་སྐབས་སུ་སྤྱད་ན་འཚམ་པ་ཡིན་ལ། རྒྱུན་དུ་གློག་བརྙན་འཕྲིན་ཟློས་གར་མང་པོའི་ནང་དུ་དགྲ་བོའི་ཆང་སྟོན་དང་ཤོ་ཁང་གི་འདུ་འཛི། ཇག་པའི་ངན་ཇུས་བཤམས་པ་སོགས་ཀྱི་སྐབས་སུ་སྤྱོད་པ་ཡིན།
༥ ༽ པར་སྒོ་དལ་མགྱོགས།
         རྒྱུན་ལྡན་གྱི་གནས་བབ་འོག་ཏུ་བརྙན་ཕབ་བྱས་པའི་མྱུར་ཚད་ཡིན་ན། སྐར་ཆ་རེའི་ནང་དུ་སྣང་བརྙན་པར་རིས ༢༤ ཡིས་གྲུབ་ཡོད་ཅིང་། (སྔ་དུས་ཀྱི་གློག་བརྙན་ནི། བརྙན་ཕབ་དང་བརྙན་གཏོང་གི་མྱུར་ཚད་དེ་སྐར་ཆ་རེར་སྤྱིན་ཤོག་སྟེང་དུ་པར ༢༦ རེ་ཕབ་གཏོང་བྱེད་པ་ཡིན།) གལ་ཏེ་བརྙན་ཆས་ཀྱིས་བརྙན་ཕབ་བྱེད་པའི་མྱུར་ཚད་ཇེ་དལ་དང་ཡང་ན་ཇེ་མགྱོགས་སུ་གཏོང་བ་ལས། སྐར་ཆ་རེར་པར་ ༢༤ རེ་གཏོང་བའི་མྱུར་ཚད་མི་འགྱུར་བ་ཡིན་ན། བརྙན་ཡོལ་ངོས་སུ་ཐུན་མོང་མ་ཡིན་པའི་མཐོང་སྣང་གི་བྱེད་ནུས་ཤིག་འབྱུང་བ་ཡིན། བརྙན་ཆས་ཀྱི་རྒྱུན་ལྡན་གྱི་མྱུར་ཚད་དེ་སྐར་ཆ་རེར་པར ༢༤ རེ་གཏོང་བ་ལས་དམའ་བའི་སྒོ་ནས་བརྙན་ཕབ་བྱས་པ་ལ་པར་སྒོ་མགྱོགས་པ་ཟེར་ཞིང་། གཏོང་བའི་སྐབས་སུ་བརྙན་ཡོལ་གྱི་ངོས་སུ་དུས་རྒྱུན་གྱི་འགུལ་སྟངས་ལས་མགྱོགས་པའི་བྱེད་ནུས་འབྱུང་། པར་སྒོ་མགྱོགས་པ་བཀོལ་སྐྱོད་གང་ལེགས་བྱེད་ཤེས་པ་ཡིན་ན་འུད་བརྗོད་དང་བཞད་གད་ཀྱི་བྱེད་ནུས་ཐོན་པ་ཡིན་མོད། འོན་ཀྱང་བལྟ་མཁན་གྱི་མིག་ལམ་དུ་མང་དུ་མངོན་པའི་དུས་ཡུན་ཐུང་ལ་བཀོལ་སྤྱོད་བྱས་པ་ཡང་མང་པོ་མེད། བརྙན་ཆས་ཀྱི་རྒྱུན་ལྡན་གྱི་མྱུར་ཚད་དེ། སྐར་ཆ་རེར་པར ༢༤ རེ་གཏོང་བ་ལས་མཐོ་བའི་སྒོ་ནས་བརྙན་ཕབ་བྱས་པ་ལ་པར་སྒོ་དལ་བ་ཟེར་ཞིང་། གཏོང་བའི་སྐབས་སུ་བརྙན་ཡོལ་གྱི་ངོས་སུ་འགུལ་སྟངས་དལ་བའི་བྱེད་ནུས་འབྱུང་བ་རེད། པར་སྒོ་དལ་བ་ནི་གློག་བརྙན་འཕྲིན་ཟློས་གར་ཁྲོད་དུ་དམིགས་བསལ་གྱི་དོན་སྙིང་ཡོད་ཅིང་། འདིས་འགུལ་སྟངས་ཀྱི་རྣམ་པ་ཇེ་ལྷོད་དང་དུས་ཚོད་ཇེ་རིང་དུ་བཏང་སྟེ། བལྟ་མཁན་རྣམས་ལ་རྒྱུན་ལྡན་གྱི་གནས་བབ་འོག་ཏུ་གསལ་བོར་མཐོང་མི་ཐུབ་པའི་འགུལ་སྟངས་གྱི་གོ་རིམ་རྣམས་ཞིབ་མོར་མཐོང་དུ་འཇུག་ནུས་པས། པར་སྒོ་དལ་བ་ནི་དུས་ཚོད་ཀྱི་ཆེད་བརྙན་ཅིག་སྟེ། བསམ་བཞིན་དུ་བལྟ་མཁན་རྣམས་ལ་བློ་རྩེ་གཏོད་དུ་འཇུག་པར་སྣེ་ཁྲིད་བྱེད་པའི་ཐབས་ཤེས་ཤིག་ཀྱང་ཡིན།
༥ ༽ ཡུལ་ཅན་པར་སྒོ།
           པར་སྒོས་མི་རྣམས་ལ་བཞག་པའི་བག་ཆགས་ཀྱི་ངོས་ནས་གླེང་ན། ཡུལ་དང་ཡུལ་ཅན་གྱི་པར་སྒོ་སྟེ་རིགས་གཉིས་ཡོད། འཁྲབ་ཁྲིད་པའི་མཐོང་ལམ་ནས་དོན་བརྗོད་བྱས་པའི་པར་སྒོ་ལ་ཡུལ་གྱི་པར་སྒོ་ཟེར་ཞིང་། འཁྲབ་གཞུང་ཁྲོད་ཀྱི་མི་སྣའི་མཐོང་ལམ་ནས་དོན་བརྗོད་བྱས་པའི་པར་སྒོ་ལ་ཡུལ་ཅན་པར་སྒོ་ཟེར། ཡུལ་ཅན་གྱི་པར་སྒོས་བརྙན་ཆས་ཀྱི་པར་སྒོ་དེ་ཉིད་འཁྲབ་གཞུང་ཁྲོད་ཀྱི་མི་སྣའི་མིག་ཟུང་དུ་བལྟས་ཏེ། 6a00d834fd8bf953ef00e54fef28e88834-800wi_副本.jpgའཚོ་བའི་ཁྲོད་ཀྱི་མི་སྣ་དང་བྱ་བ། དངོས་པོ་སོགས་ཐད་ཀར་དུ་མཐོང་དང་ཚོར་གྱིན་ཡོད་ལ། འདིས་འཁྲབ་གཞུང་ཁྲོད་ཀྱི་མི་སྣས་བྱ་དངོས་དང་མི་གཞན་ལ་བཟུང་བའི་རྣམ་འགྱུར་གྱི་ཚབ་བྱེད་ཀྱིན་ཡོད་པས།མངོན་གསལ་གྱི་རང་གི་ལྟ་སྟངས་མངོན་ཡོད་པ་ཡིན། དེ་བས་བལྟ་མཁན་རྣམས་ལ་རང་ཉིད་ཀྱང་དེའི་ཁྲོད་དུ་གནས་ཡོད་པའམ། ཡང་ན་དེ་མཚུངས་ཀྱི་ཚོར་བ་འབྱུང་བའི་བྱེད་ནུས་ཤིག་ཐོབ་མི་ཐུབ་པས། བལྟ་མཁན་དང་མི་སྣའི་བར་དུ་བསམ་ཚུལ་བརྗེ་རེས་བྱས་ཏེ་ཐུན་མོང་གི་ཚོར་སྣང་འབྱུང་བའང་མི་སྲིད་དོ། །



ངོ་མཚར་གློག་བརྙན་བརྙན་འཕྲིན་ཟློས་གར་མེ་ལོང་དུ། །
           མཚར་ལྡན་སྒྱུ་འཕྲུལ་འཕྲུལ་རིས་ཕུན་ཚོགས་གཟིགས་མོ་བའི། །
དབང་ལྔར་ཅི་འདོད་འདོད་ཡོན་ལྔ་ཡི་ལོངས་སྤྱོད་དག །
     མ་ལུས་རེ་སྐོང་སྐོང་མཁས་སྒྱུ་རྩལ་འདི་ཉིད་རྨད་དུ་བྱུང་། །
 

དཔྱད་མཆན་ཡོད།