གློག་བརྙན་གྱི་རྩ་བའི་ཤེས་བྱ་གལ་ཆེ་འགའ།

make_a_movie.jpg          དེ་ཡང་སྤྱི་ལོ་༡༨༨༩ལོར་ཨ་མེ་རི་ཁའི་གསར་གཏོད་པའི་རྒྱལ་བོར་འབོད་པའི་ཨེན་ཏི་ཧྲིན་གྱིས་གློག་བརྙན་གྱི་གནས་གཟུགས་འཕྲུལ་ཆས་གསར་གཏོད་བྱས་རྗེས་སུ་ལོ་ལྔའི་ཚོད་ལྟ་བརྒྱུད་མཐར་གློག་བརྙན་གྱི་མཐོང་ཤེལ་གསར་གཏོད་གནང་བ་རེད།དེ་བཞིན་དུ་ཧྥ་རི་སི་ལི་ཨང་གི་ཨོ་ཀུའུ་སི་ཐུ་ལུའུ་རྨིས་ཨེར་དང་ལུང་ཡེ་ལུའུ་རྨིས་ཨེར་སྤུན་མཆེད་གཉིས་ནི་འཛམ་གླིང་སྟེང་བརྙན་ལེན་རྒྱུ་ཆ་བཟོ་སྐྲུན་བྱས་པའི་རླབས་ཆེ་བའི་གསར་གཏོད་པ་ཞིག་ཡིན།ཁོ་གཉིས་ཀྱིས་གློག་བརྙན་གྱི་སྤྱིན་ཤོག་འོད་ལེན་རྫས་བཅོས་བསྒྱུར་བྱས་པ་དང་བྱ་འགུལ་གློག་བརྙན་འཕྲུལ་ཆས་ཞིབ་འཇུག་བྱས་པ་ལེགས་འགྲུབ་བྱུང་བ་རེད།
          སྤྱི་ལོ་༡༨༩༥ལོའི་ཟླ་༡༢པའི་ཚེས་༢༨ཉིན་འཛམ་གླིང་སྟེང་ཐེངས་དང་བོའི་བྱ་འགུལ་གློག་བརྙན་དངོས་སུ་སྤྱི་བསྒྲགས་བྱས།པ་ལི་ཡི་འཚིག་ཇ་འཐུང་སའི་ས་འོག་ཁང་བ་ནས་ལུའུ་རྨིས་ཨེར་བཟོ་གྲྭའི་སྒོ་ཆེན།མེ་འཁོར་འབབ་ཚིགས་སུ་སླེབས་པ་སོགས་གློག་བརྙན་བརྒྱུད་གཏོང་བྱས་པ་ནས་བཟུང་གློག་བརྙན་དངོས་སུ་དབུ་བརྙེས་པ་ཡིན།དེའི་རྗེས་སུ་ལོ་རེའི་སྤྱི་ཟླ་༡༢པའི་ཚེས་༢༨ཉིན་ནི་འཛམ་གླིང་གི་གློག་བརྙན་ཉིན་མོ་ཞེས་མིང་བཏགས་པ་རེད།གུ་ལིས་ཧྥིས་སི་ནི་ཨ་མེ་རི་ཁའི་འཁྲབ་ཁྲིད་པ་ཞིག་ཡིན་ལ་ཁོའི་འཐུས་ཚབ་བརྩམས་ཆོས་ལ་རྒྱལ་ཁབ་ཅིག་དབུ་བརྙེས་པ་དང་རིས་ཆད་གཞན་རྒོལ་ཡོད་པ་མ་ཟད།གློག་བརྙན་པར་གཞི་བཅད་འབྲེག་དང་སྒྲིག་སྦྱོང་གི་སྔོན་ བྱོན་ལག་ལེན་བྱས་པ།ཨེར་སིན་སི་ཐན་ནི་སྔོན་ཆད་ཀྱི་སུའུ་ལེན་རྒྱལ་ཁབ་ཀྱི་འཁྲབ་ཁྲིད་པ་དང་གློག་བརྙན་རིག་གཞུང་བ་ཞིག་ཡིན་ལ།ཁོའི་འཐུས་ཚབ་བརྩམས་ཆོས་ལ་དམག་གྲུ་པའོ་ཅང་ཅིན་ཧའོགློག་བརྙན་པར་གཞི་བཅད་འབྲེག་དང་སྒྲིག་སྦྱོང་གི་རིག་གཞུང་འཕེལ་རྒྱས་སུ་བཏང་བ་རེད།གློག་བརྙན་གསར་གཏོད་ཀྱི་ལམ་བུ་ཀྱག་ཀྱོག་ཅན་དུ་བརྒྱུད་པའི་སྔོན་བྱོན་མེས་པོ་འདི་དག་གིས་རང་གི་བློ་གྲོས་དང་ལག་ཟུང་ལ་བརྟེན་ནས་མིའི་རིགས་ལ་བླ་ན་མ་མཆིས་པའི་ཕྱག་རྗེས་བཞག་ཡོད་པར་ཚད་མཐོ་ས་ནས་བརྩི་བཀུར་དང་གདེང་འཇོག་ཆེན་པོ་བྱས་པ་ཡིན།
          དེ་ཡང་རང་ཉིད་གློག་བརྙན་སྒྱུ་རྩལ་གྱི་རིག་གནས་ལ་དགའ་ཞེན་ཅུང་ཙམ་ཡོད་པའི་མི་ཞིག་གི་ངོས་ནས་ནམ་རྒྱུན་གློག་བརྙན་ཁ་ཁེར་ལ་རོལ་མྱོང་བྱ་རྒྱུ་ལ་དགའ་བོ་ཡོད།རང་ཉིད་ཀྱིས་གློག་བརྙན་རོལ་མྱོང་ལ་རྐྱེན་བྱས་ཏེ་རིམ་བཞིན་གློག་བརྙན་ཕྱོགས་ཀྱི་ཤེས་བྱ་ཡང་སློབ་སྦྱོང་བྱེད་པར་དུངས་པར་གྱུར།གཤམ་ནས་རང་གིས་དཔེ་དེབ་དང་དྲ་ཚིགས་བརྒྱུད་ནས་ཤེས་རྟོགས་བྱུང་ཞིང་ཕྱིས་སུ་ཟིན་བྲིས་སུ་བཏབ་པའི་གློག་བརྙན་དང་འབྲེལ་བ་གཏིང་ཟབ་པའི་ཤེས་བྱ་འགའ་ཞིག་འགོད་པར་བྱ་བ་སྟེ།
2008102715290117_2.jpg

གློག་བརྙན།
         གློག་བརྙན་ནི་ཚན་རིག་ལག་རྩལ་དང་སྒྱུ་རྩལ་སྣ་མང་མཉམ་དུ་འབྲེལ་བ་ལས་བྱུང་བ་ཞིག་ཡིན།དེ་ཐད་མཐོང་གི་མིག་ཚོར་སྒྱུ་རྩལ་ཞིག་དང་ཚད་ཡོད་ཀྱི་དུས་ཚོད་ནང་སྟོན་པའི་སྒྱུ་རྩལ་ཞིག་ཀྱང་ཡིན།
གློག་བརྙན་གྱི་རྩ་བའི་གྲུབ་ཆ།
          གློག་བརྙན་གྱི་རྩ་བའི་གྲུབ་ཆ་ཟེར་བ་ནི་སྐད་གདངས་དང་གཟུགས་རིས་དང་འགུལ་སྐྱོད་གསུམ་ཡིན།དེ་ལས་གྲུབ་ཆ་གཙོ་བོར་འགྱུར་བ་ནི་གཟུགས་རིས་ཡིན།གཟུགས་རིས་ནི་གློག་བརྙན་གྱི་རྩ་བའི་སྐད་ཆ་ཡིན།དེའི་རྒྱུ་མཚན་ནི་གཟུགས་རིས་ལ་ཤུགས་དྲག་པའི་མིག་ཚོར་གྱི་ཕོག་ཐུག་ཡོད་པས་ཡིན།དེར་ཚོན་མདངས་ལས་གཞན་གཟུགས་རིས་ཀྱི་འགུལ་སྐྱོད་དང་མི་སྣའི་ཉམས་འགྱུར་ལ་བརྟེན་དགོས་པ་གཙོ་བོ་ཞིག་ཡིན།
གློག་བརྙན་གྱི་རྩ་བའི་རིགས།
          དེ་ཡང་གློག་བརྙན་ལ་སྒྱུ་རྩལ་གློག་བརྙན་དང་ཚོང་ལས་གློག་བརྙན་ཞེས་པའི་རིགས་ཆེན་པོ་གཉིས་ཡོད་པ་སྟེ།སྒྱུ་རྩལ་གློག་བརྙན་ནི་གཙོ་བོ་འཁྲབ་ཁྲིད་པ་རང་ཉིད་དང་རིགས་འདྲ་བའི་སྒྱུ་རྩལ་གྱི་ལྟ་ཚུལ་ཅན་ཁག་ཅིག་གི་ཚོར་བ་གཙོ་གནད་དུ་བཟུང་ནས་ཕབ་སྐྲུན་བྱེད་པ་ཞིག་རེད།ཚོང་ལས་གློག་བརྙན་ནི་གཙོ་བོ་མིའི་རིགས་སྤྱིའི་སེམས་ཁམས་ཀྱི་མྱོང་ཚོར་གཙོ་བོར་བཟུང་ནས་ཕབ་སྐྲུན་བྱས་པ་ཞིག་ཡིན་པ་འདྲ།སྒྱུ་རྩལ་གློག་བརྙན་ནི་ཚོང་ལས་གློག་བརྙན་དང་ཁ་གཏད་དུ་འགྲེང་བའི་གློག་བརྙན་གྱི་རིགས་ཤིག་ཡིན།གློག་བརྙན་ནི་ཚོང་ལས་བྱ་འགུལ་ཁོ་ན་མ་ཡིན་པར་དེ་ཡང་སྒྱུ་རྩལ་གྱི་བྱ་འགུལ་ཞིག་ཀྱང་ཡིན་པས།འདི་ནི་སྒྱུ་རྩལ་གློག་བརྙན་གྱིས་ཐོན་སྐྱེད་དང་གོང་སྤེལ་དུ་གཏོང་བའི་རྨང་གཞི་རེད།ཚོང་ར་ལ་དམིགས་པའི་གློག་བརྙན་དང་སྒྱུ་རྩལ་ལ་དམིགས་པའི་གློག་བརྙན་འདི་གཉིས་ཀྱིས་རྒྱ་ཆེ་བའི་ལྟ་མཁན་རྣམས་ལ་དུས་རབས་དང་མིའི་རིགས་ཀྱི་དགོས་མཁོ་སྐོང་བཞིན་ཡོད་པས་ན།དེ་ཉིད་ཀྱི་འཕེལ་རྒྱས་དང་མཆོང་བསྐྱོད་ལ་དུས་རབས་གསར་བའི་སྤྱི་ཚོགས་ནང་དུ་གནས་ཐུབ་པའི་ནུས་པ་དང་འགུགས་ཤུགས་སྟོབས་ཅན་ཞིག་ཡོད་པ་དཔོག་ཐུབ།གློག་བརྙན་འདི་སྒྱུ་རྩལ་དུ་འགྱུར་དོན་ནི་གློག་བརྙན་གྱི་ཆོས་ཉིད་དང་ཁག་ཐེག་རང་བཞིན་གྱི་མཚན་ཉིད་རིག་པའི་བསམ་བློ་ཡིན།དེའི་ཞིབ་འཇུག་གི་ཁ་ཕྱོགས་ནི་གློག་བརྙན་གྱི་སྤྱི་ཁོག་ཡིན་ལ།དེ་ནི་སྤྱི་ཡི་རྣམ་པ་དང་ནང་དོན་གྱི་རྒྱུ་ཆ་ཡིན་པས་རེད།
གློག་བརྙན་རྩོམ་རིག
           གློག་བརྙན་རྩོམ་རིག་ཅེས་པ་ནི་གཙོ་བོར་གློག་བརྙན་གྱི་འཁྲབ་གཞུང་ལ་གོ་དགོས་པ་ཡིན།གློག་བརྙན་ཁྲོད་ཀྱི་རྩོམ་རིག་གི་རྒྱུ་ཆ་དེ་ཡིན།དེ་ནི་གློག་བརྙན་ཕབ་སྐྲུན་སྐབས་ཀྱི་གཞི་འཛིན་ས་གཙོ་བོ་ཡིན་པ་ལས་དེའི་ཕན་ནུས་གཙོ་བོ་ནི་ལྟ་ཀློག་མིན་པས་གློག་བརྙན་གྱི་ངོ་བོ་ཁྱད་ཆོས་ཀྱི་བླང་བྱའི་རྗེས་སུ་འབྲང་དགོས་པ་ཞིག་ཡིན།གློག་བརྙན་རྩོམ་རིག་གི་འཁྲབ་གཞུང་གིས་གསོན་ཉམས་ལྡན་པའི་མིག་ཚོར་སྣང་བརྙན་ཞིག་སྟོན་པར་རེ་འདུན་འདོན་པ་རེད།
གློག་བརྙན་གྱི་ནང་དོན་ལས་རིགས་བཀར་ཚུལ།
           གློག་བརྙན་གྱི་རྩ་བའི་རིགས་གཉིས་ཀྱི་ནང་དོན་ལས་འཕྲོས་པའི་གློག་བརྙན་གྱི་རིགས་འདི་ལྟར་བཀར་ཆོག་ པར་འདོད།གཙོ་བོ་ནང་དོན་གྱི་བརྗོད་གཞི་རྨང་གཞི་བྱས་ཏེ་གློག་བརྙན་གྱི་རྩ་བ་གཞིར་བཟུང་ནས་བཀར་བ་ ཡིན།དེ་བས་གཤམ་ནས་གློག་བརྙན་གྱི་ནང་དོན་ལས་རིགས་བཀར་བྱེད་ཐབས་ཁག་ཅིག་སྟེ།བརྩེ་དུངས་གློག་བརྙན།ཟློས་གར་གློག་བརྙན།སྤྲོ་བའི་གློག་བརྙན།ཁྱིམ་ཚང་གློག་བརྙན།མི་ཆོས་གློག་བརྙན།སྒྱུ་རྩལ་གློག་བརྙན།རོལ་མོ་གློག་བརྙན།གླུ་བྲོའི་གློག་བརྙན།འགུལ་སྤྲོའི་གློག་བརྙན།ནུབ་གླིང་གློག་བརྙན།དྲག་རྩལ་གློག་བརྙན།གནའ་ཆས་གློག་བརྙན།འགུལ་སྟངས་གློག་བརྙན།འཇིགས་སྐུལ་གློག་བརྙན།འཇིགས་སྐྲག་གློག་རྙན།ཉེན་མཆོང་གློག་བརྙན།ཉེས་གསོག་གློག་བརྙན།དོགས་ཟོན་གློག་བརྙན།ཟིན་བྲིས་གློག་བརྙན།འཐབ་འཁྲུག་གློག་བརྙན།ལོ་རྒྱུས་གློག་བརྙན།རྣམ་ཐར་གློག་བརྙན།ལུས་རྩལ་གློག་བརྙན།ཚན་རིག་རྫུ་འཕྲུལ་གློག་བརྙན།འདྲེ་གདོན་རྫུ་འཕྲུལ་གློག་བརྙན།ཡ་མཚར་རྫུ་འཕྲུལ་གློག་བརྙན་བཅས་ཡོད་པ་རེད།
གློག་བརྙན་ནང་གི་སྐད་ཆ།
          དེ་མི་སྣའི་སྐད་ཆ་དང་ལྷུག་བརྗོད་མི་སྣའི་སྐད་ཆ་ལས་གྲུབ་པ་ཞིག་ཡིན་ལ།མི་སྣའི་སྐད་ཆ་ནི་མི་སྣའི་གཏམ་གླེང་དང་ཁེར་བཤད་ཡིན།ལྷུག་བརྗོད་མི་སྣའི་སྐད་ཆ་ནི་གློག་བརྙན་ནང་གི་གཟུགས་ཕྱིའི་གདངས་ཡིན་ལ།གཟུགས་ཕྱིའི་གདངས་ནི་གློག་བརྙན་གྱི་སྐད་ཆའི་ལག་ཐབས་གཙོ་བོ་མིན་པར་དེ་མི་སྣའི་སྐད་ཆ་གཙོ་བོར་འགྱུར་དགོས།
གློག་བརྙན་ནང་གི་སྐད་ཆའི་ནུས་པ།
           གློག་བརྙན་ནང་གི་སྐད་ཆའི་ནུས་པའི་ཆ་ནས་བཤད་ན་སྐད་ཆའི་ནུས་པ་ནི་གློག་བརྙན་ནང་གི་མི་སྣའི་ཉམས་འགྱུར་ལས་དམན་པས་སྐད་ཆ་མང་བོ་མི་དགོས་པ་ཡིན།འདི་ལས་ཤེས་རྟོགས་བྱུང་བ་ནི་གློག་བརྙན་ནང་གི་མི་སྣའི་སྐད་ཆ་ནི་སྙིང་བསྡུས་དང་མཚོན་ཤུགས་ཟབ་དགོས་པ་བསྟན་ཡོད།དེ་མིན་མི་སྣར་སྐད་ཆ་ཉུང་ཞིང་ཐ་ན་སྐད་ཆ་མེད་ཀྱང་གོ་བ་ལེན་ཐུབ་པའི་གློག་བརྙན་གྱིས་གློག་བརྙན་རང་གི་མཚོན་ཐབས་དེ་གསལ་བོར་སྟོན་ནུས་ ཤིང་། གློག་བརྙན་གྱི་སྒྱུ་རྩལ་འགུགས་ཤུགས་ཀྱང་མངོན་པར་ཕྱུང་ནུས་པ་ཡིན།
གློག་བརྙན་གྱི་སྒྲིག་གཞི།
          གློག་བརྙན་གྱི་སྒྲིག་གཞི་ནི་བརྙན་རིས་ལས་གྲུབ་པ་ཞིག་ཡིན།གློག་བརྙན་གྱི་བརྙན་རིས་ཞེས་པ་བརྗོད་པ་འདི་མུ་འབྲེལ་ཕབ་སྐྲུན་བྱེད་མགོ་ཚུགས་པ་ནས་མཚམས་འཇོག་པའི་བར་གྱི་མུ་འབྲེལ་ཕབ་སྐྲུན་གྱི་གཟུགས་རིས་ཚང་མ་ནི་བརྙན་རིས་ཤིག་ཡིན།
གློག་བརྙན་འཁྲབ་གཞུང་གི་སྒྲིག་གཞིའི་ཁྲོད་ཀྱི་དྲན་འཆར།
         གློག་བརྙན་འཁྲབ་གཞུང་གི་སྒྲིག་གཞིའི་ཁྲོད་ཀྱི་དྲན་འཆར་ཞེས་པ་འདི་གློག་བརྙན་གྱི་འཁྲབ་གཞུང་དུ་བྱུང་ཟིན་པའམ་ཡང་ན་འབྱུང་བར་འགྱུར་བའི་བྱ་བ་གང་ཞིག་གི་ཆེས་ཐུང་བའི་གཟུགས་རིས་དུམ་བུ་ཞིག་བར་དུ་བཅུག་པ་དེ་ཡིན།གཟུགས་རིས་དེས་ནུས་པ་གཙོ་བོ་ནི་མི་སྣའི་སེམས་ཁམས་དང་འདུ་ཤེས་སྔར་ལས་ཇེ་གསལ་ཇེ་ཟབ་ཏུ་གཏོང་བར་རྒྱབ་སྐྱོར་དང་རམ་འདེགས་ཀྱི་ནུས་པ་གལ་ཆེན་ཞིག་ཐོན་གྱིན་ཡོད།
གློག་བརྙན་པར་གཞི་བཅད་འབྲེག་དང་སྒྲིག་སྦྱོང་། MONTAGE蒙太奇
          གློག་བརྙན་པར་གཞི་བཅད་འབྲེག་དང་སྒྲིག་སྦྱོང་ནི་ཧྥ་རི་སིའི་སྐད་ཀྱིས་༼MONTAGE༽ ཞེས་འབོད་པ་འདི་བོད་སྐད་དུ་འཛུགས་སྐྲུན་རིག་པའི་ཐ་སྙད་ཅིག་ཡིན་ལ།ནང་དོན་ནི་སྒྲིག་སྦྱོར་དང་ལྷུ་ལག་སྒྲིག་པ།བསྡེབས་བསྒྲིགས་ཀྱི་གོ་དོན་ཡིན།དེ་ནི་བརྙན་གཟུགས་སྒྱུ་རྩལ་ཁྲོད་དེ་གཟུགས་བརྙན་དང་པར་ཆས་ཀྱི་ཤེལ་སྒོ།སྒྲ་བཅས་ཀྱི་རྩ་འཛུགས་སྒྲིག་གཞིའི་བྱེད་ཕྱོགས་ཤིག་ཡིན།གལ་ཏེ་པར་ཆས་ཀྱི་ཤེལ་སྒོ་ཕན་ཚུན་སྦྲེལ་མཐུད་བྱ་མི་ཐུབ་ན་ཡང་བསྐྱར་སྦྲེལ་བའི་མིང་ལ་གློག་བརྙན་པར་གཞི་བཅད་འབྲེག་དང་སྒྲིག་སྦྱོང་ལ་ཟེར་བ་ཡིན།
གློག་བརྙན་པར་གཞི་བཅད་འབྲེག་དང་སྒྲིག་སྦྱོང་གི་བྱེད་ནུས།
          གློག་བརྙན་པར་གཞི་བཅད་འབྲེག་དང་སྒྲིག་སྦྱོང་གི་བྱེད་ནུས་ལ་རིགས་ལ་བཞི་ཡོད་པ་ནི་གཏམ་རྒྱུད་རྒྱས་བཤད་དང་བརྩེ་དུང་མཚོན་པ།བསམ་བློ་ཞིབ་བཤད།ཉམས་འགྱུར་གསར་བཟོ་བཅས་ཡིན།གཤམ་ནས་རིགས་ བཞི་བོ་སོ་སོར་ཕྲལ་ནས་བརྗོད་ན་འདི་ལྟ་སྟེ།
  ⑴གཏམ་རྒྱུད་རྒྱས་བཤད་ནི་འཐུས་ཚང་བའི་གནས་ཚུལ་ཞིབ་བརྗོད་ཀྱི་བརྩམས་ཆོས་ཤིག་ཡིན་ན་བརྙན་གཟུགས་གང་རུང་གི་རྩ་བའི་གཞི་རྒྱུ་སྡེབ་སྒྲིག་བྱ་དགོས་པ་ཡིན།
  ⑵བརྩེ་དུང་མཚོན་པ་ནི་སྤྲོ་སྣང་ལྡན་པའི་བརྩེ་དུང་གསར་བཟོ་བྱ་ན་པར་ཆས་ཀྱི་ཤེལ་སྒོ་སྡེབ་སྒྲིག་བརྒྱུད་དགོས་པ་ཡིན།
  ⑶བསམ་བློ་ཞིབ་བཤད་ནི་གློག་བརྙན་གྱི་པར་གཞི་བཀོལ་ནས་གཟུགས་བརྙན་ངོས་སུ་གནས་པའི་སྦེད་པ་གསལ་བཤད་དང་བསྐོར་ནས་བཤད་པ་གསལ་བཤད་ཀྱི་འབྲེལ་བ་དང་མཚོན་བྱེད་རང་བཞིན་གྱིས་ལྐོག་འགྱུར་གྱི་བསམ་བློའི་ལྟ་ཚུལ་ཞིབ་མོར་བཤད་དགོས་པ་ཞིག་ཡིན།
  ⑷ཉམས་འགྱུར་གསར་བཟོ་ནི་གློག་བརྙན་པར་གཞི་བཅད་འབྲེག་དང་སྒྲིག་སྦྱོང་གི་མཚམས་ཚིག་ནི་བརྙན་གཟུགས་ཉམས་འགྱུར་གྱི་གྲུབ་ཆ་ གལ་ཆེའི་གྲས་ཤིག་ཡིན།


                                                       གློག་བརྙན་པར་གཞི་བཅད་འབྲེག་དང་སྒྲིག་སྦྱོང་གི་རྩ་བའི་རིགས།


གློག་བརྙན་པར་གཞི་བཅད་འབྲེག་དང་སྒྲིག་སྦྱོང་གི་རྩ་བའི་རིགས་ལ་གཉིས་ཡོད་དེ་གནས་ཚུལ་ཞིབ་བརྗོད་དང་མཚོན་ཚུལ་གཉིས་པ་ཡིན།
      ⑴གློག་བརྙན་པར་གཞི་བཅད་འབྲེག་དང་སྒྲིག་སྦྱོང་གནས་ཚུལ་ཞིབ་བརྗོད།
འདིས་གཙོ་བོ་དོན་རྐྱེན་གྱི་གནས་ཚུལ་ཞིབ་མོར་བརྗོད་པ་དང་བརྗོད་དོན་གྱི་གློག་བརྙན་པར་གཞི་བཅད་འབྲེག་དང་སྒྲིག་སྦྱོང་གི་ཐབས་ལམ་གསལ་བཤད་བྱས་པ་ཡིན།
     ⑵གློག་བརྙན་པར་གཞི་བཅད་འབྲེག་དང་སྒྲིག་སྦྱོང་མཚོན་ཚུལ།
འདིས་གཙོ་བོ་བརྩེ་དུང་དང་བསམ་བློའི་ལྟ་ཚུལ་གྱི་གློག་བརྙན་པར་གཞི་བཅད་འབྲེག་དང་སྒྲིག་སྦྱོང་གི་ཐབས་ལམ་བཤད་པ་ཡིན།
200856131552594_2.jpgགློག་བརྙན་གང་རུང་གི་ཡུལ་དངོས་བརྙན་ཕབ་ཁྲོད་ཀྱི་མཐོང་སྣེ།༼镜头༽
༼༡༽ ཡུལ་ལྗོངས་ཧྲིལ་བོ་བརྙན་ཕབ།
        དེ་ནི་མི་སྣའི་གཟུགས་བརྙན་དང་ཡུལ་དངོས་ཀྱི་རྣམ་པ་ཧྲིལ་བོ་བརྙན་རིས་སུ་ཕབ་པའི་གློག་བརྙན་གྱི་པར་གཞི་ཞིག་ཡིན།ཁོར་ཡུག་ཧྲིལ་བོར་བར་སྟོང་ཆེ་ན་མི་སྣའི་འགུལ་སྐྱོད་དང་མི་སྣ་ཕན་ཚུན་འབྲེལ་འདྲིས་གང་ལེགས་བྱས་ཆོག་པའི་ཁྱད་ཆོས་ལྡན།མི་སྣ་དང་ཁོར་ཡུག་གཞི་གཅིག་ཏུ་འདྲེས་ན་མི་སྣ་དང་ཁོར་ཡུག་ལ་གསོན་ཉམས་ལྡན་པས་གཟུགས་རིས་རང་མདངས་མངོན་པར་གསར་སྐྲུན་བྱེད་ཐུབ།
༼༢༽ ཁོར་ཡུག་རགས་པ་བརྙན་ཕབ།
         དེ་ནི་མི་སྣའི་པུས་མོ་ཡན་ཆད་ཀྱི་ཆ་ཤས་བརྙན་རིས་སུ་ཕབ་པའི་གློག་བརྙན་གྱི་པར་གཞི་ཞིག་ཡིན།ཁོར་ཡུག་ཅུང་ཙམ་ཆེ་ན་པར་གཞིར་མི་སྣར་བྱ་འགུལ་མང་ཙམ་སྤེལ་ཆོག་པ་དང་།མི་དང་མིའི་བར་གྱི་འབྲེལ་བ་ངོ་སྤྲོད་པར་དཀའ་ཁག་མེད་པ་ཡིན།
༣༽ བར་ཐག་ཉེ་བའི་ཁོར་ཡུག་བརྙན་ཕབ།
            དེ་ནི་མི་སྣའི་ཁོག་སྟོད་ཡན་ཆོད་བརྙན་རིས་སུ་ཕབ་པའི་གློག་བརྙན་གྱི་པར་གཞི་ཡིན།
ཉིན་མོའི་གློག་བརྙན།
          འོད་གསལ་བའི་ཆ་རྐྱེན་འོག་སྟོན་ཐུབ་པའི་གློག་བརྙན་ལ་ཉིན་མོའི་གློག་བརྙན་ཞེས་པ་འབོད་པ་ཡིན།སྔར་གྱི་ཉིན་མོའི་གློག་བརྙན་དེའང་འོད་མི་གསལ་བའི་གནས་ནས་སྟོན་ཆོག་པས་གློག་བརྙན་སྟོན་སའི་ཡུལ་གྱི་ཁྱབ་ཁོངས་ཇེ་ཆེར་སོང་།
གློག་བརྙན་འཁྲབ་པ།
            འཁྲབ་སྟོན་པས་འཁྲབ་བྱ་གང་ཡིན་བརྙན་ཆས་ཀྱི་མདུན་དུ་བརྗོད་དོན་སྒྱུ་རྩལ་འཁྲབ་དགོས་པ་ཡིན།གློག་བརྙན་དང་ཟློས་གར་འཁྲབ་པ་གང་ཡིན་ཡང་འཁྲབ་རྩལ་གྱི་གྲས་སུ་གཏོགས།དེ་གཉིས་ལ་ཐུན་མོང་གི་རྩ་བའི་ཆོས་ཉིད་ལྡན་ཕྱིར་ཟློས་གར་འཁྲབ་པའི་ཁྲོད་དུ་གློག་བརྙན་འཁྲབ་པའི་རྩ་དོན་དང་ཐབས་ཤེས་ལ་འདྲ་ས་མང་བོ་ཡོད་་མོད།འོན་ཀྱང་ཟློས་གར་དང་གློག་བརྙན་གཟིགས་མོ་བར་སྟོན་སྟངས་རྩ་བ་ནས་མི་འདྲ་བ་ཡིན།
            ཟློས་གར་འཁྲབ་སྟོན་པས་གར་སྟེགས་ནས་ཐད་ཀར་ལྟ་མཁན་ལ་ཐད་མཐོང་གི་སྒྱུ་རྩལ་རིན་ཐང་མྱོང་དུ་འཇུག་པ་ཡིན་ལ།འཁྲབ་སྟོན་པས་འཁྲབ་པ་ལྟ་མཁན་གྱིས་དང་ལེན་པའི་ཆེས་མཐའ་མཇུག་གི་རྣམ་པའི་གཟུགས་བརྙན་ཡིན་མོད།འོན་ཀྱང་གློག་བརྙན་འཁྲབ་སྟོན་པས་ཡོལ་དཀར་གཞན་བརྒྱུད་དང་ཐད་ཀའི་གཟུགས་རིས་ངོ་མ་དེ་ལྟ་མཁན་ལ་ཐུག་ཚོར་བྲལ་བས་འཁྲབ་སྟོན་པས་བརྙན་ཆས་ཀྱི་མདུན་ནས་འཁྲབ་པ་དེ་ལྟ་མཁན་གྱི་མཡོང་ཚོར་ཁྲོད་ཐོབ་པའི་ཆེས་མཐའ་མཇུག་གི་གཟུགས་བརྙན་ངོ་མ་དེ་མ་ཡིན་ནོ།།
གློག་བརྙན་འཁྲབ་སྟོན་པ།
          པར་གཞིའི་ཁྲོད་དུ་འཁྲབ་མཁན་དེ་ཡོལ་དཀར་མི་སྣའི་གཟུགས་བརྙན་ཐད་ཀར་མངོན་མཁན་དང་གསར་བཟོ་བ་དེ་ཡིན་དགོས།གློག་བརྙན་དང་ཟློས་གར་ལ་སོགས་འཁྲབ་སྟོན་པས་འཁྲབ་པ་གཅིག་འདྲ་རེད།ཚང་མས་རང་གི་ལུས་ཀྱི་ཉམས་འགྱུར་དང་ངག་གི་སྐད་གདངས་དེས་གློག་བརྙན་དང་ཟློས་གར་གང་རུང་གི་སྒྱུ་རྩལ་གྱི་མཛེས་པ་གསར་སྐྲུན་དང་མི་སྣའི་གཟུགས་བརྙན་གཞན་བཟོའི་ལག་ཐབས་སུ་གྱུར་བ་ཡིན།གློག་བརྙན་འཁྲབ་སྟོན་པས་རྩོམ་རིག་འཁྲབ་གཞུང་དང་གཟུགས་བརྙན་དབྱེ་བའི་འཁྲབ་གཞུང་གི་རེ་བ་བཏོན་པའི་མི་སྣའི་གཟུགས་བརྙན་གཞི་རུ་འཛིན་པ།འཁྲབ་སྟོན་པས་འཁྲབ་ཁྲིད་པའི་མཛུབ་སྟོན་འོག་པར་གཞིའི་རེ་འདུན་ལྟར་ཡོལ་དཀར་གཟུགས་བརྙན་གྱི་བཟོ་ལྟ་འགྲུབ་པར་བྱེད་དགོས།གློག་བརྙན་འཁྲབ་སྟོན་པའི་འཁྲབ་བྱ་གང་ཡིན་གསར་སྐྲུན་བྱེད་པ་ནི་འཁྲབ་ཁྲིད་པས་འཆར་བཀོད་བྱས་པའི་གཟུགས་བརྙན་རེ་རེ་ནས་མངོན་དགོས་པ་ཞིག་ཡིན།
རང་བཞིན་འཁྲབ་སྟོན་པ།
          རང་བཞིན་འཁྲབ་སྟོན་པ་ཟེར་བ་ནི་འཁྲབ་སྟོན་པའི་རིགས་ཤིག་ཡིན་ལ།འཁྲབ་སྟོན་པ་ནི་རང་ཉིད་ཀྱི་ཕྱིའི་རྣམ་པ་དང་གཤིས་ཀ་སོགས་འཁྲབ་མཁན་ཡིན་པས་རང་བཞིན་འཁྲབ་སྟོན་པས་བཅོས་མ་མ་ཡིན་པའི་རང་གི་ངོ་བོ་རང་ཤུགས་སུ་ཐོན་པར་འཁྲབ་ཏེ་གློག་བརྙན་གྱི་ཁྱད་གཤིས་རེ་འདུན་དེ་ལྟ་མཁན་ལ་དང་ལེན་བྱེད་དུ་འཇུག་དགོས།
ཚོན་མདོག་པར་གཞི།
        ཡོལ་དཀར་ངོས་སུ་གཟུགས་རིས་རང་སྟེང་ན་ཡོད་པའི་མཚོན་མདོག་ཅན་གྱི་པར་གཞི་ཞིག་ཡིན།སྤྱིར་བཏང་དུ་ཚོན་མདོག་པར་གཞི་དེ་ཚོན་མདོག་རིམ་པ་མང་བའི་གློག་བརྙན་གྱི་སྦྱིན་ཤོག་བརྙན་རིས་བཟོ་བར་སྤྱོད་པ་ཡིན།
བར་བཅུག་རོལ་དབྱངས།
        པར་གཞི་ཁྲོད་ཀྱི་ཡུལ་དངོས་གང་ཞིག་དང་བརྗོད་དོན་ཅི་ཞིག་ཏུ་མི་སྣར་དམིགས་པའི་རོལ་དབྱངས་ལ་བར་བཅུག་རོལ་དབྱངས་ཟེར།པར་གཞིའི་བརྗོད་དོན་བསམ་བློ་དང་རྩ་བའི་སྙིང་བོའི་རོལ་དབྱངས་ཐད་ཀར་སྙིང་བསྡུས་བྱས་པ་ཞིག་མིན་མོད།འོན་ཀྱང་བར་བཅུག་རོལ་དབྱངས་སྤྱིར་བཏང་དུ་པར་གཞིའི་ཁྲོད་ཡང་བསྐྱར་མི་འཆར་བ་ཡིན།
གློག་བརྙན་བརྙན་ཕབ།
         གློག་བརྙན་བརྙན་ཕབ་ནི་གློག་བརྙན་བཟོ་བའི་ལས་སྣ་གཙོ་བོ་ཞིག་ཡིན།འོད་ལེན་སྦྱིན་ཤོག་གཅིག་བསྡུས་ཐོག་ལྗོངས་དངོས་བྱ་འགུལ་གྱི་བརྙན་རིས་ཀྱི་བརྒྱུད་རིམ་པར་དུ་ལེན་དགོས།གློག་བརྙན་གསར་བཟོ་ཁྲོད་པར་ལེན་འགན་ཁུར་གྱིས་ལག་རྩལ་ཐབས་ལམ་སྣ་ཚོགས་སྤྱོད་པ་དང་ཐོག་མ་ནས་གློག་བརྙན་པར་རིས་གཟུགས་སུ་འགོད་པའི་གསར་བཟོའི་འགན་འཁྲི་ཞིག་ཡིན་པ་ཡིད་ལ་ངེས་ཤེས་བརྟན་པོ་ཆགས་དགོས། གཙོ་བོ་པར་གཞིའི་ནང་དོན་དང་འཁྲབ་ཁྲིད་པའི་གསར་བཟོའི་འདོད་འདུན་གཞིར་བཟུང་ནས་ཡུལ་དངོས་ཀྱི་ཁོར་ཡུག་རེ་རེ་དང་གཟུགས་བརྙན་རེ་རེའི་འོད་ཐིག་དང་ཁ་དོག་དང་བརྙན་རིས་ཀྱི་རི་མོའི་མཚོན་བྱ་བཀོད་ སྒྲིག་དང་ཐག་གཅོད་བྱེད་པར་སེམས་ཞིབ་མོས་ལག་ལེན་དུ་བསྟར་བར་ཧུར་བརྩོན་བྱེད་དགོས་པ་ཡིན།གཞན་ཡང་པར་ལེན་འཕྲུལ་ཆས་ཀྱིས་པར་ལེན་བརྒྱུད་རིམ་དུ་འགུལ་སྐྱོད་སོགས་པར་གཞིའི་བརྙན་རིས་གཟུགས་སུ་ འགོད་པ་ལ་སྒྱུ་རྩལ་གསོན་ཤུགས་གནང་བ།གློག་བརྙན་པར་ལེན་ནི་སྒྱུ་རྩལ་གྱི་ལག་ཐབས་རིགས་ཤིག་ཡིན་ལ། གཏམ་རྒྱུད་གློག་བརྙན་དུ་གཏམ་རྒྱུད་ཀྱི་བྱུང་རིམ་དངང་མི་སྣའི་ཉམས་འགྱུར་མཚོན་ཐབས་དང་ཁོར་ཡུག་ གཟེངས་སུ་ཐོན་པ་དང་རྣམ་པ་སྒྲོ་འདོགས་ཐ་དག་མངོན་པར་མཆོན་དགོས་པ་ཇི་བཞིན་ཡིན་ནོ།།
མདོ་ཐག་རིང་བའི་བརྙན་རིས།
          མདོ་ཐག་རིང་བའི་བརྙན་རིས་ནི་མདོ་ཐག་གི་རིང་ཚད་དེ་ཚད་ལྡན་ཁྲེ་ཙེས་པར་ལེན་ལྗོངས་དངོས་དང་བསྟུན་པ་ཞིག་ཡིན།མདོ་ཐག་འོས་ཤིང་འཚམས་པ་གང་དེ་་རི་མོའི་ངོས་ཆེ་ཆུང་གི་ཟུར་ཐིག་གི་ལྡབ་གཉིས་ཀྱི་གནས་ནས་པར་ལེན་པའི་ལྗོངས་དངོས་ནི་ད་གཟོད་ཚད་ལྡན་གཟུགས་རིས་ཤིག་ཡིན།
བརྙན་རིས་རིང་བ།
          བརྙན་རིས་རིང་བ་ནི་གཟུགས་བརྙན་ཐུང་བའི་ལྡོག་ཟླ་ཡིན།དེ་ནི་དུས་ཚོད་ངེས་ཅན་ནང་མུ་འབྲེལ་པར་ལེན་དང་སྦྱིན་ཤིག་ཅུང་རིང་བའི་གཟུགས་བརྙན་ལ་བརྗོད་པ་རེད།
ཡུལ་དངོས་ཀྱི་ཟིན་ཐོ།
           ཡུལ་དངོས་ཀྱི་ཟིན་ཐོ་ནི་པར་གཞི་བརྙན་ཕབ་བྱས་པའི་དུས་རིམ་གྱི་བྱ་བའི་ནང་དོན་ཞིག་ཡིན་ལ།དེ་ནི་བྱ་བ་འདིར་ཆེད་དུ་བསྐོས་པའི་མི་སྣ་གང་དེས་ངེས་པར་དུ་སྒྲུབ་དགོས་པའི་བྱ་བ་གལ་ཆེན་ཞིག་ཀྱང་ཡིན།ཆེད་བསྐོས་མི་སྣའི་འགན་ཁུར་གཙོ་བོ་ནི་ཡུལ་དངོས་སུ་བརྙན་ཕབ་བྱ་བཞིན་པའི་གཟུགས་བརྙན་རེ་རེའི་གནས་ཚུལ་ཞིབ་མོ་འབྲི་དགོས།གཟུགས་བརྙན་གྱི་ཨང་རྟགས་དང་བརྙན་ཕབ་ཀྱི་ཐབས་དང་གཟུགས་བརྙན་གྱི་རིང་ཚད་དང་འཁྲབ་སྟོན་པའི་ཉམས་འགྱུར་དང་འཁྲབ་བྱའི་མི་སྣའི་གླེང་མོལ།སྒྲ་ནུས་དང་གྱོན་ཆས་དང་མཛེས་སྤྲས་སོགས་ཕྱོགས་གང་ཅིའི་ཐད་གཟབ་ནན་དང་ཞིབ་ཚགས་ཀྱིས་ཟིན་ཐོ་རུ་འགོད་དགོས་པ་ཡིན།
གློག་བརྙན་འཁྲབ་ཁྲིད་པ།
             གློག་བརྙན་འཁྲབ་ཁྲིད་པ་ནི་གློག་བརྙན་པར་གཞིའི་སྒྱུ་རྩལ་གསར་སྐྲུན་གྱི་འགོ་ཁྲིད་་དང་གློག་བརྙན་ཕབ་བཟོའི་སྤྱིའི་འགན་ཁུར་བ་ཞིག་ཡིན་ལ།གློག་བརྙན་ནི་དེང་རབས་ཚན་རིག་ལག་རྩལ་ཚད་མཐོན་པོའི་གོང་སྤེལ་གྱི་རྨང་གཞིའི་སྟེང་ཐོན་སྐྱེད་བྱས་པའི་སྣ་འཛོམས་སྒྱུ་རྩལ་ཞིག་ཡིན།དེ་བས་འཁྲབ་ཁྲིད་པས་ཆེད་ལས་གསར་བཟོ་བ་དང་ལག་རྩལ་བར་མཐུན་སྒྲིལ་དང་རྩ་འཛུགས་བྱས་ཏེ་ཐུན་མོང་ཐོག་སྤུས་ཀ་བཟང་བའི་གློག་བརྙན་པར་གཞི་ཐོན་སྐྱེད་བྱེད་པར་འབད་དགོས།འདི་ནི་འཁྲབ་ཁྲིད་པའི་འགན་ཁུར་ཀྱང་ཡིན།འཁྲབ་ཁྲིད་པས་རྩོམ་རིག་འཁྲབ་གཞུང་དང་ལེན་བྱས་རྗེས་སུ་པར་གཞི་འགོ་འཛིན་གྱི་མཐུན་སྦྱོར་འོག་ཏུ་གསར་སྐྲུན་པ་རྩ་འཛུགས་སྒོས་འཁྲབ་གཞུང་ཞིབ་འཇུག་དང་འཁྲབ་སྟོན་པ་དང་ཕྱིའི་ཡུལ་ལྗོངས་འདེམ་པ་བརྒྱུད་ནས་སྟེགས་ཐོག་གི་བྱ་བ་སོ་སོ་སྒྲུབ་དགོས།དེའི་རྗེས་སུ་པར་གཞི་སྡེ་ཁག་གི་འཆར་གཞི་ལྟར་འགོ་ཁྲིད་ཀྱིས་ཡུལ་དངོས་བརྙན་ཕབ་དང་དུས་ཕྱིའི་སྒྲིག་བཟོ་ལེགས་པོར་སྤེལ་བ།འདི་དག་ཡོད་ཚད་ལ་མི་སྒེར་གྱིས་འཐུས་ཚབ་བྱེད་པ་ལ་ང་ཚོས་གློག་བརྙན་འཁྲབ་ཁྲིད་པ་ཞེས་འབོད་པ་རེད།
གློག་བརྙན་འཁྲབ་ཁྲིད་པའི་བྱ་བའི་དུས་རིམ་གསུམ།
        གློག་བརྙན་འཁྲབ་ཁྲིད་པའི་བྱ་བའི་དུས་རིམ་གསུམ་ནི་གྲ་སྒྲིག་དང་བརྙན་ཕབ།འགྲུབ་པ་བཅས་ཡིན།དེའི་ནང་གི་དུས་རིམ་དང་པོ་ནི་གྲ་སྒྲིག་གི་དུས་རིམ་ཡིན།དུས་རིམ་འདིའི་ནང་གི་འཁྲབ་ཁྲིད་པའི་བྱ་བཆེས་གཙོ་བོ་ནི་འཁྲབ་གཞུང་ལེགས་སྒྲིག་བྱེད་རྒྱུ་དེ་རེད།གང་ལྟར་འཁྲབ་གཞུང་རང་གིས་བྲིས་པའམ་གཞན་གྱིས་བྲིས་པ།ཡང་ན་གཞན་དང་མཉམ་འབྲེལ་གྱིས་བྲིས་པ་གང་ཡིན་རུང་།བརྙན་ཕབ་མ་བྱས་པའི་སྔོན་ལ་ཞུ་དག་ཐེངས་གཅིག་བརྒྱུད་དགོས་པ་ཡིན།དེར་འཁྲབ་སྟོན་པའི་གྱོན་གོས་ཀྱི་ཁ་དོག་དང་བྱ་བྱེད་མི་སྣ་བདམས་ཐག་གཅོད་པ།ཡུལ་ལྗོངས་ཇུས་བཀོད་དང་ལྟ་ཞིབ།ཉིན་རེའི་བྱ་བའི་ལས་རིམ་གྱི་གོ་རིམ་སོགས་འདུ་བ་ཡིན།
           དུས་རིམ་གཉིས་པ་ནི་བརྙན་ཕབ་དུས་རིམ་ཡིན།དུས་རིམ་འདིའི་ནང་གི་འཁྲབ་ཁྲིད་པའི་བྱ་བ་ཆེས་གཙོ་བོ་ནི་གཟུགས་བརྙན་རིགས་དགར་རྒྱུ་དེ་ཡིན།གཟུགས་བརྙན་རིགས་མ་བཀར་ན་གློག་བརྙན་བརྙན་ཕབ་ཐབས་མེད་པ་རེད།གཟུགས་བརྙན་རིགས་དགར་བར་ངེས་པར་དུ་གློག་བརྙན་ཁྱད་གཤིས་ལ་རྒྱུས་ལོན་བྱེད་དགོས།དཔེར་ན་གློག་བརྙན་གྱི་སྒྲ་དང་པར་གཞི་དྲས་སྒྲིག་ལྟ་བུ།དངོས་སུ་བརྙན་ཕབ་བྱ་སྐབས་སུ་ཐོག་མར་གཟུགས་བརྙན་ཤེལ་སྒོ་ཁག་དབྱེ་ནས་ཡུལ་དངོས་ཀྱི་ཐག་གཅོད་དང་གཟུགས་བརྙན་ཤེལ་སྒོའི་བཀོལ་སྤྱོད་འོས་འཚམས་ཡིན་མིན་ལ་ལྟ་དགོས།དེའི་རྗེས་སུ་འཁྲབ་སྟོན་པའི་འཁྲབ་རྩལ་ལ་མཛུབ་སྟོན་བྱ་དགོས་པ་ཡིན།alexander__2004__making_the_movie.jpg
           དུས་རིམ་གསུམ་པ་ནི་འགྲུབ་པའི་དུས་རིམ་ཡིན།དུས་རིམ་འདིའི་ནང་གི་འཁྲབ་ཁྲིད་པའི་བྱ་བ་ཆེས་གཙོ་བོ་ནི་གློག་བརྙན་པར་གཞི་དྲས་སྒྲིག་བྱེད་རྒྱུ་དེ་ཡིན།བརྙན་ཕབ་བྱས་ཟིན་པའི་གཟུགས་བརྙན་ཤེལ་སྒོ་ཡོད་ཚད་འཁྲབ་ཁྲིད་པས་དྲས་སྒྲིག་བྱེད་པའམ་འཁྲབ་ཁྲིད་པས་དྲས་སྒྲིག་དགེ་རྒན་ལ་ཇི་ལྟར་དྲས་སྒྲིག་མཛུབ་སྟོན་བྱེད་དགོས།གཞན་ཡང་དྲས་སྒྲིག་དགེ་རྒན་གྱིས་དྲས་སྒྲིག་བྱས་རྗེས་སུ་འཁྲབ་ཁྲིད་པ་ཆེས་མཇུག་མཐའི་གློག་བརྙན་པར་གཞི་ལེགས་བཅོས་བྱེད་མཁན་ཡིན་དགོས་པ་རེད།དྲས་སྒྲིག་ནི་གློག་བརྙན་གྱི་སྣང་འཆར་དང་སྒྲ་སྐྱེད་མཉམ་དུ་འབྲེལ་མཐུད་བྱེད་པའི་བརྒྱུད་རིམ་གྱི་སྤྱི་མིང་ཞིག་ཡིན།དེར་དྲས་མཐུད་དང་གློག་བརྙན་པར་གཞི་བཅད་འབྲེག་དང་སྒྲིག་སྦྱོར་རིགས་གཉིས་འདུ།དྲས་སྒྲིག་གི་རྩ་དོན་གཞིར་བཟུང་ནས་པར་གཞི་བཅད་འབྲེག་བྱས་ཚར་རྗེས་འཁྲབ་ཁྲིད་པ་པར་གཞིའི་སྒྲ་སྒྲིག་སྦྱོར་གྱི་བྱ་བ་མཛུབ་སྟོན་བྱེད་པར་འགྲོ་དགོས།གློག་བརྙན་གྱི་སྒྲའི་ཁོངས་སུ་འཁྲབ་བྱའི་མི་སྣའི་གླེང་མོལ་དང་སྒྲ་ནུས།གླུ་དབྱངས་སོགས་ཡོད་པ་ཡིན།གལ་ཏེ་སྒྲ་འོས་མཐུན་གྱིས་སྣང་འཆར་སྡེབ་སྦྱོར་བྱས་མ་ཐུབ་ཚེ་སྔར་གྱི་སྣང་འཆར་གྱིས་བཟོས་པའི་ཟློས་གར་གྱི་སྐད་སྒྲ་དང་གཟུགས་བརྙན་འདྲ་བཅོས་ཡོད་ཚད་ལ་གཏོར་བརླགས་ཐེབས་པ་རེད།སྒྲ་སྒྲིག་སྦྱོར་ལེགས་འགྲུབ་བྱུང་བ་ན་འཁྲབ་ཁྲིད་པའི་བྱ་བ་གནས་སྐབས་སུ་མཇུག་འགྲིལ་བ་ཡིན།མདོར་ན་གློག་བརྙན་པར་གཞི་གཅིག་གི་སྤུས་ཀ་དེ་ཆུ་ཚད་མཐོན་པོའི་སྟེང་ནས་འཁྲབ་ཁྲིད་པའི་བྱང་ཚད་དང་བློ་སྦྱོང་གིས་ཐག་བཅད་པ་ཞིག་ཡིན་ལ།གློག་བརྙན་པར་གཞི་གཅིག་གི་ཁྱད་ཆོས་དེས་འཁྲབ་ཁྲིད་པའི་སྒྱུ་རྩལ་ཁྱད་ཆོས་མངོན་པར་མཚོན་པའང་ཡིན་ནོ།།
གློག་བརྙན་འཁྲབ་ཁྲིད་པའི་སྒྱུ་རྩལ།
           འཁྲབ་ཁྲིད་པས་གློག་བརྙན་རྩོམ་རིག་འཁྲབ་གཞུང་གི་གཟུགས་བརྙན་མཚོན་པ་དང་གློག་བརྙན་པར་གཞིའི་ཁྱད་ཆོས་མངོན་མཚོན་ལག་ཐབས་བེད་སྤྱོད།འཆར་ངོས་ཀྱི་གཟུགས་བརྙན་བརྒྱུད་རིམ་གསར་སྐྲུན་གྱི་རང་བཞིན་སྒོ་ནས་མཚོན་པར་བྱེད་དགོས།
འཁྲབ་ཁྲིད་པའི་བློ་བཀོད།
           འཁྲབ་ཁྲིད་པས་སྤྱིའི་ཆ་ནས་གློག་བརྙན་རྩོམ་རིག་གི་འཁྲབ་གཞུང་ཐག་གཅོད་བྱས་ཏེ་འཆར་ངོས་ཀྱི་གཟུགས་བརྙན་གསལ་བོར་མཚོན་པ།གློག་བརྙན་གཅིག་ལ་ལེགས་འཛོམས་ཀྱི་སྒྱུ་རྩལ་ཐག་གཅོད་དང་གཏིང་ཟབ་པའི་བསམ་བློ་རང་བཞིན་གྱི་གློག་བརྙན་པར་གཞིའི་རྩ་བའི་ཐབས་ལམ་འགྲུབ་པར་བྱེད་རྒྱུ།འཁྲབ་ཁྲིད་པའི་བློ་བཀོད་ཁྲོད་འཁྲབ་ཁྲིད་པས་ཐོག་མར་གློག་བརྙན་པར་གཞིའི་བསམ་བློ་གཙོ་བོ་དང་དངོས་དོན་གྱི་བརྗོད་སྙིང་།མི་སྣའི་གཤིས་ཀ་འབུར་ཐོན་དང་དུས་རབས་ཀྱི་ཁྱད་རྟགས་དང་ཁོར་ཡུག་བཅས་ཐག་གཅོད་བྱེད་རྒྱུ་ནི་འཁྲབ་ཁྲིད་པའི་ལག་ཐབས་ཀྱི་རྩ་བའི་རྩ་དོན་སྤྱད་པ་ཞིག་ཡིན།འཁྲབ་ཁྲིད་པའི་བློ་བཀོད་ཀྱིས་འཁྲབ་ཁྲིད་པའི་གསར་སྐྲུན་གྱི་བརྒྱུད་རིམ་སྤྱིའི་རྩ་བའི་ཐབས་ལམ་ཐག་གཅོད་པའང་ཡིན།

          མཐར་གློག་བརྙན་གྱི་བྱ་བཞག་འདི་ཉིད་དར་ཞིང་རྒྱས་ཏེ་མིའི་རིགས་ཀྱི་སེམས་པའི་ཟས་སུ་འགྱུར་བར་སྨོན་པ་དང་ཆབས་ཅིག་ཏུ།གོང་ནས་ཕྲན་གྱིས་གློག་བརྙན་རོལ་མྱོང་དང་གློག་བརྙན་དཔེ་དེབ་ལྟ་ཀློག་ལས་རང་ལ་ཐོབ་པའི་ཤེས་བྱ་འགའ་མཚམས་སྦྱོར་ཙམ་བྱེད་པ་ཡིན་མོད།འོན་ཀྱང་རང་ཉིད་ནི་གློག་བརྙན་ལ་རོལ་མྱོང་བྱེད་མཁན་ཡིན་པ་ལས་ཆེད་ལས་མི་སྣའམ་གློག་བརྙན་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་སོགས་གང་ཡང་མ་ཡིན་ཞིང་ཉམས་མྱོང་དང་ལག་ལེན་གང་ཐད་སྟོང་བས་ན་རང་གི་གོ་བ་མ་ལོན་ས་དང་འགྱུར་མི་དག་ས་ཡོད་སྲིད་པས་ཁྱེད་ཀློག་མཁན་གྱིས་དགོངས་འཆར་གནང་བར་ཞུའོ།།

 

དཔྱད་མཆན་ཡོད།