ལེ་ཚན་འདིའི་གསལ་བཤད།

 

          གློག་བརྙན་གྱི་ལས་རིགས་ཁོ་ལག་རྫོགས་པ་ཞིག་དར་ཡོང་བ་ལ། གློག་བརྙན་ཁ་ཤས་ཤིག་ངོ་སྤྲད་པ་དང་། འཁྲབ་ཁྲིད་པ་ཁ་ཤས་ཤིག་བསྐྱེད་བསྲིང་པ་ཁོ་ན་ཙམ་ནི་མ་ཡིན་སྟེ། གློག་བརྙན་དང་འབྲེལ་ཚད་ཀྱི་རིག་གནས་སྣང་ཚུལ་ཀུན་པོ་གྲ་མ་ཆག གྲུ་མ་ཉམས་པར་ཆ་རྫོགས་པ་ཞིག་འོངས་པ་ཤིན་ཏུ་གལ་བས། ལེ་ཚན་འདིའི་དམིགས་བྱ་གཙོ་བོའང་དེ་ག་རང་སྟེ། གློག་བརྙན་ལོ་རྒྱུས་ཀྱི་བྱུང་རིམ་དང་། གློག་བརྙན་གཞུང་ལུགས་ཀྱི་འཛུགས་སྐྲུན། བརྡ་ཆད་བོད་འགྱུར་དང་གཅིག་གྱུར་སོགས་གཙོར་བྱ་བ་སྟེ། མདོར་ན་གློག་བརྙན་དང་འབྲེལ་ཚད་ཀྱི་རིག་གནས་སྣང་ཚུལ་ཀུན་ཡི་གེའི་རྣམ་པས་ཚུར་བླངས་པ་ཞིག་ཡིན།
         འདིར་གློག་བརྙན་བརྡ་ཆད ༢༠༠ ལྷག་བསྡུ་རུབ་བྱས་ཡོད་ཅིང་། སྐོར་ཁ་ཤས་སུ་བགོས་ཏེ་བོད་འགྱུར་བྱ་བའི་ལས་སུ་ཞུགས་རྒྱུ་ཡིན་ཞིང་། བསྒྱུར་མཁན་དག་ཀྱང་བརྙན་ཞེན་པ་ཁག་ཅིག་གིས་གྲུབ་པ་སྟེ། མང་མང་གིས་འདོད་པ་གང་དེ་བདམས་ནས་ཚད་ལྡན་ཀྱི་ཐ་སྙད་ཡིན་པའི་སྒོ་ནས་འདིར་བསྒྲགས་རྒྱུ་ཡིན་ཞིང་། འོན་ཀྱང་ཐ་སྙད་དེ་ཚོ་ཡང་ཚད་མས་གྲུབ་པར་མཐའ་གཅིག་ཏུ་མ་ངེས་པས། ལྷག་བསམ་ཅན་དག་གིས་དྲ་ངོས་ནས་དགོངས་འཆར་ལྷུག་པོར་སྩོལ་ཡོང་བའི་རེ་བཞག་ཤིན་ཏུ་ཆེ། དེ་ཡང་གྲོས་ཁ་རྒྱག་པ་ཙམ་དུ་ཟད་དེ་བརྡ་ཆད་དག་གཞུང་དང་མི་འགལ་ལ་བོད་ལ་ཡང་འཕྲོད་པ་ཞིག་ཡོང་ཐུབ་ཚེ། ཀུན་གྱིས་ལས་སླ་མོས་གོ་ཡོང་བར་སྨན་པས་ཞབས་འདེགས་ཀྱང་ཁ་རི་ཁ་ཐུག་གིས་ཞུ་ཐུབ་པར་བསམ། 
          དེ་མ་ཟད་གཅིག་ཏུ་ཕབ་པའི་ཐ་སྙད་དག་ཡིག་ངོས་ནས་ལྕེ་ཐོག་ཏུ་བླངས་ཏེ་མང་ཙམ་བཀོལ་ཡོང་བའི་རེ་བ་ཞུ་རྒྱུ་སྟེ། རྒྱུན་པར་འབྱམས་ཚེ་བདག་གིར་བཞེས་སླ་ལ་དུངས་པ་ཡང་རང་ཤུགས་ཀྱིས་ཆགས་འགྲོ་བ་སྟེ། ཡོད་ཚད་རང་སྐད་རང་ཡིག་གི་སྨྲ་བརྗོད་ཀྱི་དབང་ཆ་ཞིག་དང་ཁོར་ཡུག་ཅིག་ཆགས་ཡོང་བའི་སླད་དུ། དགེའོ།།
 

དཔྱད་མཆན་ཡོད།