ལྟད་མོ་བས་གློག་བརྙན་ཉམས་སུ་མྱོང་ཚུལ།

          སྐད་དང་བརྙན་རིས་ནི་གློག་བརྙན་ལ་མེད་དུ་མི་རུང་བའི་གྲུབ་ཆ་འགངས་ཆེན་གཉིས་ཏེ། དེ་གཉིས་ཀས་ལྟད་མོ་བའི་རྣ་དབང་དང་མིག་དབང་ལ་ལོངས་སྤྱོད་ཀྱི་བདེ་བ་བྱིན་ཏེ་གློག་བརྙན་ལ་རོལ་མྱོང་བྱེད་དུ་འཇུག་གིན་ཡོད། མིག་སྔར། ཨ་རིའི་ལོ་ཟེ་ཨན་རྗེ་ལའི་རྒྱལ་སྤྱིའི་གློག་བརྙན་ཁང་དུ་རྩ་བཞི(4D)ལའང་ལྟ་ཐུབ་པར་འདུག་ལ། གློག་བརྙན་འདི་རིགས་ཀྱིས་དབུགས་གཏོང་བ་དང་། འདུག་ཁྲི་སྒུལ་བ། ཆུ་གཏོང་བ་སོགས་ཀྱི་ཐབས་ལམ་སྣ་མང་བཀོལ་ཏེ། ལྟད་མོ་བར་བརྙན་རིས་ངོས་ཀྱི་འཚོ་བ་དངོས་སུ་མྱོང་བའི་བདེ་སྣང་སྟེར་ཐུབ། སྤྱིར་གློག་བརྙན་གང་འདྲ་ཞིག་ལ་མཚོན་ནའང་། དེས་ལྟད་མོ་བའི་དབང་ཤེས་ལ་མྱོང་བ་སྤྲོད་ཀྱིན་ཡོད་ལ། ལུས་ཁམས་ཀྱི་མྱོང་བ་འདི་རིགས་ལས་རོལ་མྱོང་དང་མཛེས་དཔྱོད་ཀྱི་རིན་ཐང་གྲུབ་ཀྱིན་ཡོད། 

           2013331748501949.jpgགློག་བརྙན་སོ་སོའི་བརྙན་རིས་དང་སྐད་ཀྱི་བརྗོད་བྱ་མ་འདྲ་བར་བརྟེན་རང་རང་ལ་ཐུན་མོང་མ་ཡིན་པའི་རིན་ཐང་རེ་ཡོད་དེ། ཟི་ཕན་(Spain)ནས་ཡིན་པའི་འཁྲབ་ཁྲིད་པ་གྲགས་ཅན་ཨར་མོ་སྒྲོ་ཝར (Pedro Almodovar)ལགས་ཀྱིས་ནམ་རྒྱུན་ཉམས་སྤྲོ་བའི་གྲོང་ཁྱེར་གྱི་འཚོ་བ་བརྙན་རིས་སུ་ཕབ་ལ། དེ་ལ་བལྟས་པ་ཙམ་གྱིས་ལྟད་མོ་བ་སྤྲོ་སྣང་གི་ཚོར་འདུ་དྲག་པོ་ཞིག་དབང་མེད་དུ་སྐྱེས་ཡོང་། སི་ཝིར་ལན་ཌིའི་(Switzerland)གློག་བརྙན་མཁན་པོ་པེ་གྷི་མན(Ingmar Bergman)་ལ་མཚོན་ན། ཁོང་གིས་བརྙན་རིས་ཀྱི་ཚོན་མདངས་ཤིན་ཏུ་གཙིགས་སུ་འཛིན་ལ། འོད་མི་འདྲ་སྣ་ཚོགས་བཀོལ་ཏེ་ལྟད་མོ་བར་མཛེས་དཔྱོད་ཀྱི་རིན་ཐང་མཆོག་ཏུ་མེད་པ་བསྐྲུན།
           ལྟད་མོ་བའི་ངོས་ནས་བཤད་ན། གློག་བརྙན་གཅིག་ལ་བལྟས་པ་ནི་རྨི་ལམ་ཐེངས་གཅིག་རྨིས་པ་དང་ཡོངས་སུ་འདྲ་སྟེ། ཧྥ་རན་སི་ནས་ཡིན་པའི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ཁེ་ལེ་ཨར(René Clair)ལགས་ཀྱིས་གསུངས་རྒྱུར། "ལྟད་མོ་བ་རེ་རེའི་གློག་བརྙན་ལ་ལྟ་དུས་ཀྱི་གདོང་གི་མདངས་དང་ལུས་ཀྱི་ཉམས་ལ་ལྟོས་དང་། དེ་ནི་རྨི་ལམ་ལ་ཞུགས་ཟིན་པའི་གང་ཟག་ཅིག་གི་ཉམས་འགྱུར་དང་ཤིན་ཏུ་འདྲ། མུན་ནག་གེར་ཡིན་པའི་བརྙན་སྟོན་ཁང་ཆེན་པོ་དེ་འདྲ་ཞིག་གི་ནང་དུ། བརྙན་རིས་རེ་རེ་དཀར་གསལ་ལེར་སྐད་དང་སྦྱར་ཏེ་བསྟན་ན། དེས་ལྟད་མོ་བ་རེ་རེའི་ཡིད་ཀྱི་དང་བ་དབང་མེད་དུ་འདྲེན་ལ། བརྙན་རིས་དེ་དག་ནི་ཁོ་ཚོའི་དམིགས་གཏད་ས་གཅིག་པུ་ཡིན། སྐབས་དེར་ལྟད་མོ་བ་དང་གློག་བརྙན་ཁྲོད་ཀྱི་གཏམ་རྒྱུད་གཉིས་གཞི་གཅིག་ཏུ་འཐིམས་ཡོད་དེ། ལྟད་མོ་བས་མིག་མ་བཙིམ་པར་དངོས་ཡོད་འཚོ་བ་ལས་འདས་པའི་འཇིག་རྟེན་གཞན་ཞིག་ཏུ་སླེབས་པའི་རྨི་ལམ་རྨི་བཞིན་ཡོད" འདི་སྐོར་ལ་སེམས་ཁམས་རིག་པ་པས་ཀྱང་ཚོད་ལྟ་བྱས་མྱོང་བར་བཤད་ལ། མི་རྣམས་ཀྱི་གློག་བརྙན་ལ་ལྟ་དུས་དང་རྨི་ལམ་རྨི་དུས་ཀྱི་ལུས་ཁམས་ཀྱི་འཁོར་སྐྱོད་ནི་གཅིག་མཚུངས་ཡིན་པར་བཤད།  
         cinema-screee.jpg   གློག་བརྙན་གྱིས་མངོན་པར་བྱེད་པ་ནི་མི་ཚེ་ཡི་རེས་སྐྱིད་རེས་སྡུག་གི་གཏམ་རྒྱུད་སྣ་ཚོགས་ཡིན་ཏེ། གློག་བརྙན་ནི་མིའི་ནང་སེམས་ཀྱི་ཆེས་ཉེ་སར་བཅར་ནུས་པའི་སྒྱུ་རྩལ་ཐུན་མོང་མ་ཡིན་པ་ཞིག་གོ། གློག་བརྙན་ལ་ལྟ་དུས་ལྟད་མོ་བ་དང་བརྙན་རིས་ངོས་ཀྱི་མི་སྣ་གཉིས་གཞི་གཅིག་ཏུ་གྲུབ་ཡོད་ལ། དཔའ་རྒོད་ཅིག་གིས་བདུད་དཔུང་ལྷག་མེད་དུ་འཇོམས་དུས། ལྟད་མོ་བར་རང་ཉིད་ནི་བརྙན་རིས་ངོས་ཀྱི་མི་སྣ་དེ་ཡིན་པའི་འདུ་ཤེས་ཡོད་དེ། རང་ཉིད་ལའང་ཕ་རོལ་བོའི་ཆགས་སྡང་གི་ཚོར་སྣང་དབང་མེད་དུ་སྐྱེས་ཡོང་། དེའི་སྟབས་ཀྱིས་དཔའ་རྒོད་དེས་རྒྱལ་ཁ་ལོན་ཡོང་ཚེ། རང་ཉིད་ལའང་ལུས་སེམས་བདེ་ལ་བབ་ནས་སྐྱིད་ལ་རོལ་བའི་བདེ་སྣང་སྟེར།

           ལྟད་མོ་བར་འདི་ལྟ་བུའི་རོལ་མྱོང་གི་བདེ་བ་བསྐྲུན་པར་གློག་བརྙན་རང་སྟེང་གི་ཁྱད་ཆོས་འདི་དག་ལ་རག་ལས་པའི་ཕུད། བརྙན་སྟོན་ཁང་གི་ཁོར་ཡུག་ལའང་འབྲེལ་བ་ཤིན་ཏུ་ཆེ་སྟེ། རེ་རེ་བཤད་ན་འདི་ལྟར།
དང་པོ། བརྙན་སྟོན་ཁང་གི་ལྷིང་ཞིང་འཇགས་པའི་ཁོར་ཡུག་ནས་ལྟད་མོ་བ་རྨི་ལམ་གྱི་གྲོང་ལ་ཞུགས་སླ་ཞིང་། ཞུགས་ནས་ཀྱང་དཀྲོག་དཀའ།
མ་གཞི་བརྙན་རིས་ངོས་ཀྱི་འཚོ་བ་ནི་རྟོག་བཏགས་དང་འཆར་སྣང་བསྲེས་མའི་འཇིག་རྟེན་ཞིག་སྟེ། དངོས་ཡོད་ལས་ཤིན་ཏུ་འདས་བར་འདུག་མོད། དེ་ལྟ་བུའི་ལྷིང་འཇགས་ཀྱི་ཁོར་ཡུག་ཞིག་ཏུ་བརྙན་ཡོལ་ཆེན་མོ་དེ་འདྲ་ཞིག་ལ་དམིགས་པ་རྩེ་གཅིག་ཏུ་གཏད་བསྡད་ཚེ། ལྟད་མོ་བ་ག་ལེར་ག་ལེར་བརྙན་རིས་ངོས་སུ་འཐིམ་འགྲོ་ལ། རང་ཉིད་ཀྱི་དངོས་ཡོད་འཚོ་བ་དེ་ཡིན་པ་ལྟ་བུའི་རྨི་ལམ་རྨི་བཞིན་ཡོད། གལ་སྲིད་མཐར་འཁོར་ནས་ཟིང་སྒྲ་རེ་གྲགས་ཡོང་ཚེ། ལྟད་མོའི་རྨི་ལམ་ཡོངས་སུ་དཀྲོག་འགྲོ་ལ། མ་གཞི་དེ་ནི་དངོས་ཡོད་ལས་འདས་བའི་གློག་བརྙན་ཁྲོད་ཀྱི་འཚོ་བ་ཙམ་ཡིན་པའི་སྐྱོ་བ་ཡང་སྐྱེས་ཡོང་། དེའི་སྟབས་ཀྱིས་བརྙན་སྟོན་ཁང་གི་ཁོར་ཡུག་ནི་གློག་བརྙན་ཉམས་སུ་མྱོང་བར་ཐོག་མར་དགོས་ངེས་བའི་ཆ་རྐྱེན་ཞིག་རེད།
གཉིས་པ། བརྙན་སྟོན་ཁང་གི་རབ་རིབ་གི་གློག་འོད་ཀྱིས་མི་སེམས་འགུལ་སླ་བར་བྱས་ཡོད་དེ། དཀའ་གསལ་ལེར་ཡོད་པའི་གནས་ཤིག་ནས་མི་ལ་འཆར་སྣང་གི་འདུ་ཤེས་སྐྱེ་དཀའ་ལ། སྐྱེས་ནས་ཀྱང་དངོས་ཡོད་དང་གཅིག་ཏུ་འཐིམ་མི་སྲིད། འཚོ་བའི་ཉམས་མྱོང་དང་ཚན་རིག་གི་ཞིབ་འཇུག་གང་ལ་གཞིགས་ནའང་། ཉིན་མཚན་གཉིས་ཀའི་མིའི་རིགས་ཀྱི་ཚོར་ཤེས་ལ་ཧེ་བག་ཆེན་པོ་ཡོད་དེ། དཀར་ཞིང་གསལ་བའི་ཁོར་ཡུག་ནས་ལུས་ཁམས་ཀྱི་དབང་རྩ་ཡོངས་སུ་གྲོལ་ཏེ་མི་རྣམས་ཀྱི་རིག་པ་གསལ་ཞིང་རྣོ་ལ། བྱ་བ་ཅི་དང་ཅི་བྱས་ཀྱང་ཡིད་ཤེས་ཀྱིས་དཔྱད་པའི་ནུས་བ་ལྡན། ཡིན་ནའང་མཚན་མོའི་མུན་ནག་གི་ཁྲོད་ནས། མིའི་རིགས་ཀྱི་དབང་རྩ་གཞི་ནས་ཞི་བར་གནས་ཤིང་། དབང་ཤེས་ཀྱི་ཚོར་བ་ཤུགས་ཆེ་རུ་རྒྱས་འགྲོ། བརྙན་སྟོན་ཁང་དུ་གློག་བརྙན་སྟོན་དུས་གློག་ཅི་ཡང་མི་སྒྲོན་པའང་ལུས་ཀྱི་གྲུབ་པའི་དགོས་དབང་འདི་ལ་བརྟེན་པ་ཡིན་ལ། དེས་ལྟད་མོ་བར་དབང་ཤེས་ཀྱི་ཚོར་བ་ཆེ་རུ་རྒྱས་ནས་རྨི་ལམ་གྱི་ཞིང་དུ་ཞུགས་སླ་བར་བྱེད་ནུས།
གསུམ་པ། བརྙན་སྟོན་ཁང་གི་ལྟད་མོ་བ་ཕལ་མོ་ཆེས་ཕན་ཚུན་ངོ་མི་ཤེས་ལ། དེས་ལྟད་མོ་བར་ཁེར་རྐྱང་གི་ཁོར་ཡུག་ཅིག་བསྐྲུན་ཏེ། དངོས་ཡོད་དང་ཁ་གྱེས་སླ་བར་བྱས་ཡོད། གལ་སྲིད་གྲོགས་པོ་ཞིག་དང་ལྷན་དུ་བསྡད་ཡོད་དེ། ཁོ་དང་ལབ་གླེང་བྱེད་པའམ། ཡང་ན་ཁོ་འཁྲིས་ན་བསྡད་ཡོད་སྙམ་པའི་ཚོར་བ་ཡིས་ཁྱོད་རང་དངོས་ཡོད་ལས་འདས་པའི་རྟོག་བཏགས་ཀྱི་ཀློང་དུ་ཚུད་མི་སྲིད་པ་བྱ་ངེས།
          གློག་བརྙན་ཁང་ལ་འདི་ལྟ་བུའི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཡོད་པས། དེ་ནི་གློག་བརྙན་ལ་རོལ་མྱོང་བྱ་སའི་གདམ་ཀ་ཡག་ཤོས་དེ་རེད།མདོར་ན། གློག་བརྙན་རང་སྟེང་དང་བརྙན་སྟོན་ཁང་གི་ཁྱད་ཆོས་དེ་དག་ཕྱོགས་གཅིག་ཏུ་འཛོམས་པས་ནས། ལྟད་མོ་བས་གློག་བརྙན་ལ་རོལ་མྱོང་མཆོག་ཏུ་གྱུར་བ་བྱ་ཐུབ་པ་དང་། བརྙན་རིས་ངོས་ཀྱི་བདེ་སྡུག་གི་ཚོར་བ་མཐའ་དག་ཀྱང་ཅི་དགར་ཉམས་སུ་མྱོང་ཐུབ།

 bp1.jpg

 

དཔྱད་མཆན་ཡོད།