གློག་བརྙན་དང་བརྙན་འཕྲིན་གྱི་ཧེ་བག་གླེང་བའི་ལམ།

           སྤྱིར་ན་གླེང་རིན་མེད་པའི་གླེང་གཞི་ཞིག་ངལ་བའི་རྒྱུ་རུ་འདོད་མོད།   དེང་དུས་བོད་ཀྱི་སྤྱི་ཚོགས་ཀྱི་ཟུར་མི་འདྲ་བའི་ཁྱོན་ན་དུས་རབས་ཀྱི་ཆ་འཕྲིན་དང་སྣྱན་མང་གི་རླབས་གསར་ཞིག་ངང་ངམ་ཤུགས་ཀྱིས་སྐྱོམ་བཞིན་པའི་གནས་བབ་དང་དུས་བབ་ལས།   གློག་བརྙན་ཞེས་པའི་རིག་གསར་གྱི་བསམ་བློའི་ལག་རྩལ་དང་མཐོང་སྣང་གི་བསམ་པའི་དགོས་མཁོ་ཞིག་ཐོལ་གྱིས་དྲངས་ཤིང་རིམ་གྱིས་ཁྱབ་དམུས་སུ་ཡོད།    དེ་བཞིན།  གློག་བརྙན་བྱུང་བ་དང་འཕེལ་བ་ལ་སྦྲགས་ནས།   བརྙན་འཕྲིན་གྱི་བརྒྱུད་ལམ་ལོ་རྒྱུས་གསར་བའང་དུས་རབས་ཉི་ཤུ་བའི་གསར་གཏོད་ཆེན་མོའི་གྲས་སུ་ཐོན་བྱུང་བ་རེད།  

         དང་པོ་གློག་བརྙན་ཞེས་པ་ཅུང་གླེང་ན།   དེ་ནི་དངོས་ལུགས་རིག་པའི་འོད་རིག་པ་ཞེས་པ་གཏན་འབེབས་བྱས་པའི་རྨང་གཞི་ལས།     གློག་ཆས་ཀྱི་དུས་སྐབས་ཀྱང་འཛམ་གླིང་བཟོ་ལས་གསར་བརྗེ་དང་བསྟུན་ནས་གློག་ཆས་ཀྱི་ལག་རྩལ་དང་གློག་ཆས་ཀྱི་རིག་ལམ་མང་པོ་རྙེད་བྱུང་བས།   གློག་བརྙན་གྱི་ཉེར་ལེན་དུ་གྱུར་བའི་ལག་རྩལ་མཁོ་ཆས་མང་པོ་གསར་བཟོ་དང་གསར་འབྱེད་བྱུང་བ་རེད།   དེ་ནི་གློག་བརྙན་གྱི་དབུ་བརྙེས་ཞིང་གློག་བརྙན་གྱི་གཞུང་ལུགས་ཀྱང་འཐུས་སྒོ་ཚང་བའི་གནས་སུ་བརྒལ་བ་རེད།    གློག་བརྙན་གྱི་སྤྱི་མཚན་དང་རང་མཚན་ཞིབ་ཏུ་ཤེས་འདོད་ན<<གློག་བརྙན་སྒྱུ་རྩལ་གྱི་གསང་བ>> ཞེས་པའི་ནང་དུ་ཅུང་ཟད་བསྡུས་འབྲི་བྱས་ཡོད།   

            སྤྱིར་ན་གློག་བརྙན་དང་བརྙན་འཕྲིན་ནི་ཕྱོགས་བསྡུས་རང་བཞིན་གྱི་སྒྱུ་རྩལ་ལས་རིགས་ཀྱི་ཁྱབ་ཁོངས་སུ་གཏོགས་མོད།   གློག་བརྙན་ནི་བརྙན་འཕྲིན་ལས་སྒྱུ་རྩལ་གྱི་ཆ་མཐོ་ཞིང་བྱང་ཚད་ཀྱི་སྐས་རིམ་ཅུང་མ་ལག་རང་བཞིན་དུ་གྲུབ་ཡོད་པས།   གློག་བརྙན་དང་བརྙན་གྱི་བར་ཁྱད་དང་ཧེ་བག  ཁྱད་ནུས།   རང་བཞིན།   འཕེལ་རིམ་བཅས་ཀྱི་རྒྱབ་ལྗོངས་ལ་གཞིགས་ནས་ཅུང་ཟད་གླེང་བ་ལ།  འདིར་གློག་བརྙན་དང་བརྙན་འཕྲིན་གྱི་མི་འདྲ་བའི་བར་ཁྱད་ཆེན་པོ་ལྔའི་ལམ་ནས་བརྗོད་དགོས་པ་ལས་བྱེ་བྲག་ཏུ་བྲིས་ན་ཅུང་ཁག་པོའི་གནས་སུ་འདུག་པས།  

            གཅིག  གློག་བརྙན་དང་བརྙན་འཕྲིན་གྱི་དུས་བབ་ཆ་ནས་གླེང་ན།   དུས་རབས་བཅུ་དགུ་བའི་དངོས་ལུགས་རིག་པའི་ཚན་རིག་པ་མི་འདྲ་བས་འོད་རིག་པའི་རྩ་དོན་རྙེད་པ་ནས་བཟུང་གློག་བརྙན་གྱི་རིག་པའང་གསར་འབྱེད་བྱུང་བ་རེད།   འཛམ་གླིང་གློག་བརྙན་ལོ་རྒྱུས་ཀྱིས་བདེན་དཔང་བྱས་པའི་གློག་བརྙན་འཁྲུངས་སྐར་ནི་སྤྱི་ལོ ༡༨༩༥ལོར་དངོས་སུ་གློག་བརྙན་ཤེས་རིག་མིའི་རིཊ་ལ་བརྙན་ལམ་གསར་བའི་ལོ་རྒྱུས་ཟིན་ཐོ་བྱུང་བ་རེད།  དེ་ནི་ཡོངས་བཞེད་ཀྱི་ལུགས་སུ་གྲུབ་ཡོད། གློག་བརྙན་ནི་བརྙན་འཕྲིན་ལས་སྔ་རབས་ཀྱི་ལོ་རབས་བཞི་ཡི་སྔོན་དུ་བྱུང་བ་ར་སྤྲོད་གང་ལེགས་བྱས་ཡོད། ཕྱིས་སུ། འདས་པའི་སྤྱི་ལོ༡༩༣༦ལོའི་ཟླ༡༡པའི་ཚེས༢ཉིན་བརྙན་འཕྲིན་ཞེས་པའི་དུས་རབས་ཉེར་གཅིག་གི་གསར་གཏོད་ཆེན་མོའི་ཟིན་ཐོ་དངོས་བྱུང་བ་རེད།  བརྙན་འཕྲིན་འཕེལ་བའི་གཞི་གྲུབ་ནི་གློག་བརྙན་རིག་པ་ཡིན།  རྒྱུ་མཚན་ནི་འཇིག་རྟེན་གྱི་བྱ་དངོས་འཚལ་ལོ་ཅོག་གི་འབྲེལ་བ་ནི་རྟེན་དང་རྟེན་འབྱུང་གི་འབྲེལ་བ་ནང་བཞིན།  གློག་བརྙན་བྱུང་འཕེལ་ལ་བསྟུན་ནས་བརྙན་འཕྲིན་གྱི་བརྙན་ལམ་གསར་བའང་བྱུང་བ་དང་འཕེལ་སྟོབས་སུ་ཕྱིན་པ་ཡིན།  དེ་ནི་འདས་པའི་ལོ་རྒྱུས་ཀྱིས་ར་སྤྲོད་བྱས་ཡོད། བརྙན་འཕྲིན་བྱུང་རབས་ཀྱི་དུས་སྐབས་གླེང་བ་ལ་གཞིགས་ནས་བརྙན་འཕྲིན་དང་འབྲེལ་བའི་འབྱུང་རྐྱེན་དང་མ་ལག  མིང་བརྡ་དང་ཁྱབ་ཁོངས་སོགས་ཅུང་ཟད་གླེང་བར་འཇུག དུས་རབས་བཅུ་དགུ་བའི་སྐབས་སུ་ཧྥ་རན་སི་དང་འཇར་མན་གྱི་ཚན་རིག་པ་སྐོར་ཞིག་གིས་རྒྱང་རིང་བོའི་བར་ཐག་ནས་བརྙན་རིས་བརྒྱུད་གཏོང་བྱེད་ཐུབ་པའི་ལག་རྩལ་དང་རིག་པའི་རྩ་དོན་ཞིག་རྟོགས་བྱུང་བས།  བརྙན་འཕྲིན་བསྡུ་ལེན་གྱི་མ་ལག་འཐུས་སྒོ་ལེགས་སུ་ཐོན་ཞིང་བརྙན་ཕབ་འཕྲུལ་ཆས་དང་བསྡུ་ལེན་འཕྲུལ་ཆས་སོགས་ཀྱི་སྒྲིག་ཆས་དང་ལག་རྩལ་ཤུགས་ཆེར་འཕེལ་བ་དང་སྦྲགས། བརྙན་འཕྲིན་ཞེས་པའི་ཐ་སྙད་གསར་བ་སྤྱོད་ཡུལ་དུ་གྱུར་བ་རེད། གློག་བརྙན་རྩོམ་རིག་ཞེས་པའི་དཔེ་དེབ་དུ་ལུན་ཏུན་གྱི་ཚན་རྩལ་པ་པེ་ཨར་ཏིག་གིས་རྒྱང་རིང་བོ་ནས་བལྟ་བ་ཞེས་པའི་རིག་ལམ་ལ་གཞིགས་ནས་བརྙན་འཕྲིན་ཞེས་མིང་བཏགས་པ་ཡིན། དབྱིན་སྐད་དུ Television ཟེར།  བསྡུས་མིང TV ཟེར།  Teleནི་རྒྱང་རིང་བོ་དོན་ཡིན་ལ།  vision ནི་མིག་གི་སྐྱེ་མཆེད་དུ་གྱུར་བའི་འཆར་སྣང་དང་གཟུགས་འགྱུར་ལ་གོ་བས།  ཁོང་གིས་རྒྱུ་མཚན་དང་གནས་ལུགས་ཀྱི་ཟུར་ཚད་མི་འདྲ་བའི་སྒོ་ནས་བཏགས་པ་ཡིན།བརྙན་ཚགས་ལྟར་ན་སྤྱི་ལོ༡༩༣༦ལོ་ནི་དབྱིན་ཇིའི་ལུན་ཏོན་ཡྰ་ལེ་ཧྲན་ཏ་ཕོ་བྲང་གི་རྒྱང་སྒྲོག་ཀུང་ཟིས་འཛམ་གླིང་དུ་ཆེས་ཐོག་མའི་བརྙན་འཕྲིན་འགྲེམས་སྟོན་གྱི་མཛད་སྒོ་དང་པོ་ལོ་རྒྱུས་སུ་གྲུབ་སོང་བ་རེད་ཞེས་འཁོད་པ་ལས། ལོ་རབས་སུམ་བཅུ་བ་ནས་བཟུང་བརྙན་འཕྲིན་ཤེས་རིག་གི་འབྱུང་ས་དབྱིན་ཇི་ནས་འཛམ་གླིང་ལ་བརྙན་ལམ་གསར་བའི་སྒོ་གླེགས་འབྱེད་བྱུང་བ་རེད།  དེ་ནི་ད་ལྟའི་བར་དུ་ལོ་ངོ་བརྒྱད་བཅུ་ལྷག་བརྒལ་བའི་དེ་རིང་གི་བརྙན་འཕྲིན་ཤེས་རིག་དུས་རབས་ཅན་དང་འཛམ་གླིང་ཅན་དུ་གྱུར་བའི་སྐས་རིམ་གསར་བ་འདི་ཉིད་རེད།
            གཉིས།   གློག་བརྙན་དང་བརྙན་འཕྲིན་གྱི་སྒྲིག་ཆས་ནི་མི་འདྲ་བའི་ཆ་ལྡན་ཡོད་ལ།  མི་འདྲ་བའི་ཟུར་ཡང་མང་པོ་ཡོད་པས།  སྒྱུ་རྩལ་གྱི་ལམ་ནས་གློག་བརྙན་དང་བརྙན་འཕྲིན་ལ་མཐོ་རིམ་ཡོད་ལ།   དཔལ་འབྱོར་གྱི་ལམ་ནས་ཤེས་རིག་ཚོང་རའི་འཁོར་སྐྱོད་ཀྱི་མངའ་ཁོངས་ཀྱང་མི་འདྲ་བ་གནས་པ་རེད།   དེ་ནི་ཤེས་རིག་གང་ཞིག་གི་ལག་རྩལ་དང་ཐོན་སྐྱེད་ཀྱིས་བརྡར་ཤ་བཅད་པའི་མཇུག་འབྲས་ཀྱི་རིམ་ ཚད་ཀྱང་ཡིན།  འཚོལ་ཞིབ་བྱས་པའི་བརྙན་ཚགས་ལྟར་ན།  དཔེར་ན།  གློག་བརྙན་ནི་ཆེད་ལས་ཀྱི་བརྙན་ལེན་འཕྲུལ་ཆས 摄影机 བཀོལ་བ་ཡིན།  སྤྱིན་ཤོག་ལ 胶卷 འཇུག་དགོས།  དེ་ནི་ཕལ་ཆེར་འཛམ་གླིང་གློག་བརྙན་ལོ་བརྒྱའི་ལོ་རྒྱུས་ལ་བཀོལ་བའི་སྤྱིན་ཤོག་གི་དུས་སྐབས་སུ་ཡིན།  འོན་ཀྱང་། ད་ལྟའི་དུས་ཀྱི་དགོས་མཁོ་དང་འགྱུར་བ་ནང་བཞིན་གྲངས་རིག་གློག་བརྙན་དུ་གྱུར་བ་རེད།ཟུར་གཞན་ཞིག་ནས་བལྟས་ན་གློག་བརྙན་ལའང་གསར་བརྗེ་རང་བཞིན་གྱི་འཕོ་འགྱུར་བྱུང་བའང་བདེན་དཔང་ཆེན་པོ་བྱས་ཡོད།    གློག་བརྙན་དང་བརྙན་འཕྲིན་ལ་ཕབ་སྐྲུན་གྱི་སྒྲིག་ཆས་མི་འདྲ་ས་ནི་བརྙན་འཕྲིན་ལ་བརྙན་ཕབ་འཕྲུལ་ཆས 摄像机 ཡིན་པས།  སྒྲ་ཐག 磁带 བཀོལ་བའི་ལུགས་སུ་འགྲོ།  དེ་ནི་བརྙན་རིས་ཀྱི་ཚད་རིམ་མི་འདྲ་བ་དང་བསམ་པའི་སྒྱུ་རྩལ་གྱི་བྱང་ཚད་མི་འདྲ་ལས་ཧེ་བག་ཤོར་བ་ཡིན།  གང་ལྟར།   གློག་བརྙན་དང་བརྙན་འཕྲིན་གང་ཡང་སྒྱུ་རྩལ་གྱི་ལས་རིམས་སུ་གཏོགས་པ་ནི་དཔྱད་འཇོག་པའི་སྤྱི་སྡོམ་བྱས་ཡོད།    འོན་ཀྱང་།  བརྙན་འཕྲིན་ནི་སྒྱུ་རྩལ་གྱི་ཚད་དང་ལས་གཞི་མིན་ཞེས་པའི་བཞེད་ལུགས་ཀྱང་འདུག་པའི་རྗེས་སུ་གླེང་བར་འགྲོ།   
            གསུམ།   བརྙན་རིས་གང་ཞིག་ནི་གློག་བརྙན་དང་བརྙན་འཕྲིན་གྱི་གཞི་འཛིན་སའི་བརྗོད་བྱ་ཡིན་ལ།   ལྟ་མཁན་ཁྲི་སྟོང་གི་ནང་སེམས་གཡོ་འགུལ་གཏོང་བྱེད་ཀྱང་བརྙན་རིས་ཀྱི་སྒྲིག་གཞིས་ཐག་བཅད་པ་ཡིན།    སྤྱིར་ན་གློག་བརྙན་ནི་བརྙན་མིག་གི་ཞིབ་ཚགས་ཀྱི་སྒོ་ནས་བརྗོད་གཞི་དམིགས་ས་གལ་ཏུ་འཛིན་དགོས་པ་ལས།   ཇི་བཞིན་གྱི་གནས་བབ་མི་དགོས་པ་རེད།   གཙོ་བོ་འཁྲབ་ཁྲིད་པའི་ནང་སེམས་ཀྱི་འགྱུར་བ་དང་མཛེས་དཔྱོད་ཀྱི་བཟོ་འགོད་ལ་རག་ལས་ཆེན་པོ་ཡོད།    དེ་ནི་གློག་བརྙན་གྱི་བརྙན་རིས་མི་འདྲ་བའི་མཚོན་ཐབས་དང་སྒྱུ་རྩལ་གྱི་བརྡ་སྤྲོད་གལ་བོ་ཆེ་ཡིན།    བརྙན་འཕྲིན་ནི་ཡུལ་དངོས་ཐད་གཏོང་གི་བྱེད་ཐབས་གཙོ་བོར་འཛིན་པ་ལས་གློག་བརྙན་དང་འདྲ་བའི་ཚད་མཐོ་ཤོས་ཅན་མི་མཁོ་བ་རེད།   ཆེས་སྤྱིར་བཏང་དང་རྩ་བའི་རྨང་ལ་གཞིགས་ནས་བརྙན་ཐབས་སྤྱོད་དགོས་པ་ནི་བརྙན་འཕྲིན་གྱི་བརྙན་རིས་དགོས་མཁོ་ཡིན་སྲིད།    གལ་སྲིད་མུ་འབྲེལ་བརྙན་འཕྲིན་ཟློས་གར་གང་རུང་ཞིག་འཁྲབ་རྩེད་བྱེད་དགོས་ན།  དེ་ནི་གློག་བརྙན་དང་ཅུང་ཉེ་བའི་ཆའང་ལྡན་དགོས་པ་རེད། 
            བཞི།   བརྗོད་དོན་ནི་གློག་བརྙན་གྱི་བླ་སྲོག་ལྟ་བུ་ཡིན་ལ་གྲུབ་སྟངས་ནི་གློག་བརྙན་གྱི་མཛེས་སྤྲས་བ་ནང་བཞིན་ཡིན་པས།   གློག་བརྙན་དང་བརྙན་འཕྲིན་གྱི་བརྗོད་དོན་གྱི་བྱེད་ནུས་དང་འདོན་ཚད་ལའང་ཁྱད་པར་ཆེན་པོ་ཡོད།  གློག་བརྙན་གྱི་ངོས་ནས་བལྟས་ན། མཛེས་དཔྱོད་ཀྱི་བྱང་ཚད་མཐོ་ཤིང་སྒྱུ་རྩལ་གྱི་མཚོན་ཐབས་གཏིང་ཟབ་པའི་གནས་སུ་ཡོད་པ་མ་ཟད།  འཛམ་གླིང་ཤར་ནུབ་ཀྱི་ཤེས་ཡོན་བརྗེ་རེས་ཀྱི་ཚབ་མཚོན་སྐས་རིམ་ལ་སླེབས་ཡོད།  དེ་ནི་གློག་བརྙན་གྱི་མཚོན་བྱེད་རང་བཞིན་ གྱི་བརྗོད་དོན་ལ་ཕལ་མོ་ཆེ་འབྲེལ་བ་དམ་ཟབ་ཡོད།  གློག་བརྙན་གྱི་བར་སྟོང་དང་དུས་ཚོད་ནི་བརྙན་འཕྲིན་ལས་ཉག་ཕྲ་ཡང་།  འཁྲབ་ཁྲིད་པ་གང་ཞིག་གི་བསམ་བློའི་རྩེ་གྲས་ཀྱི་བཅུད་དང་སྣང་བརྙན་བཞེངས་སྐྲུན་གྱི་བརྗོད་བྱའ་ཁྱབ་ཁོངས་གཅིག་སྡུད་དང་རྣོ་ངར་ཅན་དུ་བཏང་ཡོད་པས།  བརྙན་འཕྲིན་དང་མི་འདྲ་བའི་རིང་ལུགས་ཁྱད་པར་བ་ཆགས་ཡོད།  བརྙན་འཕྲིན་གྱི་བརྗོད་དོན་ནི་ཟབ་ཚད་དང་གཏིང་ཚད།  ཤུགས་ཚད་ཀྱི་སྒྱུ་རྩལ་མཚོན་ཐབས་ལེགས་པོ་ཞིག་འཁྱོངས་མི་འདུག་པས།  བརྙན་འཕྲིན་ལ་བརྗོད་བྱའི་སྣང་བརྙན་འཛིན་སྟངས་གོ་སླ་བ་དང་རྒྱུན་ཆགས་སུ་གྲུབ་པའི་གནས་ཚུལ་དང་འགྱུར་ལྡོག  གཏམ་རྒྱུད་དང་དོན་དངོས་སོགས་ཇི་བཞིན་གྱི་རྣམ་པ་བརྗོད་བྱ་གསར་རྙིང་གིས་བརྡར་ཤ་བཅད་པ་རེད།  འཚོ་བ་ནི་གླེང་མི་ཚར་བའི་བརྗོད་བྱ་ཡོངས་འདུས་ཅན་ཡིན་པས།  གློག་བརྙན་དང་བརྙན་འཕྲིན་ལ་རང་རང་གི་ཁྱད་ནུས་དང་བྱེད་ཐབས་སུ་མཚོན་པའི་རིང་ལུགས་སུ་གྲུབ་ཡོད་པས།   ཟུར་གཅིག་ལ་བལྟས་ནས་ཟུར་ཚད་ཡོངས་ཀྱི་སྐྱོན་མི་གླེང་བ་གལ་དུ་ཡིན། 
            ལྔ།   ཕྱོགས་བསྡུས་ཀྱི་སྒོ་ནས་གློག་བརྙན་དང་བརྙན་འཕྲིན་གྱི་མི་འདྲ་བའི་ཆ་ཅུང་ཙམ་གླེང་ན།  དེ་ནི་བཤད་རྒྱུན་ལ་གློག་བརྙན་ནི་འཁྲབ་ཁྲིད་པའི་སྒྱུ་རྩལ་ཡིན་ལ།   བརྙན་འཕྲིན་ནི་འཁྲབ་སྒྲིག་པའི་སྒྱུ་རྩལ་ཡིན་ཞེས་པ་ནང་བཞིན།  དོན་དངོས་ཀྱི་བསམ་བློ་དང་དོན་དངོས་མ་ཡིན་པའི་བསམ་བློའི་ཟུར། དོན་དངོས་ཀྱི་བསམ་བློའི་ལོངས་སྤྱོད་དང་དོན་དངོས་ལས་འཕྲོས་པའི་འཚོ་བའི་ལོངས་སྤྱོད་ཀྱི་ཁྱད་པར་ཙམ་དུ་ཟད།   མདོར་དྲིལ་ན།  ཁྱད་པར་གྱི་དབྱེ་སྟངས་དང་རིགས།  བྱེད་ནུས།  རང་བཞིན་བཅས་ལ་མང་པོ་འདུག་སྟེ།   དུས་ཚོད་དང་བར་སྟོང་གི་ཧེ་བག   ཚོང་རའི་དགོས་མཁོ་དང་བསམ་པའི་ལྟ་གྲུབ་ཀྱི་བར་ཁྱད།   ལག་རྩལ་སྒྲིག་ཐབས་དང་སྣང་བརྙན་མཚོན་ཐབས་ཀྱ་ཁྱད་པར།   ཁོར་ཡུག་དུས་བབ་དང་སྒྲིག་གཞིའི་ལས་རིམ་གྱི་ཧེ་བག   སྒྲ་བརྙན་སྡེབ་སྟངས་དང་འོད་ཀྱི་ཚོན་མདངས་སྙོམས་ཚུལ་གྱི་བར་ཁྱད་དང་ཁྱད་པར་གྱི་རིགས་ནི་ཤིན་ཏུ་ནས་ཡོད་པ་རེད།   གློག་བརྙན་དང་བརྙན་འཕྲིན་ལ་ཁྱད་པར་ཡོད་པ་ལ་གཞིགས་ནས་ཐུན་མོང་གི་ཆ་དང་སྤྱི་མཐུན་གྱི་ཚད་རིམ་གཏན་ནས་མི་འདུག་ཟེར་བའང་གཞི་ནས་མིན།   གང་ལྟར།   གློག་བརྙན་ནི་གློག་བརྙན་གྱི་རང་བཞིན་དང་སྤྱི་འགྲོས་ཡོད་དགོས་ལ།  བརྙན་འཕྲིན་ནི་བརྙན་འཕྲིན་གྱི་ངོ་བོ་དང་སྒྲིག་གཞི་ཡོད་དགོས་པ་ཞིག་རེད།  
 
     ༡  <<གློག་བརྙན་རྩོམ་རིག>> ཧྥང་ཡེ་ཀྲིག་གིས་གཙོ་སྒྲུབ་བྱས།   པེ་ཅིང་བཟོ་ལས་སློབ་ཆེན་དཔེ་སྐྲུན་ཁང་གིས།      ཤོག་ངོས ༤༥ གསལ།  

དཔྱད་མཆན་ཡོད།