གློག་བརྙན་གྱི་སྒྱུ་རྩལ་རིན་ཐང་དང་སློབ་གསོའི་བྱ་གཞག

 


———— «ཧི་མ་ལ་ཡ»དང«རྟ་རྐུན»གཉིས་གཞིར་བཟུང་།

  《རྟ་རྐུན》ནི་རྒྱ་རིགས་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ཐན་ཀྲོང་ཀྲོང་གིས་༡༩༩༨ལོར་ཕབ་སྐྲུན་བྱས་པ་དང་། 《ཧི་མ་ལ་ཡ》ནི་ཧྥ་རན་སིའི་འཁྲབ་ཁྲིད་པ་མཁས་ཅན་བཞའ་ཁུ་བྷེ་ཧན་གྱིས༡༩༩༩ལོར་བརྙན་ལ་ཕབ་བོ།།

 

གཅིག 《ཧི་མ་ལ་ཡ》དང《རྟ་རྐུན》གཉིས་ཀྱི་འདྲ་ཆོས་སྤྱི་ཙམ་བརྗོད་པ།

 

བརྙན་ཁྲོད་དུ་བརྗིད་ཆགས་ཀྱི་རི་བོ་དང་སྐྱི་གཡའ་བའི་གནམ་གཤིས། ཡུལ་སྲོལ་གོམས་གཤིས་སོགས་དངོས་བཤུས་ཀྱི་པར་གསོན་པོ་རྐྱང་རྐྱང་བཀོལ་བ་དང་། ལོ་རྒྱུས་གཞིར་བཟུང་ནས་གཏམ་རྒྱུད་བརྗོད་པ་དང་མི་སྣའི་སྣང་བརྙན་གསར་བཞེངས་བྱེད་པ་བརྒྱུད་ལོ་རྒྱུས་བསྐྱར་མཚོན་བྱས་ནས་བརྗོད་བྱའི་དུས་རབས་དང་རང་ཉིད་ཀྱི་ལྟ་བ་སྦྲགས་མར་བརྗོད་པ་ཞིག་ཏེ། 《ཧི་མ་ལ་ཡ》ནི་ཚོ་ཆུང་ཞིག་གི་ཚ་པའི་ལོ་རྒྱུས་བརྗོད་གཞིར་བཟུང་ནས་དེའི་ཁྲོད་ཀྱི་མི་སྣ་གཙོ་བོ་རྒད་པོ་འཕྲིན་ལས་དང་། བུ་པ་སངས། སྐར་མ་སོགས་ཀྱི་མི་སྣའི་སྣང་བརྙན་གསར་བཞེངས་བྱས་པ་བརྒྱུད་ནས་སྐབས་དེས་མི་རྣམས་བར་གྱི་འགལ་འདུ་དང་ཞེ་འཁོན། འཚོ་ཐབས། གེགས་སོགས་བརྗོད་ཐོག རྒད་པོ་འཕྲིན་ལས་ཀྱི་ཞུམས་མེད་སྙིང་སྟོབས་དང་བུ་ཆུང་པ་སངས་ཀྱི་ལྷད་མེད་རང་གཤིས་མཚོན་པ། གཞོན་ནུ་སྐར་མའི་སྙིང་སྟོབས་དང་འཇོན་ཐང། ང་རྒྱལ། རང་སྣང་སོགས་བརྗོད་པ་དང་ཆབས་ཅིག གཞོན་དུས་སྤོབས་སེམས་ལས་ནོར་འཁྲུལ་གྱི་བསྡོམས་ཚིག་བཀོད་པར་རྒད་པོས་ཉམས་མྱོང་གིས་བཟློགས་པས་འགྱོད་བཤགས་ངང་འཚར་ལོངས་བྱུང་བ་བརྗོད་པ་དང་། བླ་མ་ནོར་བུས་ཕྱོགས་ཞེན་བྲལ་བའི་གཟུ་བོའི་རྣམ་པས་གཏམ་རྒྱུད་དེ་གསོན་པོར་བརྗོད་འདུག

《རྟ་རྐུན》དུ་མི་སྣ་གཙོ་བོ་ནོར་བུའི་ཉམ་ཐག་གི་འཚོ་བའི་འོག་དམིགས་བསལ་གྱི་འཚོ་ཐབས་ཏེ། ཇག་ལས་གཉེར་བ་བརྗོད་ཐོག ཉེ་འཁོར་མི་རྣམས་ཀྱིས་ཁོར་འཛིན་སྟངས་ཤུགས་ཀྱིས་མཚོན་པ་དང་། ཁོས་ཚོང་པའི་ཟོག་བཅོམས་ནས་དགོན་པར་སྐྱེས་སུ་ཕུལ་བས། ཁོ་ཚོ་གྲལ་ལས་ཕུད་པ་དང་ཁོའི་ཁྱིམ་ཚང་གི་ཆ་རྐྱེན་སྔར་ལས་ཀྱང་ཇེ་སྡུག་ཏུ་སོང་ནས་རང་གི་སྙིང་ལྟ་བུའི་བུ་ཆུང་བཀྲ་ཤིས་ཀྱི་ཚེ་སྲོག་ཤོར། སླར་བུ་ཆུང་ཞིག་ཐོབ་པས་དེ་ཡི་ཚེ་སྲོག་བསྲུང་ཕྱིར་བསྐྱར་ཇག་ལས་ལ་མི་འཇུག་ཐབས་མེད་བྱུང་བ་དང་། མཐར་རང་སྲོག་ཤོར་བ་བརྗོད་ནས། སྐབས་དེར་གྲལ་རིམ་གྱི་ལྟ་བ་ཤུགས་ཆེ་བ་དང་དམངས་ཀྱི་འཚོ་བ་ཉམ་ཐག་པ་བརྗོད་ཡོད།

 

གཉིས། 《ཧི་མ་ལ་ཡ》དང《རྟ་རྐུན》གཉིས་ཀྱི་ཁྱད་ཆོས་རགས་ཙམ་བརྗོད་པ།

 

གཉིས་ཀའི་བརྗོད་སྟངས་མི་འདྲ་བ་སྟེ། 《ཧི་མ་ལ་ཡ》ནི་གཏམ་རྒྱུད་ཀྱི་གོ་རིམ་བཞིན་བརྗོད་པ་དང《རྟ་རྐུན》ནི་མཇུག་འབྲས་སྔོན་དུ་བརྗོད་ནས་གཏམ་རྒྱུད་ཀྱི་བྱུང་རིམ་བརྗོད་པ་ཞིག་ཡིན། གཞན་ཡང་མི་སྣའི་གཟུགས་བརྙན་གསར་བཞེངས་ཀྱི་ཆ་ནས། 《ཧི་མ་ལ་ཡ》རུ་སྐྱེ་རྒ་ན་འཆིའི་འཇིག་རྟེན་གྱི་ཆོས་ཉིད་དང་མིའི་རིགས་ཀྱི་འཕེལ་འགྱུར་མཚོན་རྒྱུ་གཙོར་བྱས་ནས། དེ་ཉིད་ཚོ་བ་ཆུང་ཆུང་ཞིག་གི་ཚ་བའི་ལོ་རྒྱུས་གཞིར་བཟུང་ནས་མངོན་པར་བྱས་ཡོད་དེ། འཕྲིན་ལས་དང་སྐར་མ། པ་སངས་གསུམ་གྱིས་བྱིས་དུས་དང་རྒན་དུས། དར་དུས་ཀྱི་མི་སྣ་གསུམ་དུ་གསར་བཞེངས་བྱས་ནས། འགྲོ་བ་མིའི་རིགས་འདི་ཉིད་སྐྱི་གཡའ་བའི་རང་བྱུང་ཁོར་ཡུག་གི་ཁྲོད་ནས་འཕེལ་འགྱུར་བྱུང་བའི་ལོ་རྒྱུས་དེ། རྒན་གཞོན་བྱིས་གསུམ་གྱི་ཞུམ་མེད་ཀྱི་དཔའ་སྟོབས་ལས་མཚོན་པར་བྱས་ཡོད། 

《རྟ་རྐུན》ལ་མཚོན་ན། འགྲོ་བ་མིའི་རིགས་ཀྱི་འཕེལ་འགྱུར་ཁྲོད། མི་དང་མའི་བར་གྱི་འབྲེལ་བ་མཚོན་པ་གཙོ་བོར་བྱས་ནས། དུས་སྐབས་དེར་རིགས་རུས་ཀྱི་ལྟ་བ་ཤུགས་ཆེ་ཞིང་དམངས་ཀྱི་འཚོ་བ་ཉམ་ཐག་པ་ཞིག་ཡིན་པ་མཚོན་ཆེད། མི་རྣམས་ཀྱི་བཟང་ངན་གྱི་ལྟ་སྟངས་གཞིར་བཟུང་ནས་རྟ་རྐུན་ཞེས་ཀུན་གྱི་དམའ་འབེབས་སའི་མི་སྣ་ཞིག་གསར་བཞེངས་བྱས་པ་དང་། རྟ་རྐུན་གྱིས་རང་གི་ཆུང་མར་བཤད་པའི་སྐད་ཆ་དང་བྱ་བྱེད་དག་ལས་བུད་མེད་ཀྱི་གནས་བབ་མཚོན་པར་བྱས་ཏེ། ཁྱིམ་ཚང་ཞིག་གི་གཏམ་རྒྱུད་བརྗོད་ནས་སྤྱི་ཚོགས་དེས་ཁྲོད་ཀྱི་མི་ཚང་ཕལ་པའི་འཚོ་བ་ཉམ་ཐག་པ་ཞིག་ཡིན་པར་བརྗོད་ཡོད།

《ཧི་མ་ལ་ཡ》འི་ནང་དུ་གཙོ་བོ་བརྗིད་ཉམས་དོད་པའི་རང་བྱུང་ཁོར་ཡུག་གི་པར་རིས་བཀོལ་ནས་མི་དང་རང་བྱུང་ཁམས་ཀྱི་འགལ་ཟླ་མཚོན་རྒྱུ་གཙོ་བོ་བྱས་ཡོད་པ་དང་། 《རྟ་རྐུན》ནང་གཙོ་བོ་དགོན་པའི་རྣམ་པ་དང་། སྡེ་གྲོང་གི་རྣམ་པ། མི་སྣའི་རྣམ་པ་མཚོན་པའི་པར་རིས་བཀོལ་ནས་མི་དང་མིའི་བར་གྱི་འགལ་འབྲེལ་མཚོན་རྒྱུ་གཙོ་བོ་འཛིན་པ་མ་ཟད། བརྙན་ཁྲོད་དུ་མུན་ལྗོངས་དང་འོད་མདངས་དམན་པའི་ལྗོངས་བཀོལ་ནས་འབངས་ཀྱི་འཚོ་བ་ཉམ་ཐག་པ་མཚོན་རྒྱུ་གཙོ་བོར་བྱས་ཡོད།

 

གསུམ། 《ཧི་མ་ལ་ཡ》དང《རྟ་རྐུན》གཉིས་བསྡུར་བས་སྒོ་ནས་སྒྱུ་རྩལ་རིན་ཐང་དང་སློབ་གསོའི་བྱ་གཞག་བརྗོད་པ།

 

གློག་བརྙན་ནི་སྒྱུ་རྩལ་སྣ་མང་ཅན་ནམ་སྒྱུ་རྩལ་གྱི་ཚོགས་ཤིག་སྟེ། འཁྲབ་ཚིག་ལ་མཚོན་ཤུགས་ཆེ་ཞིང་རྣ་བར་སྙན་ལ་གཏན་ཚིགས་ལྡན་པ་དང་། བརྙན་རིས་ལ་གསོན་ཉམས་དོད་ཅིང་མཚོན་ཤུགས་ཆེ་བ། གོ་རིམ་ལྡན་ཅིང་ཡིད་དབང་འགུགས་པ། བརྙན་ཁྲོད་སྒྲ་ལ་མཚོན་ཤུགས་ཆེ་ཞིང་གནད་ཁེལ་བ། རྣ་བར་སྙན་ཞིང་ཚད་རན་པ། མི་སྣའི་རྣམ་འགྱུར་ལ་གསོན་ཉམས་དོད་ཅིང་མཚོན་ཤུགས་ཆེ་བ། དོན་དངོས་དང་མཐུན་པ། བརྗོད་དོན་ལ་འཚོ་བ་བསྐྱར་མཚོན་ནུས་ཤིང་བདེན་པའི་ཚད་མཐོ་བ། སློབ་གསོའི་གཏིང་ཟབ་ཅིང་ཕན་ཆེ་བ་ཞིག་ཡིན་དགོས།

སྤྱིར་གློག་བརྙན་འདི་གཉིས་ཀྱི་འཁྲབ་ཚིག་མཚོན་ཤུགས་ཆེ་ལ་གཏན་ཚིགས་ལྡན་པ་སྟེ། 《ཧི་མ་ལ་ཡ》འི་མགོར༼འབྲུ་འདི་དག་གིས་ཡུལ་མིའི་ཟླ་གསུམ་གྱི་འཚོ་བའང་འཁྱོལ་དཀའ༽ཞེས་སྒྲུང་གི་འབྱུང་རྐྱེན་དང་ཡུལ་མིའི་གནས་བབ་སོགས་མཚོན་པར་བྱས་ཡོད་ལ་གཏམ་རྒྱུད་ཀྱི་སྣེ་འདྲེན་པའི་ནུས་པའང་ཐོན་ཡོད། 《རྟ་ཇག་པ》རུ་༼འདི་དར་ཤིང་རེད། རི་ལ་དར་བཙུགས་ན་ལྷས་ང་ཚོར་སྲུང་སྐྱོབས་བྱེད་ཀྱི་རེད༽ཅེས་སྐབས་དེའི་མི་རྣམས་ཀྱི་བསམ་འཁྱེར་དང་རེ་འདུན་དོན་དངོས་མཚོན་པར་བྱས་པ་མ་ཟད། དེ་དག་བར་གྱི་འགལ་ཟླ་ཤུགས་ཀྱིས་བསྟན་ནས་གཏམ་རྒྱུད་ཀྱི་འཕེལ་རིམ་ལ་གཞོགས་འདེགས་བྱས་ཡོད། བརྙན་རིས་གསོན་ཉམས་དོད་ལ་མཚོན་ཤུགས་ཆེ་བ་སྟེ།《ཧི་མ་ལ་ཡ》རུ་བརྗིད་ཆགས་ཀྱི་གངས་རི་དང་། སྐྱི་གཡའ་བའི་གནམ་གཤིས་ཀྱི་པར་རིས་དག་ལས་འཚོ་བའི་གནས་བབ་དང་དེའི་ཁྲོད་ཀྱི་དཀའ་ཁག་དག་མཚོན་པར་བྱས་པ་དང་། 《རྟ་རྐུན》དུ་རིགས་དམན་ཇག་པའི་ཉམ་ཐག་གི་འཚོ་བ་མཚོན་ཕྱིར་མུན་ནག་དང་འོད་ཕྲ་བའི་པར་རིས་རྐྱང་རྐྱང་བཀོལ་བ་དང་།   རིགས་རུས་མཐོ་བའི་ཚབ་མཚོན་ཆོས་ཕྱོགས་བྱེད་སྒོ་དང་ལྷ་སྐུ་རྣམས་བརྗིད་ཉམས་དོད་པ་དང་འོད་མདངས་ལྡན་པའི་པར་རིས་བེད་སྤྱོད་བྱས་ཡོད། མི་སྣའི་རྣམ་འགྱུར་གསོན་ཉམས་དོད་ལ་མཚོན་ཤུགས་ཆེ་བ་སྟེ། 《ཧི་མ་ལ་ཡ》ར་བརྗིད་ཆགས་རི་ལྡེབས་ཀྱི་རྒད་པོས་དཀའ་ཁག་ཅི་ཙམ་ཡོད་ཀྱང་ངོ་གདོང་འཛུམ་གྱིས་ཁེངས་ལ་གོམ་འགྲོས་ཡང་ཤ་དོད་པ་ལས་མིའི་རིགས་ཀྱི་སྙིང་སྟོབས་མཚོན་པ་བྱས་ལ། 《རྟ་ཇག་པ》ར་ཇག་པའི་ཆུང་མས་ཁོ་བོར་མིག་མདངས་ཙམ་ལས་འཕང་མཐོ་བའི་སྐད་ཆ་གཅིག་ཀྱང་མི་ཤོད་པ་ལས་སྐབས་དེའི་བུད་མེད་ཀྱི་གནས་བབ་མཚོན་པ་སོགས་ཞིབ་ཆ་ནས་མཚོན་ཤུགས་ཆེ་ལ་གསོན་ཉམས་དོད་པ། ཚགས་དམ་པ་སོགས་ཀྱི་ཁྱད་ཆོས་འདུག

འོན་ཀྱང་བརྙན་ཧྲིལ་བོའི་བག་ཆགས་དང་ཚོར་བ་ཁ་ཁ་རུ་སྣང་ཞིང་། 《ཧི་མ་ལ་ཡ》འི་དངོས་ཡོད་རང་བཞིན་གྱིས་མི་རྣམས་ཀྱི་ཡིད་དབང་ཆེར་འདྲེན་ཅིང་གློག་བརྙན་གྱི་རིན་ཐང་མཐོར་འདེགས་ཀྱི་ནུས་པ་ལྡན་ཏེ། འགྲོ་བ་མིའི་འཕེལ་འགྲིབ་ཏེ་སྤྱིའི་ལྟ་ཚུལ་གཞིར་བཟུང་བ་དང་ཞིང་ཁྲོད་ཀྱི་རྒན་བྱིས་གཉིས་ཀྱི་པར་རིས་འཆར་རེས་ཀྱིས། ཡུལ་མི་དང་ཚ་བའི་གྱི་འབྲེལ་བ་བཙུགས་ཏེ། ཚ་བས་ཡུལ་མིའི་འཚོ་གནས་ཐད་ཀྱི་གལ་ཆེན་གནས་བབ་ཤུགས་སུ་མངོན་ནས་སྒྲུང་གི་མགོ་བཙུགས་ཡོད། དེ་ཡང་ཉམས་མྱོང་ཅན་གྱི་རྒད་པོ་དང་ལྷད་མེད་ཀྱི་བྱིས་པ། བརྗིད་ཆགས་ཀྱི་རང་བྱུང་ཁོར་ཡུག་བཅས་ལ་བརྟེན་ནས་སྒྲུང་གི་མགོ་བཙུགས་པ་འདིས། ལྟད་མོ་བའི་བློ་མགུ་ཞིང་ཡིད་འཐད་པར་རམས་འདེགས་ངེས་ཅན་བྱས་པ་མ་ཟད། དངོས་ཡོད་ཀྱི་བདེན་དཔང་ཕུན་སུམ་ཚོགས་པའི་འདས་དོན་དུམ་བུ་ཞིག་བསྐྱར་དུ་བསྟན་ནས། མི་རྣམས་ལ་སྐབས་དེའི་འཚོ་བར་དངོས་སུ་ཞུགས་པ་ལྟ་བུའི་ཚོར་སྣང་སྦྱིན་ཡོང་།  གཞན་ཡང་གཏམ་རྒྱུད་ཀྱི་འཕེལ་རིམ་ཁྲོད་དུ། སྲོལ་རྒྱུན་རིག་གནས་མཚོན་པའི་མོ་བ་དང་རྩིས་པ། གསར་དར་རིག་གནས་ཀྱི་མཚོན་བྱེད་ཀྱི་ན་གཞོན། དེ་གཉིས་བར་གྱི་ཁ་བརྡ་ལས་སྲོལ་རྒྱུན་དང་གསར་དར་རིག་གནས་བར་གྱི་འགལ་ཟླ་མངོན་པར་བྱས་ཐོག བློ་སྟོབས་ཅན་གྱི་རྒད་པོ་འཕྲིན་ལས་ལ་བརྟེན་ནས་སྲོལ་རྒྱུན་དང་གསར་དར་རིག་གནས་བར་གྱི་འབྲེལ་ཟམ་བཙུགས་ཤིང་། སྲོལ་རྒྱུན་དང་གསར་དར་ཡང་ཆོས་ཀུན་དང་འདྲ་བར་རྟེན་ཅིང་འབྲེལ་འབྱུང་དུ་གནས་པ་བསྟན་ནས། དེ་གཉིས་བཏང་སྙོམས་སུ་བཞག་ནས་བླང་དོར་བཅུད་ལེན་དང་ལེགས་སྤེལ་ཉེས་འགོག་གི་ཡང་དག་ལྟ་བ་བརྗོད་ནས། ་གློག་བརྙན་དང་དོན་དངོས་འཚོ་བའི་བར་གྱི་འབྲེལ་བ་ཟབ་ཏུ་བཏང་བས་གློག་བརྙན་གྱི་ཡིད་འགུགས་ནུས་པ་དང་སྒྱུ་རྩལ་རང་བཞིན་ཆེར་བཏང་ཡོད།  རྒད་པོ་འཕྲིན་ལས་ཀྱི་སྙིང་སྟོབས་ཀྱིས་སྐྱི་གཡའ་བའི་གནམ་གཤིས་ལས་རྒྱལ་བ་དང་། ཁོང་དང་སྐར་མའི་བར་གྱི་ཞེ་འཁོན་རྩ་ནས་བསློགས་པ། ཡིད་ཆེས་དང་དད་པ་སོགས་ལས་མིའི་རིགས་ཀྱི་སྙིང་སྟོབས་མཚོན་པར་བྱས་ནས་ང་ཚོར་བློ་སྟོབས་དང་རེ་བ་སྦྱིན་པ་མ་ཟད། ཆོས་ལུགས་པ་ཞིག་གིས་འཇིག་རྟེན་གྱི་ལྟ་བའི་ཐོག་ནས་མི་ཚེའི་རང་མདངས་ཀྱང་མངོན་པར་བྱས་ནས། ཆོས་དང་འཇིག་རྟེན་གཉིས་ཀྱིས་རང་གཞན་གཉིས་ལ་ཕན་པའི་སྤྱི་སེམས་ཤིག་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཤུགས་ཀྱིས་བསླབ་བྱ་མཛད་ཡོད་པ་སོགས་སློབ་གསོའི་བྱ་གཞག་ཀྱང་ཆེན་པོ་ལྡན་འདུག

《རྟ་ཇག་པ》ར་རང་བྱུང་གི་ཁོར་ཡུག་དང་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་པར་གསོན་པོ་རྐྱང་རྐྱང་བཀོལ་ཡོད་མོད། དེ་ཙམ་གྱིས་ཡིད་འགུག་ནུས་པ་མེད་ཅིང་སྒྱུ་རྩལ་གྱི་རིན་ཐང་དམན་ཏེ།  ཐོག་མར་ཕུང་པོ་བྱ་གཏོར་གྱི་རྣམ་པ་བསྟན་ནས་སྒྲུང་གི་འཇུག་འབྲས་བརྗོད་ཐོག མུན་ཁྲོད་ཀྱི་རྨིག་སྒྲ་ལས་མགོ་བརྩམས་ཏེ་སྒྲུང་ཁྲོད་ཀྱི་མི་སྣ་གཙོ་བོ་ནོར་བུའི་ལས་དབང་བརྗོད་པ་དང་ཁོའི་ལས་དབང་ལས་སྐབས་དེའི་བོད་དམངས་ཀྱི་ལས་དབང་ཤུགས་ཀྱིས་བསྟན་པས། སྒྲུང་གི་བརྗོད་བྱ་གཏན་ཁེལ་ཟིན་པའི་སྒྲོམ་དུ་བཅུག་པ་དང་གཅིག་གིས་སྤྱིའི་ཚབ་ཏུ་བྱས་པས། ལྟད་མོ་བས་ཡིད་ཆེས་དེ་ཙམ་མི་ཐོབ་པ་དང་ཡིད་ཆེས་ཐོབ་ཀྱང་སྒྲུང་གིས་སྐབས་དེའི་འཚོ་བའི་སྣང་བརྙན་བསྐྱར་འཆར་ཙམ་ལས། དེས་རང་ཉིད་ཀྱི་འཚོ་བ་ལ་ཤུགས་རྐྱེན་དང་བློ་བསྐྱེད་ཀྱི་ནུས་པ་དམན་པས། ལྟད་མོ་བར་ལོ་རྒྱུས་ཀྱི་ཆ་ཤས་རྒྱུས་ལོན་ཙམ་ལས་གཞན་གྱི་ཕན་པ་ཆུང་བ་སོགས་ཡིད་འགུག་གི་ནུས་པ་དམན་པ། གཞན་ཡང་ནོར་བུས་ཕྱི་ཕྱོགས་ཀྱི་ཚོང་པའི་ཟོག་བཅོམས་ནས་དགོན་པར་ཕུལ་བས། ཁོ་རང་ཚོ་གྲལ་ལས་ཕུད་དེ་སྙིང་ཉེ་བའི་བུ་ཆུང་བཀྲ་ཤིས་ཀྱི་སྲོག་ཤོར་བ་སོགས་བསྟན་ནས་ཆོས་ལུགས་གཙོའི་སྲོལ་རྒྱུན་ལ་དགག་པ་ཁོ་ན་མཛད་པ་སོགས་ཀྱི་ཕྱོགས་ལྷུང་གི་ལྟ་བས། ལྟད་མོ་བས་ཡིད་འགུགས་ནུས་པ་ཞེན་ཞིང་། གློག་བརྙན་གྱི་དངོས་ཡོད་རང་བཞིན་དམན་པ་སོགས་གློག་བརྙན་སྤྱིའི་རིན་ཐང་ཆུང་བ་མ་ཟད་སློབ་གསོའི་བྱ་གཞག་དམན་ནོ།།

 

བཞི། འཇུག་བསྡུའི་གཏམ།

 

 དེང་གི་རྒྱལ་ཁབ་བར་གྱི་འབྲེལ་བ་དང་ཚོ་བའི་བར་གྱི་འབྲེལ་བ། མི་དང་མིའི་བར་གྱི་འབྲེལ་བ་སོགས་ཕལ་ཆེ་བ་ནི་ཁེ་ཕན་ནམ་དཔལ་འབྱོར་གྱིས་མཐའ་བསྐོར་བས། བོད་ཀྱི་གློག་བརྙན་ཡང་དེ་ཕྱོགས་སུ་མི་བརྒྱུག་རང་བརྒྱུག་ཏུ་ཟད་ལ་དེ་ཕྱོགས་སུ་བརྒྱུག་ཀྱང་དེའི་གྲལ་དུ་ཚུད་རྒྱུར་ཤིན་ཏུ་དཀའ་བས། ང་ཚོས་གཞན་གྱི་དགོས་མཁོ་བསྐྲུན་རྒྱུ་ཤིན་ཏུ་གལ་ཆེ་ལ་བསྐྲུན་པ་དེའང་གཞན་ལས་ལྷག་པ་ཞིག་དགོས་ངེས། དེ་ཡང་གཞན་རྗེས་ཁོ་ན་བསྙེགས་པས་གཞན་ལས་ལྷག་པ་ཞིག་ཡོང་བ་དཀའ། འོན་ཀྱང་ཚན་རིག་ལག་རྩལ་ཐད་གཞན་རྗེས་སུ་མི་འབྲངས་ག་མེད་རེད་ལ་འདི་ཐད་གཞན་ལས་རྒྱལ་རྒྱུ་ནི་ཉིན་མོའི་སྐར་མ་ལྟར་ཡིན། དེ་ནའང་གློག་བརྙན་ནི་སྒྱུ་རྩལ་གྱི་ཚོགས་ཡིན་པས་དེ་ཙམ་གྱིས་ཕམ་ཁ་ལེན་དོན་ཅི་ཡོད།

རིགས་འདྲ་མིན་གྱི་གློག་བརྙན་ཁྲོད་དུ་མ་ཚང་མི་འདང་གི་ཆ་འཚོལ་རྒྱུ་དང་། རང་མི་རིགས་ལ་གཞན་ལྷག་དང་དམིགས་བསལ་གྱི་ཆ་གང་ཡོད་འཚོལ་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་སེམས་ལ། ལྟད་མོ་བས་དགའ་ཕྱོགས་དང་མཛེས་སྤྱོད་ཀྱི་ལྟ་བ་རྟོག་ཞིབ་བྱ་རྒྱུ་ཡང་ཤིན་ཏུ་གལ་ཆེ་བར་སེམས། དེང་སྐབས་མི་འགའ་རེས་བོད་མི་རྣམས་གློག་བརྙན་ལ་སྤྲོ་བ་ལྷག་ཏུ་ཆུང་ཟེར་བ་དེ། བོད་མི་གློག་བརྙན་ལ་སྤྲོ་བ་མེད་པ་མ་ཡིན་པར་བོད་མའི་མཛེས་དཔྱོད་དང་མཐུན་པའི་གློག་བརྙན་ཉུང་བས་ཡིན་པར་སེམས། མི་སུམ་བཅུར་བསམ་པ་སུམ་བཅུ་དང་མཛོ་སུམ་བཅུར་རྭ་ཅོ་དྲུག་ཅུ་ཞེས་པ་ལྟར་འཛམ་གླིང་གི་མི་རིགས་སོ་སོའི་འཚོ་གནས་ཀྱི་ཁོར་ཡུག་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས། ཡུལ་སྲོལ་དང་ཆོས་ལུགས་ཀྱི་བག་ཆགས་སོགས་མི་འདྲ་བ་ལས་མཛེས་དཔྱོད་ལྟ་བ་མི་འདྲ་བ་ཡོད་པ་གཏན་ཁེལ་རེད། ཁོ་བོས་ཕ་ཡུལ་གྱི་སྐྱེས་ཕོ་མོ་རྒན་གཞོན་རྣམས་ཀྱིས་གེ་སར་སྒྲུང་གློག་བརྙན་དུ་ཕབ་པ་དེ་ཕྱོགས་གང་ཐད་ནས་ཞན་ཆ་ཏག་ཏག་ཡོད་མོད་དེ་ལ་དད་པོ་དང་མོས་པོ་བྱེད་ཀྱིན་འདུག གལ་ཏེ་དེ་ཉིད་ལག་རྩལ་དང་སྒྱུ་རྩལ་གང་ཐད་ནས་ཕུལ་དུ་བྱུང་བ་ཞིག་ཕབ་བསྐྲུན་ཐུབ་ཚེ་མི་བྲིན་པར་དོགས་མི་དགོས་པར་སེམས།

གཞན་ཡང་འགྲན་རྩོད་ཆེ་བའི་དུས་རབས་འདིར་ལྷིང་ཤོས་དང་ལྷོད་ཤོས་ནི་བོད་པ་མ་རེད་སུ་ཡིས་ཟེར་ཕོད་དམ། མི་རིགས་གཞན་རྣམས་ཀྱིས་འདི་ལྟ་བུའི་སོས་དལ་གྱི་འཚོ་བར་མི་འདོད་ཞེས་སུ་ཡིས་ཟེར་ནུས་སམ། སྐབས་རེར་སྐྱོན་ཡོན་ཏན་དུ་འགྲོ་བར་སུས་ཀྱང་འགོགས་མི་ནུས། ལྷིང་འཇག་ལས་ང་ཚོར་ལྷད་མེད་ཀྱི་འཛུམ་ཆུང་ཞིག་ཡོད། འདི་ཉིད་འཁྲབ་སྟོན་པ་མཁས་ཅན་སུའི་གདོང་གིས་མངོན་ནུས་སམ།   ལྷིང་འཇགས་ལས་ང་ཚོར་རང་བྱུང་གི་དགོད་སྒྲ་ཞིག་ཡོད། འདི་ཡང་འཁྲབ་སྟོན་པ་གྲགས་ཅན་སུའི་མགྲིན་གྱིས་ལྷོད་ཐུབ་བམ། 


 

   

རྩོམ་པ་པོ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་དངོས་གཞི་སློབ་མ་ཡིན།

དཔྱད་མཆན་ཡོད།