གློག་བརྙན་འཁྲབ་སྟོན་རགས་ཙམ་གླེང་བ།

 p2216084463.jpg

         གློག་བརྙན་རིག་གནས་སམ་གློག་བརྙན་སྒྱུ་རྩལ་འཛམ་གླིང་ལ་དར་ནས་ལོ་ངོ་བརྒྱ་དང་ཉེར་གཅིག་འགོར་བ་དང་། རང་རེའི་བོད་ལ་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ནས་བརྩིས་པའི་མི་ལོ་བཅུ་གཅིག་ཙམ་འགོར་བའི་དུས་འདིར། བོད་ཀྱི་གཞོན་སྐྱེས་གང་མང་ཞིག་གིས་རང་གི་ལྷན་སྐྱེས་ཀྱི་འཇོན་ཐང་དང་དགའ་ཁ་འཁྱེར་ཕྱོགས་སོགས་ཀྱིས་གློག་བརྙན་འཁྲབ་སྟོན་གྱི་ཆེད་ལས་ལ་འཇུག་གིན་འདུག་པ་དང་། འཁྲབ་སྟོན་སྒྱུ་རྩལ་ལ་མོས་པའི་ན་གཞོན་ཡང་མང་པོ་འབྱུང་བཞིན་འདུག་པས། འདིར་བདག་གིས་གློག་བརྙན་འཁྲབ་སྟོན་ལ་འཇུག་པའི་རྩོམ་ཐུང་འདི་ཆེད་ལས་འདི་ལ་མོས་མཁན་གྱི་གྲོགས་པོ་ཚོར་ཆར་འདོད་བྱིའུ་ལ་ཆུ་ཐིགས་ཙམ་གྱི་རེ་བ་ལྟར་བྲིས་པ་ལགས།
         སྤྱིར་འཁྲབ་སྟོན་ཟེར་ན་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིན་པར་འདོད། སྤྱིར་བཏང་དུ་འཁྲབ་སྟོན་ལ་གར་སྟེགས་འཁྲབ་སྟོན་དང་གློག་བརྙན་འཁྲབ་སྟོན་རིགས་གཉིས་སུ་དབྱེ། གར་སྟེགས་འཁྲབ་སྟོན་ནི་གཏམ་བརྗོད་ཟློས་གར་དང་ཟློས་གར་འཁྲབ་སྟོན་གཙོ་བྱས་པའི་གར་སྟེགས་སྟེང་གི་འཁྲབ་སྟོན་གྱི་རྣམ་པ་སོ་སོ་ལ་གོ་བར་འདོད། གློག་བརྙན་འཕྲིན་གྱི་འཁྲབ་སྟོན་དེ་བརྙན་མིག་མདུན་གྱི་འཁྲབ་སྟོན་ལ་གོ་བར་བྱེད་པ་དང་། འདི་གཉིས་ལ་དུས་ཚོད་དང་ཁོར་ཡུག གཏམ་རྒྱུད་བརྗོད་སྟངས་སོགས་ཕྱོགས་གང་ཐད་ཀྱི་བར་ཁྱད་ཆེན་པོ་ཡོད་པས། འདིར་བྱེ་བྲག་གི་གློག་བརྙན་འཕྲིན་གྱི་འཁྲབ་སྟོན་ནམ་གློག་བརྙན་འཁྲབ་སྟོན་གྱི་ཆེད་སྦྱོང་སྐོར་ནས་རང་གི་འཇོན་ནུས་ཀྱིས་རགས་ཙམ་བཤད་པར་བྱ།


          གློག་བརྙན་འཁྲབ་སྟོན་གྱི་ཆེད་ལས་འདི་ལ་ཐོག་མར་འཇུག་མཁན་ཞིག་ཡིན་ན། ཆ་རྐྱེན་གསུམ་དགོས་པར་འདོད། གཅིག ལྷན་སྐྱེས་ཀྱི་འཇོན་ཐང་། དེ་ལ་ཕྱིའི་འཇོན་ཐང་དང་ནང་གི་འཇོན་ཐང་གཉིས་སྟེ། ཕྱིའི་འཇོན་ཐང་ནི་བྱད་གཟུགས་ལེགས་པོའམ་ཁྱད་ཆོས་ལྡན་པ། ནང་གི་འཇོན་ཐང་ནི་མི་སྣའི་སྣང་བརྙན་གསར་བཞེངས་བྱེད་པའི་གོ་རིམ་དེ་ཡིན་པར་འདོད། གཉིས། འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པ།འཁྲབ་སྟོན་སྒྱུ་རྩལ་པ་སུ་ཞིག་ལའང་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་མེད་ན། འཁྲབ་བྱའི་མི་སྣའི་སེམས་ཁམས་དང་ཉམས་འགྱུར། སྣང་བརྙན་སོགས་གསར་བསྐྲུན་བྱེད་པར་དཀའ་ཁག་ཆེན་པོ་འདུག གསུམ། རིག་གནས་ཡོན་ཚད་ངེས་ཅན་ཞིག་དགོས། རིག་གནས་ངེས་ཅན་ཞིག་མེད་ན་འཁྲབ་གཞུང་ལ་གོ་བ་ལེན་པ་དང་འཁྲབ་ཚིག་སོགས་བཤད་པར་བཀག་རྒྱ་ཆེན་པོ་བཟོས་ཡོད་པར་འདོད།

       འཁྲབ་སྟོན་ཆེད་སྦྱོང་ཞིག་གི་བསླབ་ཚན་གཙོ་བོ་བཞི་ཡོད་སྟེ། བྲོ་གར། གླུ་དབྱངས། འཁྲབ་ཚིག་གསུམ་རྨང་གཞི་བྱས་པའི་ཐོག་འཁྲབ་སྟོན་སློན་ཚན་སྡོམ་བཞི་ཡོད་དོ། །ཞོར་དུ་ལོ་རྒྱུས་ས་ཁམས་དང་འཁྲབ་འཁྲིད་བརྙན་ཕབ་སོགས་གཞུང་ལུགས་ཤེས་བྱ་སྐོར་ཞིག་ཡོད།

         བྲོ་གར་གྱི་སློབ་ཚན་འདི་ནི་འཁྲབ་སྟོན་པའི་ཡན་ལག་གི་འཁྲབ་སྟོན་གསོ་སྦྱོང་དང་ལུས་ཀྱི་མྱུར་ཚད། རོལ་དབྱངས་ལ་ཉན་ནས་སེམས་ཁམས་འཁྲབ་སྟོན་བྱེད་པའི་སློབ་ཚན་གལ་ཆེན་རེད། གླུ་དབྱངས་སློབ་ཚན་ནི་གཙོ་བོ་སྒྲ་སྙན་དང་རྣོ་སྦྲེང་སོགས་ལ་བརྟེན་ནས་མིང་གྲགས་ཅན་གྱི་གཞས་དག་གི་གཏོང་ལེན་སྦྱོང་བ་དང་། གཞས་གཏོང་སྐབས་ཀྱི་སེམས་ཁམས་དང་གཞས་ཚིག་དང་བསྡེབས་པའི་ལུས་ཀྱི་ཉམས་འགྱུར་རོ། ། འཁྲབ་ཚིག་སློབ་ཚན་ནི་འཁྲབ་ཚིག་སྦྱོང་བརྡར་གྱི་སློབ་ཚན་གལ་ཆེན་ཞིག་ཡིན། ཉིན་རྒྱུན་ཞོགས་པའི་དུས་སུ་དབུགས་ལེན་སྟངས་དང་དབུགས་གཅོད་མཚམས། སྐད་འདོན་སྟངས་དང་ཚིག་གི་གཅོད་མཚམས། བརྩེ་དུང་དང་ལྡན་པའི་གྱེར་འདོན། འཁྲབ་ཚིག་གི་མགྱོགས་མྱུར་དང་དག་ཆ། སྒྲའི་དྲག་ཞན་སོགས་འཛིན་གྲྭ་རེ་རེ་བྱས་ནས་སྦྱོང་བརྡར་བྱེད་དགོས་ཡོད། འཁྲབ་ཚིག་སློབ་ཚན་སྐབས་སུ་བློ་ངོ་ལ་འཛིན་དགོས་པའི་དེབ་འགའ་ཡོད་པ་དང་གཙོ་བོ་མིང་གྲགས་ཅན་གྱི་འཁྲབ་བཤད་དང་འཁྲབ་གཞུང་སོགས་ཡིན། གོང་གི་སློབ་ཚན་འདི་གསུམ་ནི་འཁྲབ་སྟོན་གྱི་རྨང་གཞི་བརྟན་པོ་ཆགས་པའི་སློབ་ཚན་གལ་ཆེན་ནང་གི་འགངས་ཆེན་དག་ཡིན། མདོར་དྲིལ་ན། འཁྲབ་སྟོན་པ་ཞིག་གི་རྨང་གཞིའི་ཆ་རྐྱེན་ནི་བྲོ་འཁྲབ་ཤེས་པ། གླུ་ལེན་ཤེས་པ། སྙན་ཚིག་དང་འཁྲབ་བཤད་བཤད་ཤེས་པར་མ་ཟད། འཁྲབ་ཤེས་པ་ཞིག་ཡིན་དགོས།

         དེ་ནས་འཁྲབ་སྟོན་ཞེས་པའི་སློབ་ཚན་དངོས་ལ་ཞུགས་པ་ན། དགེ་རྒན་གྱིས་ནམ་རྒྱུན་ཀུ་རེ་གྱི་ཚུལ་དུ་འཁྲབ་སྟོན་པ་ཞིག་ཡིན་ན། ཆ་རྐྱེན་གསུམ་སྟེ། སྙིང་སྟོབས་ཆེ་བ། ཞིབ་ཚགས་ལྡན་པ། ངོ་ཚ་མེད་པ་ཞིག་ཡིན་དགོས་ཟེར། དངོས་གནས་རེད་དེ། འཁྲབ་སྟོན་སློབ་སྦྱོང་གི་གོ་རིམ་ཁྲོད་དུ་ཐོག་མར་རང་གཤིས་བཅིངས་གྲོལ་དང་དེ་ནས་དུས་རྒྱུན་འཚོ་བའི་ཁྲོད་ཀྱི་མི་སྣ་སོ་སོར་ལད་མོའི་ཚུལ་གྱི་འཁྲབ་སྟོན་བྱེད་དགོས་འདུག དེ་བས་ལད་ཟློས་སྒྱུ་རྩལ་ནི་འཁྲབ་སྟོན་པ་ཞིག་ལ་མཚོན་ན་རྨང་གཞིའི་ནང་ནི་རྨང་གཞི་ཡིན་པར་འདོད། རིམ་བཞིན་འཚོ་བའི་ནང་གི་གཏམ་རྒྱུད་འཁྲབ་སྟོན་དང་གློག་བརྙན་འཕྲིན་གྱི་དུམ་ཚན་འཁྲབ་སྟོན། སྒྲུང་གཏམ་འཁྲབ་གཞུང་ལ་བཅོས་ཏེ་འཁྲབ་སྟོན། དེ་ནས་མིང་གྲགས་ཅན་གྱི་ཟློས་གར་འཁྲབ་གཞུང་སྟེ་ཧྲ་ཧྲེ་པེ་ཡ་སོགས་ཀྱི་ཟློས་གར་འཁྲབ་གཞུང་ནས་མི་སྣ་གསར་བཞེངས་བྱེད་པའི་ལས་ལ་ཞུགས་དགོས། འདི་ནི་ཆེད་ལས་འཁྲབ་སྟོན་པའི་ཆེད་ལས་སློབ་ཁྲིད་ཀྱི་སྒྲིག་རིམ་རེད།

          འཁྲབ་སྟོན་སློབ་སྦྱོང་གི་གོ་རིམ་ཁྲོད་དུ་འཁྲབ་སྟོན་གྱི་རིམ་པ་ཚང་མ་གར་སྟེགས་སྟེང་ནས་འཁྲབ་དགོས་པ་དང་། འཁྲབ་གཞུང་རང་གིས་འབྲི་བ། འཁྲབ་ཁྲིད་རང་གིས་བྱེད་པ། ད་དུང་འཁྲབ་ཆས་དང་མཛེས་རིས་སོགས་རང་ནུས་ཀྱིས་སྒྲིབ་དགོས་པ་དང་། དགེ་རྒན་གྱིས་དེ་མཚུངས་ཀྱི་མཛུབ་སྟོན་དང་སྤྱིའི་འཁྲབ་ཁྲིད་པའི་འགན་བཞེས་ཡོད་པ་རེད། འཁྲབ་སྟོན་གྱི་རྨང་གཞི་ཆགས་ས་ནི་གར་སྟེགས་ཡིན་པ་དང་། གར་སྟེགས་ནས་འགོ་བརྩམས་ཏེ་བརྙན་མིག་གི་མདུན་དུ་འགྲོ་དགོས། སློབ་མཐར་ཕྱིན་རྗེས་ཆེད་ལས་འཁྲབ་སྟོན་པ་ཞིག་ཡིན་ན་འཁྲབ་ཁྲིད་དང་འཁྲབ་ཚིག མཛེས་རིས་སོགས་ཆེད་ལས་དང་འབྲེལ་བའི་ལས་གཞན་པ་དེ་ལའང་འཇོན་ཐང་སྐྱེད་སྲིང་བྱས་ཡོད་པ་རེད། གློག་བརྙན་འཕྲིན་གྱི་འཁྲབ་སྟོན་ནི་ཆེད་ལས་མིན་པའི་མི་རང་ག་བ་དག་གིས་ཀྱང་འཁྲབ་ཐུབ་པ་དང་། གར་སྟེགས་འཁྲབ་སྟོན་ནི་ཆེད་ལས་འཁྲབ་སྟོན་པ་མ་གཏོགས་མི་རང་ག་བས་འཁྲབ་སྟོན་བྱ་ཐབས་བྲལ་བས། འདི་ནི་ཆེད་ལས་འཁྲབ་སྟོན་དང་ཆེད་ལས་འཁྲབ་སྟོན་མ་ཡིན་པའི་ཁྱད་པར་ཆེན་པོ་ཞིག་གོ །

        མཇུག་མཐར་ཆེད་ལས་འཁྲབ་སྟོན་པ་ཞིག་ཡིན་ན། སྒྱུ་རྩལ་གྱི་བློ་སྦྱོང་ངེས་ཅན་ཞིག་དགོས་པ་དང་། སྒྱུ་རྩལ་གྱི་ཀུན་སྤྱོད་གཙང་མ་ཞིག་ཆགས་དགོས། གར་སྟེགས་སྟེང་ནས་འཁྲབ་སྟོན་པ་དགའ་ཞིག་བྱེད་རྒྱུ་དང་། གར་སྟེགས་འོག་ནས་མི་དགའ་ཞིག་བྱེད་རྒྱུ་དེ་ནི་ཆེད་ལས་འཁྲབ་སྟོན་པའི་ཆེས་མཐོ་བའི་ཚད་རིམ་ཡིན་པར་གྲགས།


ངེད་དྲ་བའི་ནང་དོན་ཆོག་མཆན་མེད་པར་གང་བྱུང་དུ་དགོལ་མི་རུང་།

དཔྱད་མཆན་ཡོད།