དབྱི་ཐ་ལའི་དངོས་ཡོད་རིང་ལུགས་གསར་མའི་གློག་བརྙན།

དབྱི་ཐ་ལིའི་དངོས་ཡོད་རིང་ལུགས་གསར་མའི་གློག་བརྙན་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་དབུ་བརྙེས་པའི་ནུབ་ཕྱོགས་དེང་རབས་གློག་བརྙན་གྱི་ལས་འགུལ་ཞིག་ཡིན།  

དུས་རབས་19བའི་དུས་མཇུག་ཏུ་རྩོམ་པ་པོ་ཝེ་ཨར་ཇཱ་ཡིས་འཁྲབ་ཁྲིད་བྱས་པའི་དོན་དངོས་སྨྲ་བའི་རིང་ལུགས་ཀྱིས་གཏིང་ཟབ་པའི་ཤུགས་རྐྱེན་འོག་དངོས་ཡོད་རིང་ལུགས་ཀྱི་གློག་བརྙན་ལ་འཕེལ་རྒྱས་ཆེན་པོ་བྱུང་། དངོས་ཡོད་རིང་ལུགས་གསར་མའི་གློག་བརྙན་གྱིས་མི་དངོས་དོན་དངོས་གློག་བརྙན་རྒྱུ་ཆ་བྱས་ཤིང་། ཧྥ་ཤི་སིའི་དབང་བསྒྱུར་གྱིས་དབྱི་ཐ་ལིའི་མི་སེར་ལ་ཐེབས་པའི་གནོད་སྐྱོན་ཞིབ་བརྗོད་བྱས། མངོན་ཚུལ་གྱི་སྟེང་ནས། སྤྱིར་བཏང་གི་སྣང་ཚུལ་ཕྲ་མོ་དང་དོན་དངོས་ཀྱི་ཡུལ་ལྗོངས་གདམ་འགོད་ལ་གཙིགས་ཆེན་བྱས་ཤིང་། འཁྲབ་སྟོན་པ་ཆེད་ལས་མིན་པ་དག་བཀོད་སྒྲིག་བྱས། དོན་དངོས་འགྲེམས་སྟོན་གྱི་ཐད་ལ་སྲོལ་རྒྱུན་གྱི་ཟློས་གར་ལ་ལད་མོ་ཅུང་བྱས་ཡོད།

དབྱི་ཐ་ལིའི་དངོས་ཡོད་རིང་ལུགས་གསར་མའི་གློག་བརྙན་ལས་འགུལ་ནི་འཛམ་གླིང་འཁྲུག་ཆེན་གཉིས་ཁྲོད་དབུ་ཚུགས་པ་ཡིན། ཁོ་ཚོས་མ་རྩ་དང་སྦྱིན་ཤོག་གཡར་མར་བརྟེན་ནས་གློག་བརྙན་ཕབ་བསྐྲུན་བྱེད་བསམ་གྱིན་ཡོད། ཁོང་ཅག་ནི་འཛམ་གླིང་འཁྲུག་ཆེན་དང་བོའི་རྗེས་ཀྱི་ཡོབ་གླིང་གི་གློག་བརྙན་སྒྱུ་རྩལ་བ་དག་དང་གཅིག་མཚུངས་ཡིན། ཁོ་ཚོས་སྲོལ་རྒྱུན་དགག་བྱར་མ་བཟུང་ཞིང་། ཕུན་སུམ་ཚོགས་པའི་གསར་བསྐྲུན་རང་བཞིན་དང་འདུ་ཤེས་འཚོལ་རྟོག་ལ་དབྱེ་ཞིབ་བྱས། སྔ་རྗེས་སུ་དངོས་ཡོད་རིང་ལུགས་གསར་མའི་གློག་བརྙན་བརྩམས་ཆོས་མང་བོ་བྱུང་བས་འཛམ་གླིང་གློག་བརྙན་གྱིས་དོ་སྣང་བྱེད་ཡུལ་དུ་གྱུར། ཁོ་ཚོས་དོན་དངོས་རང་བཞིན་དང་གཏིང་ཟབ་པའི་སྒྱུ་རྩལ་གློག་བརྙན་དག་གིས་འཛམ་གླིང་གི་རྒྱལ་ཁབ་རེ་རེ་དང་མི་རིགས་རེ་རེ་ལ་སེམས་འགུལ་ཐེབས་སུ་བཅུགས། 

དབྱི་ཐ་ལིའི་དངོས་ཡོད་རིང་ལུགས་གསར་མའི་གློག་བརྙན་ལ་མངོན་གསལ་གྱི་མཛེས་རིག་གི་ཁྱད་ཆོས་ལྡན་ཡོད། སྒྲ་ལྡན་གློག་བརྙན་བྱུང་བའི་རྗེས་ནས་དངོས་ཡོད་རིང་ལུགས་ཀྱི་མཛེས་རིག་གཙིགས་སུ་འཛིན་པའི་ཕྱོགས་སུ་བསྐྱོད། དུས་མཚུངས་སུ་ཁོ་ཚོས་ནུབ་ཕྱོགས་གློག་བརྙན་དང་ཨ་རིའི་གློག་བརྙན་བར་གྱི་སྟོབས་ཤུགས་ཀྱི་བསྡུར་བ་ལ་འགྱུར་བ་བཏངས། སྲོལ་རྒྱུན་ཟློས་གར་གློག་བརྙན་ལ་རྒོལ་བ་བཏངས་སྟེ། སྒྱུ་རྩལ་རང་བཞིན་གྱི་གློག་བརྙན་ལ་ཤུགས་སྣོན་བྱས། 

དབྱི་ཐ་ལིའི་དངོས་ཡོད་རིང་ལུགས་གསར་མའི་གློག་བརྙན་ནི་ནང་དོན་ནས་ཕྱི་དངོས་བར་གྱི་མཐིལ་ཕྱིན་པའི་མཛེས་རིག་གི་གསར་བརྗེ་ཐེངས་ཤིག་ཡིན། གདོང་ལེན་སྨྲ་བའི་གློག་བརྙན་གྱི་རྗེས་ཀྱི་འཛམ་གླིང་གློག་བརྙན་ལོ་རྒྱུས་སྟེང་གི་མཛེས་རིག་གློག་བརྙན་གྱི་ལས་འགུལ་གཉིས་པ་ཡིན། དངོས་ཡོད་རིང་ལུགས་གསར་མའི་གློག་བརྙན་གྱིས་འཛམ་གླིང་གློག་བརྙན་གྱི་འཕེལ་རྒྱས་ལ་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ཡོད།

____________________________

སྒྲིག་པ་པོའི་གཏམ།

1· དབྱི་ཐ་ལིའི་དངོས་ཡོད་རིང་ལུགས་གསར་མའི་གློག་བརྙན་གྱི་མཛེས་རིག་གི་ཁྱད་ཆོས་མངོན་སྟངས་ནི་དངོས་བཤུས་རང་བཞིན་དང་ཡུལ་ལྗོངས་དངོས་བརྙན་མིག་ཏུ་བསྒྲོན་པ། ཡུན་བརྟན་བརྙན་མིག་བཀོལ་སྤྱོད།  འཁྲབ་སྟོན་པ་ཆེད་ལས་རང་བཞིན་མ་ཡིན་པ་དང་ས་གནས་ཀྱི་ཡུལ་སྐད་བཀོལ་སྤྱོད།  དེ་མིན་སྒྲིག་གཞིའི་རྣམ་པ་དངོས་ཡོད་དུ་ཕྱོགས་པ་སོགས་རིགས་འདྲ་མིན་གྱི་སྟེང་ནས་མངོན་ཚུལ་ཡོད་མོད། འདི་དག་ཚང་མ་གོང་དུ་བཤད་པའི་ནང་དུ་མ་འདུས་བ་མེད་པས་བསྐྱར་ཟློས་སུ་འགྲོ་བར་དོགས་པས་འདིར་མ་བྲིས་པའོ།། 

2. དབྱི་ཐ་ལིའི་དངོས་ཡོད་རིང་ལུགས་གསར་མའི་གློག་བརྙན་གྱི་མཛེས་རིག་གི་མངོན་ཚུལ་ནི་ལོའུ་མེའུ་ཨར་སྤུན་མཆེད་སྐབས་དང་མི་མཚུངས་བར། འཚོ་བའི་དོན་དངོས་གཙིགས་སུ་བཟུང་ནས་དམག་འཁྲུག་སོགས་ཀྱི་ཤུགས་རྐྱེན་ཐེབས་ཡོད་པ་ཞིག་ཡིན།  དེ་ལྟར་དངོས་ཡོད་སྤྱི་ཚོགས་ཀྱི་སྣང་ཚུལ་དམིགས་སུ་བཟུང་བ་དེས་དབྱི་ཐ་ལིའི་དངོས་ཡོད་རིང་ལུགས་གསར་མའི་གློག་བརྙན་ལ་སྒྱུ་རྩལ་གྱི་ཆ་ཕུན་སུམ་ཚོགས་པ་དང་།  དུས་རབས་ཤིག་གི་དངོས་ཡོད་ཀྱི་མངོན་ཚུལ་གལ་ཆེན་ཞིག་ཏུ་ཆགས་ཡོད།

དཔྱད་མཆན་ཡོད།