པྲ་མིག་བོད་ཀྱི་གློག་བརྙན་དུས་སྟོན་གཟབ་རྒྱས་ངང་མཇུག་སྒྲིལ།


image.png

448c750771fbc33a27b557198c04ff5c.jpg       

ཟླ8པའི་ཚེས25ནས26བར་དུ་བོད་བརྙན་བགྲོ་གླེང་དང་འགྲེམ་སྟོན་གཅིག་ལྕོགས་བྱས་པའི་པྲ་མིག་བོད་ཀྱི་གློག་བརྙན་དུས་སྟོན་ཞེས་པ་བསང་ཆུ་རྫོང་གི་ཉེ་འགྲམ་གྱི་བསང་ཁོག་རྩྭ་ཐང་གི་ནོར་ལྕི་དམངས་སྲོལ་གཞིས་ཀ་ནས་མགོ་བརྩམས། དུས་སྟོན་འདིར་ལྗོངས་ཞིང་ལྔ་ནས་ཕེབས་པའི་གློག་བརྙན་དཔྱད་ཞིབ་པ་དང་འཁྲབ་ཁྲིད་པ། འཁྲབ་སྟོན་པ། གློག་བརྙན་སྡེ་ཁག་སོགས་གློག་བརྙན་ལས་རིགས་དང་འབྲེལ་ཡོད་ཀྱི་མི་སྣ་ལྔ་བཅུ་ལྷག་གདན་གཅིག་ཏུ་འཛོམས། ཐེངས་འདིའི་བྱེད་སྒོ་ནི་པྲ་དྲ་གློག་བརྙན་གཏོང་སྦྱོར་ཚད་ཡོད་སྤྱི་གཉེར་ཁང་དང་ལྷ་ལས་བབ་གློག་བརྙན་འཕྲིན་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གཉིས་ཀྱིས་མཉམ་སྒྲུབ་བྱས་ཤིང་། ནོར་ལྕི་དམངས་སྲོལ་གཞིས་ཀ་དང་ཐུ་བྷོད་ཚང་སོགས་ནས་རོགས་སྒྲུབ་བྱས་པའི་གློག་བརྙན་སྐོར་གྱི་དུས་སྟོན་ཞིག་ཡིན་ཞིང་། ཐེངས་འདིའི་དུས་སྟོན་ལ་ཀྲུང་གོའི་འཁྲབ་ཁྲིད་པ་མཐུན་ཚོགས་ཀྱི་ཚོགས་མི། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་དང་། འཁྲབ་ཁྲིད་པ་གྲགས་ཅན་ཟོན་ཐར་རྒྱལ་གཉིས་གློག་བརྙན་དུས་སྟོན་གྱི་བློ་འདྲི་ས་ཡིན་ཞིང་། བོད་ཀྱི་གཞས་མ་གྲགས་ཅན་གཡང་ཕྱུག་འཚོ་གཟུགས་ཚབ་པ་རུ་གཏན་ཁེལ་བྱས་ཏེ་ཉིན་གཉིས་ཀྱི་རིང་གློག་བརྙན་རིག་གནས་བགྲོ་གླེང་དང་གློག་བརྙན་གཟིགས་འབུལ་གྱི་བྱེད་སྒོ་སྤེལ།

WechatIMG1465.jpeg

    ཚེས25ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀ་ཙམ་ལ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ན་གཞོན་དགེ་རྒན་བྱམས་ཕྲུག་ནས་གཙོ་སྐྱོང་བའི་ངོས་ནས་ཐེངས་འདིའི་གློག་བརྙན་དུས་སྟོན་གྱི་རྒྱབ་ལྗོངས་སོགས་ངོ་སྤྲད་ཅིང་གཏམ་གྱི་གླེང་བསླངས། དེའི་རྗེས་ནས་ལྷ་ལས་བབ་གློག་བརྙན་འཕྲིན་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་འཁྲབ་ཁྲིད་པ་ཨ་སྒང་ཡར་རྒྱས་ནས་ཐེངས་འདིའི་གློག་བརྙན་དུས་སྟོན་སྐོར་ངོ་སྤྲད་ཅིང་གཏམ་གྱི་གཞུང་བསྲིངས། 

WechatIMG1480.jpegJietu20180828-145824@2x.jpg


WechatIMG16.jpeg

ལས་ཅིམ་གཉིས་པར་དགྲམ་ལ་ཉེ་བའི་པྲ་དྲའི་པར་གཞི་གསར་པའི་བྱེད་ནུས་དང་ཁྱད་ཆོས་སྐོར་སྔོན་སྒྲོག་སྒོས་ཀུན་ལ་ངོ་སྤྲད། དེའི་འཕྲོར་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭའི་དགེ་རྒན་ཆེན་མོ་ཟམ་ཚ་ཚེ་རིང་དོན་གྲུབ་ལགས་ནས་ཐེངས་འདིའི་ཚོགས་འདུར་ཡིད་མཐུན་རོགས་སྐྱོར་བྱེད་མཁན་ནོར་ལྕི་དམངས་སྲོལ་གཞིས་ཀའི་ཚབ་བྱས་ཏེ། ཚོགས་འདུའི་དབུ་འབྱེད་ཀྱི་ཚུལ་དུ་གསུང་བཤད་གནང་།

1535439368477867.jpeg

      སྔ་དྲོའི་ལས་རིམ་གྱི་སྨད་ཆར་ 1. རྒྱལ་སྤྱིའི་མཐོང་སྣང་ཁྲོད་ཀྱི་བོད་ཀྱི་གློག་བརྙན་སྐོར། 2. བོད་སྐད་གློག་བརྙན་གྱི་བྱུང་བ་དང་ད་ལྟའི་གནས་བབ་སྐོར། 3. བོད་ཀྱི་གློག་བརྙན་སྐོར་གྱི་བསམ་བློ་དང་སྒྱུ་རྩལ་སྐོར། 4. བོད་ཁུལ་གྱི་གློག་བརྙན་ཐོན་ལས་སྐོར། 5.བོད་ཀྱི་གློག་བརྙན་དང་འབྲེལ་བའི་བརྗོད་གཞི་གཞན་སོགས་ཐེངས་འདིའི་ཚོགས་འདུའི་བརྗོད་གཞིའི་ཁྱབ་ཁོངས་ལྟར་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་སློབ་དཔོན་ཆེན་མོ་གོང་བ་ཀླུ་འབུམ་རྒྱལ་དང་འབྲུག་སྐྱབས། པད་མ་ཚེ་རིང་། སྙིང་ལྕགས་རྒྱལ། འཇམ་དབྱངས་དབང་ཕྱུག དཀའ་ཐུབ་ཚེ་རིང་། འཇིགས་བྱེད་འཚོ། བསོད་ནམས་བཀྲ་ཤིས། ལྷ་མོ་དོན་གྲུབ། ཡོན་ཏན། མགོན་པོ་རྒྱལ་སོགས་ཐེངས་འདིའི་བྱེད་སྒོར་མཉམ་ཞུགས་བགྱིས་ཏེ་གློག་བརྙན་རིག་པའི་ཐོན་ལས་དང་འཁྲབ་གཞུང་། འཁྲབ་སྟོན་དང་བརྡ་ཆད་ལོ་ཙཱ། རྩ་འཛུགས་དང་གཞུང་ལུགས་འཛུགས་སྐྲུན་སོགས་ཀྱི་ཐད་ནས་རིག་གཞུང་སྙན་ཞུ་སྤེལ།

WechatIMG1471.jpeg

      ཕྱི་དྲོར། བོད་པ་རང་གི་ཆེས་ཐོག་མའི་གློག་བརྙན་དུས་དེབ«བོད་བརྙན»ཞེས་པ་བླ་བྲང་ས་ག་ཟླ་བ་དཀར་ཟས་གླིང་དུ་འགྲེམ་སྤེལ་མཛད་སྒོ་སྤེལ། དེབ་དེར་གློག་བརྙན་སྐོར་གྱི་ཆེད་དོན་དང་། གློག་བརྙན་ངོ་སྤྲོད། གློག་བརྙན་དཔྱད་བརྗོད། གློག་བརྙན་གྱི་རྒྱུན་ཤེས་སོགས་འདུས་པའི་སྣ་འཛོམས་རང་བཞིན་གྱི་དེབ་ཅིག་ཡིན་འདུག

WechatIMG1476.jpeg

   ཕྱི་དྲོའི་ཆུ་ཚོད་ལྔ་ཙམ་ལ་པྲ་བརྙན་གླེང་མོལ་ཞེས་པའི་བཅར་འདྲིའི་ལེ་ཚན་སྤེལ་ཞིང་། ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་ཚོགས་མི། ཀན་ལྷོ་ཁུལ་གླུ་གར་མཐུན་ཚོགས་ཀྱི་འགན་འཛིན་པ་མགོན་པོ་འཚོ་དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་ཞབས་བྲོ་འཁྲབ་སྟོན་པ་དང་འཁྲབ་གཞུང་རྩོམ་པ་པོ། འཁྲབ་ཁྲིད་པ། ཀྲུང་གོའི་ཞབས་བྲོ་མཐུན་ཚོགས་ཀྱི་ཞབས་བྲོ་དགེ་རྒན་རྟ་མགྲིན་རྡོ་རྗེ་གཉིས་ལ་འཇིགས་བྱེད་འཚོ་ནས་བཅར་འདྲིའི་ལམ་ནས་ཁོ་རང་གཉིས་གློག་བརྙན་འཁྲབ་སྟོན་གྱི་ལམ་བུར་ཞུགས་པའི་མྱོང་བ་དང་དཀའ་ཁག ཉམས་མྱོང་སོགས་གླེང་།

cc11728b4710b9128bf6baddcffdfc03924522d9.jpg

    དགོང་མོར། ན་གཞོན་འཁྲབ་ཁྲིད་པ་ལྷ་དཔལ་རྒྱལ་གྱི་གློག་བརྙན་བརྩམས་ཆོས«དབང་གྲགས་ཀྱི་ཆུ་ལྷམ»ཞེས་པ་དབུ་འབྱེད་གློག་བརྙན་གྱི་ཚུལ་དུ་གཟིགས་འབུལ་བྱས་ཤིང་། ལྟད་མོ་བའི་གྲངས་མང་ལ་ཀུན་གྱི་དགའ་བསུ་ཡང་དཔེ་མེད་ཐོབ། གློག་བརྙན་འདིའི་ནང་དུ་བོད་ཁུལ་གྱི་ཞིང་གྲོང་ན་འཚོ་བ་རོལ་བའི་བྱིས་པ་དབང་གྲགས་ཀྱིས་རང་ལ་མཛེས་སྡུག་གིས་ཁེངས་པའི་ཆུ་ལྷམ་ཆ་གཅིག་ཡོད་ན་ཅི་མ་རུང་སྙམ་པའི་འདུན་པ་བཅངས་ནས་བསྡད། ཁོ་ལ་ཆུ་ལྷམ་དབང་རྗེས་ཆར་བ་མ་བབ་པས་ཁོས་ཆར་བ་འབབ་པར་རེ་སྒུག་ཆེན་པོ་བྱས་མཐར། ཆར་བབས་ཏེ་ཁོ་ལ་གཞི་ནས་ཆུ་ལྷམ་གྱོན་པའི་སྐལ་བ་ལྡན་པར་གྱུར།

Jietu20180828-150132@2x.jpg


   གློག་བརྙན་གཟིགས་འབུལ་གྱི་ཉིན་གཉིས་པར། (ཚེས26ཉིན) ཐུ་བྷོད་ཚང་། གངས་ཆབ་ཟེགས་པའི་ནོར་བུའི་གླིང་། ས་ག་ཟླ་བ་དཀར་ཟས་གླིང་། ཧི་མ་ལ་ཡ་གསོལ་མགྲོན་ཁང་སོགས་རྫོང་ཐོག་གི་སྟོན་གནས་བཞི་ནས«ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ»དང«རྩམ་པ»«དགུན་ལམ་རིང་མོ»«གཙང་བོ»«ཐར་ལོ»«ཕ་ཡུལ»«དབྱར་རྩྭ་དགུན་འབུ»«ཁྱི་རྒན»སོགས་གློག་བརྙན་བཅུ་དགུ་རེས་མོས་སུ་གཟིགས་འབུལ་བྱས་ཤིང་། གློག་བརྙན་མང་ཆེ་བར་འཁྲབ་ཁྲིད་པ་ཚོགས་རར་དངོས་ཕེབས་སྒོས་ལྟད་མོ་བ་དང་བགྲོ་གླེང་ཚ་འུར་སྤེལ།

Jietu20180828-143908@2x.jpg

WechatIMG1468.jpeg

      དགོང་མོར་ནོར་ལྕི་དམངས་སྲོལ་གཞིས་ཀ་ནས་མཇུག་སྡུད་རིག་རྩལ་དགོང་ཚོགས་འཚོགས་ཤིང་། དགོང་ཚོགས་སུ་ཐང་དཀར་རོལ་ཚོགས་དང་ཀླུ་ཆུའི་མགོན་པོ་འཚོ། རྟ་མགྲིན་བཀྲ་ཤིས་སོགས་གཞས་པ་གཞས་མ་བཅུ་བཞི་ལྷག་གིས་རིག་རྩལ་འཁྲབ་སྟོན་བྱས་ཤིང་། འཁྲབ་སྟོན་མཇུག་བསྡུས་པ་དང་ཁྱུང་ཆེན་བརྙན་གླིང་གི་མགོ་གཙོ་ཟོན་ཐར་རྒྱལ་ནས་ཐེངས་འདིའི་པྲ་མིག་བོད་ཀྱི་གློག་བརྙན་དུས་སྟོན་དུ་ཚུད་པའི་གློག་བརྙན་འཁྲབ་ཁྲིད་པ་དག་ལ་བསྡུ་ཉར་དཔང་ཡིག་སྤྲད་ཅིང་། མཇུག་ཏུ་བྱམས་ཕྲུག་དང་ཨ་སྒང་ཡར་རྒྱས་སོ་སོ་ནས་ཐེངས་འདིའི་གཙོ་སྒྲུབ་སྤྱི་གཉེར་ཁང་གཉིས་ཀྱི་ཚབ་བྱས་ཏེ་མཇུག་བསྡུའི་གཏམ་བཤད།  

      ཆེས་མཐའ་མའི་ལས་རིམ་དུ། མཇུག་བསྡུའི་གློག་བརྙན«སྲིད་པའི་མེ་ཏོག»ཅེས་པ་གཟིགས་འབུལ་གནང་། གློག་བརྙན་འདི་ནི་ཀླུ་རྒྱལ་རཱ་ཏིའི་འཁྲབ་ཚིག་མེད་པའི་གློག་བརྙན་བརྩམས་ཆོས་ཤིག་ཡིན་ལ། ད་ཐེངས་ཀྱི་གཟིགས་འབུལ་འདི་ནི་བོད་ཁུལ་ནས་ཆེས་ཐོག་མར་གཟིགས་འབུལ་བྱས་པ་ཡང་ཡིན་འདུག  


WechatIMG1477.jpeg


WechatIMG1472.jpeg

WechatIMG1475.jpeg

WechatIMG1469.jpeg

WechatIMG1467.jpeg


(པད་མ་ཚེ་རིང་ནས་རྒྱ་ཡིག་གིས་བྲིས།

ཀླུ་ཐར་བཀྲ་ཤིས་ནས་བོད་ཡིག་ཏུ་བསྒྱུར།

དམར་པོས་འབྲུ་བསྣན་ཞིང་མཐའ་ཞུས་བཏང་།)



དཔྱད་མཆན་ཡོད།