བསྟན་འཛིན་གསལ་སྒྲོན་གྱི་མིའི་རིགས་རིག་པའི་དངོས་བཤུས་གློག་བརྙན་ཞིག

          «ནམ་དུས། ས་ཁྱི་ལོའི་ཟིན་ཐོ»(《天时· 戊戌志》)ཞེས་པའི་མུ་འབྲེལ་གློག་བརྙན་འདི་ནི། ཀྲུང་གོའི་ས་ཁམས་གནས་སྟངས་མི་འདྲ་བ་དྲུག་གི་འཚོ་བ་དངོས་དེ་མཐོང་སྣེ་རུ་བཟུང་ཞིང་། དུས་ཀྱི་ཆ་ནས་དུས་ཚིགས་ཉེར་བཞི་རུ་བགོས་ཏེ། ཧ་ཅང་ཐག་ཉེ་ས་ནས་ཇི་མ་ཇི་བཞིན་ངང་དངོས་བཤུས་ཀྱི་བརྙན་ལེན་ཐབས་བེད་སྤྱད་དེ་འགྱུར་བག་རྒོད་པའི་དུས་རབས་ཤིག་གི་ནང་དུ། ཆེས་སྤྱིར་བཏང་གི་ཀྲུང་གོ་མིའི་སྲོལ་རྒྱུན་གྱི་ཁྱིམ་ཚང་དང་ཤ་ཉེ་རིང་། བརྩེ་བ་དང་མི་སྒེར་གྱི་ཕུགས་བསམ། ད་དུང་ཕྱི་རོལ་ཁོར་ཡུག་གི་གདོང་གཏུག་འོག་ཏུ་ཧུར་ཐག་གིས་མདུན་སྐྱོད་ཀྱི་གོམ་པ་མ་ལྷོད་པའི་མི་ཚང་ཕལ་བའི་ལོ་གཅིག་གི་གཏམ་རྒྱུད་བརྗོད་ཡོད།

         ཉིས་སྟོང་བཅོ་བརྒྱད་དེ་ས་ཁྱི་ལོ་ནི། ཁོ་ཚོར་མཚོན་ན་ཆར་དྲག་རླུང་འཚུབ་དང་གནམ་གྱི་གོད་ཆག་མི་ཡི་ཆག་སྒོ་གང་མང་བྱུང་བའི་ལོ་གཅིག་ཡིན་ཞིང་། ཁྱིམ་གྱི་འཁོས་ཀ་ཞན་པ་དང་ཕ་མེས་ཡང་མེས་ཁོ་ཐག་ཆད་དུ་བཅུག་པའམ། ཡང་ན་དངོས་ཡོད་འཚོ་བའི་བརྡབ་གསིག་གང་མང་འཕྲད་མྱོང་བའི་ལོ་གཅིག་ཡིན་ནའང་ཁོ་ཚོས་རང་ཉིད་གཅིག་པུའི་ནུས་པ་ལ་བརྟེན་འདུག་བྱུང་ཧུར་ཐག་གིས་མདུན་དུ་སྐྱོད་བཞིན་ཡོད། ཁོ་ཚོའི་སྤྱིར་བཏང་གི་འཚོ་བའི་ཁྲོད་དུ་ཧ་ལས་པར་བྱེད་པའི་ཟློས་གར་རང་བཞིན་གྱི་འགྱུར་ལྡོག་ཅི་ཡང་མེད་པའི་མི་ཚད། དཔའ་བོའི་གད་རྒྱངས་ལྟ་བུའང་གཞར་ཡང་མེད་དེ། ཁོ་ཚོ་ནི་དངོས་ཡོད་འཚོ་བའི་ཁྲོད་བདེན་པ་བདེན་ཐུབ་ཀྱིས་འཚོ་བཞིན་ཡོད་པའི་མི་ཕལ་བ་ཏག་ཏག་སྟེ། ཡང་ན་རང་ཉིད་ཀྱི་ཆེད་དང་ཡང་ན་ཁྱིམ་མིའི་ཆེད་དུ།

23890-640.jpg

         «ནམ་དུས། ས་ཁྱི་ལོའི་ཟིན་ཐོ»ཞེས་པའི་དངོས་བཤུས་གློག་བརྙན་འདིའི་ཁྲོད་ཀྱི་ཆོན་ཀྲོའུ་སྡེ་ཚན« ཐའེ་ཁའེ་སྲང»(泉州篇《台魁巷》)ཞེས་པ་འདི་ནི། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་བསྟན་འཛིན་གསལ་སྒྲོན་དང་བརྙན་ལེན་པ་འཇིགས་མེད་རྡོ་རྗེ་གཉིས་ཀྱིས་གཙོ་འགན་འཁུར་ཏེ་བཟོས་པ་ཡིན། སྔོན་ཆད་མཐོང་མྱོང་ཡོད་པའི་མིའི་རིགས་རིག་པའི་དངོས་བཤུས་གློག་བརྙན་ཕལ་ཆེ་བ་ནི་རྒྱ་རིགས་འཁྲབ་ཁྲིད་པ་བོད་ཁུལ་དུ་ཡོང་ནས་བོད་ཀྱི་རིག་གནས་བརྗོད་བྱར་བཟུང་པ་ལས། བོད་ཀྱི་འཁྲབ་ཁྲིད་པ་དག་རྒྱའི་རིག་གནས་རྫོངས་མཐུག་སར་སོང་ནས་རྒྱའི་འཚོ་བ་བརྗོད་པ་ཅི་བས་ཉུང་། སྤྱིའི་འཁྲབ་ཁྲིད་པ་ཝུའུ་ཆི(吴琦)ན་རེ། འགྱུར་ལྡོག་འདི་རིགས་ནི་མིའི་རིགས་རིག་པའི་ཚོད་ལྟ་ཐེངས་ཤིག་ཡིན།

        དང་ཐོག་ཡུལ་དངོས་བརྟག་ཞིབ་ཏུ་འགྲོ་སྐབས། ཐའེ་ཁའེ་སྲང་གི་སྡོད་དམངས་དག་གིས་གསལ་སྒྲོན་ལ་བོད་ཀྱི་རིག་གནས་སྐོར་ཡང་འདྲི་བསྐྱར་འདྲི་བྱེད་པ་དང་། ཁོ་ཚོ་བོད་ཀྱི་རིག་གནས་ལ་མཚར་སྣང་ཆེན་པོ་འདུག

         རིག་གནས་ཀྱི་བར་ཁྱད་དང་སྐད་རིགས་ཀྱི་བཀག་རྒྱ་སེལ་ཆེད། ཕབ་བསྐྲུན་ཚོ་ཆུང་གིས་ཉིན་མ་རེ་རེར་བློ་རྩེ་གཅིག་སྒྲིམ་དང་དཀའ་སྤྱད་འབད་བརྩོན་ངང་ཕབ་སྐྲུན་བྱེད་དགོས་ལ། ཕབ་སྐྲུན་ཚོ་ཆུང་གིས་ནམ་རྒྱུན་ཞོགས་པ་དུས་ཚོད་བཞིའི་སྟེང་ནས་ཕབ་སྐྲུན་བྱེད་འགོ་ཚུགས་ཤིང་ཐོག་མའི་ལྟ་ཞིབ་ནས་མཐའ་མར་བཟོས་ཚར་རག་བར་ཁྱོན་བསྡོམས་ཉིན༦༠༡འགོར།

35148-640 (1).jpg

           ལོ་ངོ་དགུ་བཅུའི་གོང་རོལ་དུ། ཐའེ་ཁའེ་སྲང་པའོ་ཧི་ཐང(保和堂)ཚའེ་ཧྲུན་ལུང་(蔡舜龙)གི་ཨ་ཁུ་རྒན་པས་ཧྥེ་ལི་ཕིན་ནས་པེ་ལེ་ཡེ་སྡོང་པོའི(白来叶树)ས་བོན་རྡོག་གཅིག་འཁྱེར་ཡོང་བ་ས་འདི་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས། སྡོང་པོ་འདི་ནི་ཕབ་སྐྲུན་ཚོགས་པའི་ཡིད་དབང་འགུག་བྱེད་ཀྱི་བརྙན་རིས་ཐོག་མ་དེ་ཡིན་ལ། སྡོང་པོ་གཅིག་ལ་བརྟེན་སྲང་ལམ་ཞིག་གི་གཏམ་རྒྱུད་བརྗོད་པ་དང་། གནའ་བོའི་སྲང་ལམ་འདིའི་ནང་ན་བྱིས་དུས་ཡོད་ལ་ལང་ཚོ་ཡོད། ད་དུང་ཨ་ཁུ་ཨ་ནེའི་རྒས་ཤིང་འཁོགས་པའི་རྒྱབ་གཟུགས་ཡོད་པ་མ་ཟད། མཛའ་ཤིང་མཐུན་པའི་གཉེན་ཉེ་ཁྱིམ་མཚེས་ཡོད་ལ། ད་དུང་སོང་མི་ཚར་བའི་ལམ་ཕྲན་དང་འཛད་དུ་མེད་པའི་དུས་ཚོད་སོགས་ཀྱང་ཡོད།

           དེ་བས། གསལ་སྒྲོན་གྱིས་ཀྱང་། ངས་ཁོ་ཚོའི་ས་ནས་རང་ཉིད་ལ་རྒྱུས་མངའ་ཡོད་པའི་གཟུགས་རིས་དེ་མཐོང་ཐུབ། ཐེངས་ཤིག ཡ་མཚར་བ་ཞིག་ལ་ཁོ་ཚོས་བེམ་པོ་དུས་སྦས་བྱེད་སྐབས། ངས་བོད་ལྭ་གྱོན་ཡོད་པའི་མི་སྐོར་ཅིག་མཐོང་བ་མ་ཟད། ཁོ་ཚོས་དེ་ག་ན་བོད་ཀྱི་ཞབས་བྲོ་འཁྲབ་ཀྱིན་འདུག སྐད་ཅིག་མ་དེ་ནི་ཧ་ཅང་ངོ་མཚར་བའི་མྱོང་བ་ཐེངས་ཤིག་རེད། ངས་ཕབ་བཞིན་པ་ནི་ཆོན་ཀྲོའུ་ཡིན་པ་འདྲ་ལ་ཡང་ངའི་ཕ་ཡུལ་ཡིན་པ་འདྲ། ཞེས་བཤད་མྱོང་།


640 (1).jpg 

བསྟན་འཛིན་གསལ་སྒྲོན་ངོ་སྤྲོད།

        ༡༩༩༠ལོར་ལྷ་ས་ནས་སྐྱེས། དབྱིན་ཇིའི་ཕུ་ལི་མུའུ་སི(Plymouth)གཙུག་ལག་སློབ་ཆེན་གྱི་སྨྱན་བྱེད་སྒྱུ་རྩལ་ཆེད་ལས་སྡེ་ཁག་ནས་སློབ་མཐར་ཕྱིན། མཚོན་བྱེད་བརྩམས་ཆོས་ལ«ཞག་གཅིག་གི་ཐབ་ཚང་།»(《一夜厨房》)«དཔའ་ཐེན་དང་རྟ།»(《华天与马》)«རྩེ་སྐོར་ལམ»སོགས་ཡོད། སྔོན་ཆད་དབྱིན་ཇི་ཡི་སློབ་མའི་བརྙན་འཕྲིན་བྱ་དགའ་སྟེ་དངོས་བཤུས་བརྙན་ཐུང་རྩེ་གྲ་དང་ཀྲིན་ཅང་རྒྱལ་སྤྱིའི་དངོས་བཤུས་གློག་བརྙན་མཛད་སྒོའི་སྟེང་དངོས་བཤུས་བརྙན་ཐུང་གསེར་རི་རྟགས་མ། ད་དུང་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་བརྙན་ཐུང་མཛད་སྒོའི་བྱ་དགའ་ཨང་དང་པོ་སོགས་ཐོབ་མྱོང་ཞིང་། དེར་མ་ཟད་ཕྱེད་གླིང་རྒྱལ་སྤྱིའི་དངོས་བཤུས་གློག་བརྙན་མཛད་སྒོ་དང་སྐབས་བཞི་པའི་ཀྲུང་གོ་དངོས་བཤུས་གློག་བརྙན་གློག་གླིང་བྱ་དགའ་སོགས་སུ་ཚུད་མྱོང་།


  • གཟིགས་ཡུལ།

            ཐའེ་ཁའེ་སྲང་། http://www.filmtbt.com/movies/documentary/2021-01-13/1133.html

  • བསྟན་འཛིན་གསལ་སྒྲོན་གྱི་གློག་བརྙན་བརྩམས་ཆོས་གཞན་དག

            ཞག་གཅིག་གི་ཐབ་ཚང་། http://www.filmtbt.com/movies/documentary/2021-01-13/1131.html

             དཔའ་ཐེན་དང་རྟ། http://www.filmtbt.com/movies/documentary/2021-01-13/1132.html

གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས།

དཔྱད་མཆན་ཡོད།