ལུང་ནག་ན་བལྟས་རྗེས་ཀྱི་ཚོར་བ་ཞིག

p1569400430.42.jpg

འཁྲབ་ཁྲིད་པ། 

     སྔོན་ཆད་མཁྱེན་བརྩེའི་གློག་བརྙན«ཆང་ཧུབ་གང་གི་ཆོ་འཕྲུལ»ཞེས་པའི་གཏམ་རྒྱུད་ལས་ཀྱང་འབྲུག་པའི་ལས་བྱེད་ཕོ་གསར་ཞིག་ཕྱི་རྒྱལ་ལ་འགྲོ་གྲབས་བྱེད་པ་གཏམ་སྣ་བྱས་ཡོད་པ་རེད། གློག་བརྙན་དེའི་ནང་ཕོ་གསར་དེ་རྒྱལ་ས་ཐིམ་ཕུར་འགྲོ་བའི་ལམ་བར་ནས་ལམ་རོགས་བུ་མོ་ཞིག་ལ་སེམས་ཆགས་ནས་མ་སོང་པའི་གཏམ་རྒྱུད་བརྗོད་ཡོད་པ་རེད།  དེ་དང་ཆ་འདྲ་བར།   མཁྱེན་བརྩེ་དང་གློག་བརྙན་མཉམ་ཕབ་བྱེད་མྱོང་བའི་འཁྲབ་ཁྲིད་པ་འདི་ཡིས་ཀྱང་གཞོན་ནུ་དགེ་རྒན་ཞིག་ཕྱི་རྒྱལ་ལ་འགྲོ་གྲབས་བྱེད་སྐབས་མཐའ་མཚམས་འབྲོག་སྒང་ལ་ཡི་ཆད་པའི་ཚུལ་ཏུ་མངགས་པའི་གཏམ་རྒྱུད་ཅིག་ཁུངས་སྣེ་བྱས་ཡོད། དེ་ལས། གློག་བརྙན་འདི་གཉིས་བར་ལ་ལོ་བཅུ་ཁ་བཅོ་ལྔ་ཙམ་གྱི་དུས་ཚོད་ཀྱི་བར་སྟོང་ཡོད་ནའང་།  འབྲུག་ཡུལ་གྱི་སྤྱི་ཚོགས་གནད་དོན་ལ་རྒྱུན་མཐུད་ཀྱི་རང་བཞིན་ཞིག་ལྡན་ཡོད་པ་ཟུར་ནས་མཐོང་ཐུབ་པར་མ་ཟད། འཛམ་གླིང་རང་བཞིན་གྱི་སྣང་ཚུལ་ཞིག་གི་ངོས་ནས།  གྲོང་ཁྱེར་དང་ལུང་པའི་འགལ་འདུ་ལ་མཁྱེན་བརྩེ་དང་རྡོ་རྗེ་གཉིས་ཀྱིས་གློག་བརྙན་དེ་འདུལ་བྱེད་དང་ཐབས་ཤེས་ཤིག་ལ་འཁྱེར་ཏེ་གང་ལྟར་བཀོལ་སྤྱོད་བྱེད་བཞིན་ཡོད་པ་དེའང་ཤུགས་ཀྱིས་བསྟན་འདུག་བསམ།  གློག་བརྙན་ཐབས་ཚུལ་དུ་མཐོང་བ་འདི་བོད་བརྒྱུད་ནང་ཆོས་ཀྱི་ཁྱད་ཆོས་ཤིག་ཏུ་སྙམ་ཆོག་ལ།   འཆམ་དང་ལྷ་མོ།  མཐའ་ན་དེང་རབས་ཀྱི་གླུ་དབྱངས་སོགས་ཀྱིས་མཚོན་པའི་སྒྱུ་རྩལ་རྣམ་པ་སྣ་ཚོགས་ཤིག་ནང་ཆོས་ཀྱི་ལོག་པ་ཡོ་བཅོས་དང་ནོར་བ་འདུལ་བྱེད་དུ་བཀོལ་ཡོད་པ་རེད་དེ།  དེ་ང་ཚོས་སྒྱུ་རྩལ་ལྟ་བ་དང་སྲོལ་རྒྱུན་ཞིག་གི་ཆེ་ཕྱོགས་ནས་ངོས་འཛིན་བྱེད་ཆོག་པ་རེད་ལ།  ཆུང་ས་ནས་དེ་ནི་གོམས་གཤིས་དང་ཁྱད་གཤིས་སུ་གྱུར་ནས་མི་རིགས་གཞན་ནས་ངོ་རྟགས་འཛིན་བྱེད་ཅིག་ཏུ་ཆགས་བཞིན་ཡོད་པའི་སྣང་བ་འདུག ཡིན་ནའང་།  གློག་བརྙན་འདིའི་ཡོན་ཏན་ནི་དེ་འདྲའི་སྲོལ་རྒྱུན་ནམ་རིགས་གཤིས་ཅན་གྱི་ལྟ་བ་ཞིག་ལེགས་ཕུད་བྱེད་ཐུབ་ཡོད་མེད་ཀྱི་སྒང་ནས་དཔྱད་དགོས་ཀྱིན་མེད་དེ།  ཚད་གཞི་དེ་ལྟ་བུ་ཞིག་གི་ངོས་ནས་བཤད་ན་གློག་བརྙན་འདིའང་ལེགས་སུ་གྲུབ་པ་ཞིག་ཡིན་པ་གདོན་མི་ཟ་མོད།  གློག་བརྙན་འདིའི་ཡོན་ཏན་ནི་སྐད་ཆ་རྫིག་མོ་ཞིག་གི་ངོས་ནས་བཤད་དགོས་ཀྱིན་མི་འདུག་བསམ།

        དེ་ཡང་།  ལོག་སྤྱོད་འདུལ་བའི་དམིགས་ཡུལ་དང་མ་འབྲེལ་བར།  གློག་བརྙན་འདི་ང་ཚོའི་སེམས་ཀྱི་དྲོད་སྣང་གསོ་བར་ནུས་པའི་མེ་འོད་ཞིག་ལྟར་ཡིན་ཏེ། དེ་ནི་སེམས་འགུལ་བར་བྱེད་པ་དེ་ལས་མ་འདས།   ཡིད་འཕྲོག་པར་བྱེད་པ་དེ་ལས་མ་འདས།  །གློག་བརྙན་འདིའི་ངོ་སྤྲོད་དང་སྔོན་བརྡ་མཐོང་སྐབས།  ང་རང་ལ་གློག་བརྙན་ཆ་ཚང་ལྟ་དགོས་མིན་གྱི་དོགས་པ་ཞིག་སྐྱེས་སུ་བཅུག་བྱུང་།  ངས་སྙམ་པར།  ཁ་བྱང་དང་ངོ་སྤྲོད་བལྟས་པ་ཙམ་གྱིས་གློག་བརྙན་འདིའི་འགྲོ་ལུགས་ཧ་ལམ་ཞིག་མི་ཐམས་ཅད་ཀྱི་སེམས་སུ་གསལ་ངེས་རེད་འདོད།  དེ་ཡིན་ན་མཇུག་འབྲས་ཚོད་དཔག་ནུས་ཤིང་བརྒྱུད་རིམ་མིག་བཙུམ་ནས་མཐོང་ཐུབ་པ་ཞིག་ཡིན་ན།  དེ་ལ་དུས་ཚོད་བཏང་ནས་ལྟ་དགོས་པའི་རིན་ཐང་ཅི་ཡོད་དམ།  དེ་ལྟར།  གློག་བརྙན་དེ་ཟླ་བ་གཅིག་ཙམ་ལ་ལྟ་རྒྱུ་མ་བྱུང་། རྗེས་སུ་གློག་བརྙན་ཆ་ཚང་བལྟས་ཚར་རྗེས་ཀྱང་དེ་རེད།  གཏམ་རྒྱུད་དེ་ཆེ་ཕྱོགས་ནས་ལྟས་ན་ཤིན་ཏུ་བསྐྱར་བཟློས་སུ་སོང་པའི་འཕེལ་ལམ་ཞིག་གི་ངོས་ནས་འགྲོ་བཞིན་ཡོད་པ་དེ་རེད།  ས་ཁུག་ལུང་ཁུག་ཅིག   རེ་བ་དང་དངོས་ཡོད་འགལ་བའི་གཞོན་སྐྱེས་ཤིག   དེ་ནས་གདམ་ཁ་ག་འདྲ་བྱས་རུང་སེམས་ཀྱི་ལོག་ཕེབས་ལྟ་བུར་འགྲེལ་བཤད་བྱེད་རྒྱུ་དེ་རེད།   དེ་ལྟ་བའི་འཕེལ་རིམ་དང་གཏམ་བརྗོད་དག་ནི་དགེ་རྒན་དང་འབྲེལ་བའི་གློག་བརྙན་མང་པོའི་ནང་བྱུང་ཚར་ཡོད་པ་དང་།  འདི་ནས་གསར་གཏོད་ཅི་ཡང་མེད་པའི་ངོས་ནས་སླར་ཡང་བེད་སྤྱོད་བྱས་ཡོད་པ་དེ་རེད།

1630384524131870.jpg

          འོན་ཀྱང་།  གློག་བརྙན་འདི་ཡི་མི་འདྲ་ས་ནི།  འདིའི་ཞིབ་ཕྲའི་གནས་མཚམས་སོ་སོ་ན་སེམས་འགུལ་ཐེབས་བྱེད་མང་པོ་ཞིག་སྦས་ཡོད་པ་དེ་རེད།   དཔེར་ན་དོན་བྱ་གཙོ་བོ་གྲོགས་པོའི་བརྩེ་སེམས།  སློབ་མ་སོ་སོའི་སྣང་བརྙན་དང་སྐད་ཆ།  མཐའ་ན་འཛུམ་མདངས་དང་འགྲོ་སྟངས།  དོན་བྱ་གཙོ་བོ་དང་གླུ་མཆོད་ཕུལ་མཁན་གྱི་བུ་མོ་གཉིས་ཀྱི་འབྲེལ་བ།  ཡུལ་དཔོན་གྱི་མི་ཚེའི་གཏམ་རྒྱུད།  གླུ་ཡི་འགྲེལ་བཤད།  གཡག་གི་འགྲེལ་བཤད་ལ་སོགས་པ་ལ་སེམས་འགུལ་བྱེད་ཀྱི་ནུས་ཤུགས་ཆེན་པོ་ཡོད་འདུག་ལ།  ཁྱད་པར་དུ་ང་ཚོ་བོད་པ་མང་པོས་གློག་བརྙན་ནང་གི་སྤྱི་ཚོགས་རྒྱབ་ལྗོངས་དེ་འདྲ་མྱངས་ནས་ལོ་བཅུ་ཁ་ཉི་ཤུ་ཡིན་པ་དང་།  རིག་གནས་ཀྱི་ཆ་ནས་མི་སྣ་དང་དོན་བྱུང་གི་ཚོར་བའི་སྐུལ་སློང་ལ་སྙིང་ཁ་གླན་ཐུབ་པ་ཡིན་དུས།  ལྷག་པར་སེམས་འགུལ་ཐེབ་པ་ཞིག་ཏུ་གྱུར་འདུག  །

           ང་རང་ལོ་བཅུ་ལ་སློབ་ཆུང་དགེ་རྒན་བྱེད་མྱོང་ཡོད་པས།  གློག་བརྙན་འདིའི་ནང་གི་སློབ་མ་དང་ཡུལ་མིའི་ཁྱད་གཤིས་མངོན་སྟངས་ལ་ཤིན་ཏུ་ཡིད་ཚིམས་སོང་པ་ཡིན།  བོད་ནང་གི་སློབ་གསོའི་སྐོར་གྱི་གློག་བརྙན་ཁ་ཤས་ལྟ་མྱོང་མོད་འདི་འདྲ་ཞིག་བྱུང་ཐུབ་མི་འདུག  ཕལ་ཆེར་ཁོ་ཚོས་རྒྱལ་ལྗོངས་དེ་བཅོས་ཆེ་སོང་པས་ཡིན་པ་འདྲ།  །དེ་བཞིན་ཀྲང་དབྱི་མོང་གི«གཅིག་ཀྱང་ཆད་མི་རུང»ཟེར་བའི་གློག་བརྙན་གྱིས་མཚོན་པའི་མི་རིགས་གཞན་གྱི་གློག་བརྙན་ནང་།  མིའི་ལྷད་མེད་ཀྱི་བརྩེ་སེམས་དེ་ཨུ་ཚུགས་ཤིག་དང་།  མཐའ་ན་གླེན་ཚུགས་ཤིག་ཏུ་སྟོན་བཞིན་ཡོད་པས།  དེ་ལ་རང་གི་རིག་གནས་ལས་བྱུང་བའི་ཚོར་བ་དེ་འདྲ་ཞིག་རྦད་ནས་སྐྱེ་ཐུབ་ཀྱིན་མི་འདུག  ཚོར་བ་འདི་གློག་བརྙན་འདི་ལ་བལྟས་རྗེས།  ད་གཟོད་ང་ཡི་སེམས་སུ་གསལ་བ་ཡིན་ཏེ།  དེ་རིང་ད་གཟོད་ང་ཡིས་སེམས་ལ་ ་་ཨོ་་་་་་ ལྟ་བུ་ཞིག་དྲན་པ་རེད།

1630384654828447.jpg

           «ཆང་ཧུབ་གང་གི་ཆོ་འཕྲུལ»ནང་གི་དོན་བྱ་དང་པོ་དེ་མཐར་ཕྱི་རྒྱལ་ལ་མ་སོང་པ་དྲན་གྱིན་འདུག  ཡིན་ནའང་གློག་བརྙན་འདིའི་ནང་གི་གཞོན་ནུ་དེ་ཕྱི་རྒྱལ་ལ་སོང་ཡོད་པ་རེད།  འདི་ཕྱོགས་གཅིག་ནས་འཁྲབ་ཁྲིད་པ་སོགས་རང་ཉིད་ཀྱང་ཕྱི་རྒྱལ་ལ་ཐོན་ཚར་བ་ཤ་སྟག་ཡིན་པས་དེ་ལྟར་མ་བརྗོད་ཐུ་མེད་ཆགས་པ་ལྟ་བུ་ཡིན་ན་ཐང་།  འོན་ཀྱང་།  རྒྱུ་མཚན་གང་འདྲ་ཞིག་ལ་ཐུག་པ་ཡིན་རུང་།  མཇུག་རྫོགས་ཚུལ་དེ་ཤིན་ཏུ་ཡག་སྣང་ཤར་སོང་།  ག་རེད་ཟེར་ན།  བཟོ་རིག་སྤྱི་ཚོགས་ཀྱི་བསླུ་བྲིད་དེ་འབྲུག་བོད་གང་ལ་མཚོན་ནའང་ནུས་ཤུགས་ཤིན་ཏུ་ཆེན་པོ་ཡོད་པ་ཞིག་རེད།  དེ་ནི་སྤྱི་ཚོགས་གནས་སྟངས་གཉིས་ལ་ཡག་བཙོག་གི་ཁྱད་པར་ཕྱེས་སོང་ཡོད་པས་མ་ཡིན་པར།  གཙོ་རྒྱུགས་དང་དེང་རབས་སྣང་རྣམ་དང་འཇོ་སྒེག་བཞེངས་སྟངས་ཀྱི་ཁྱད་པར་ཕྱེས་སོང་པས་རེད་བསམ།  གློག་བརྙན་ནང་གི་ཡུལ་དཔོན་གྱིས〝ང་ཚོའི་འབྲུག་རྒྱལ་ཁབ་འདི་བདེ་སྐྱིད་དཔལ་འཛོམས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞེས་ཟེར་ནའང་།  ཡོན་ཏན་དང་ཤེས་རིག་ཐོབ་ཟིན་པའི་གཞོན་ནུ་ཐམས་ཅད་ཕྱི་རྒྱལ་དུ་བདེ་སྐྱིད་འཚོལ་དུ་འགྲོ་དགོས་པ་ཅི་ཡིན་ནམ〞ཞེས་དྲིས་སོང་། གློག་བརྙན་རང་གི་བསྟན་དོན་ལྟར། རྒན་པོ་དེས་མུ་མཐུད་དུ།〝ཁྱོད་ཚོ་ཚང་མ་སོང་པ་ཡིན་ན།  ང་ཚོ་འབྲུག་གི་མ་འོངས་དེ་གང་ལ་རེ་ལྟོས་བྱེད་དགོས་པ་ཡིན〞ཞེས་བཤད་ཡོད་པ་ལྟར། གཞོན་ནུ་ཚོར་མ་འགྲོ་ཟེར་བཞིན་ཡོད་པ་རེད། འོན་ཀྱང་། ང་རང་གིས་གློག་བརྙན་འདིའི་བསམ་བློའི་ནང་སྙིང་འདི་ཙམ་ལ་བཞག་ན་བར་ཐག་ཕྱེས་སོང་པ་རེད་འདོད།  དེ་ལས་ལྡོག་པར།  ང་ཚོས་ནང་སྙིང་དེ་ལས་རིན་ཐང་ཆེ་བ་ཞིག་མཐའ་མཇུག་གི་མཚམས་ནས་དོན་བྱ་དང་པོས་ཕྱི་རྒྱལ་གྱི་ཨར་ཁང་ནང་ནས་གཡག་གི་སྐོར་གྱི་གླུ་དེ་འཐེན་པའི་འཁྲབ་ཚན་ནས་ཉེ་གཏུགས་བྱེད་ཆོག་པ་ཡིན་པས།  དེ་ད་གཟོད་གལ་ཆེན་པོ་རེད་འདོད།  དེ་ཡང་།  སྤྱི་ཚོགས་ཤིག་རྒྱབ་ཏུ་སྐྱུར་ཏེ་སོང་པའི་སྐབས་སུ།  ང་ཚོས་དེ་དུས་གནས་གཉིས་སུ་སྐྱུར་ནས་སོང་ཡོད་སྲིད།  གློག་བརྙན་ནང་ས་ཁམས་ཀྱི་ངོས་ནས་ཕ་ཡུལ་སྐྱུར་བ་རེད།  འོན་ཀྱང་བོད་མི་མང་པོ་ཞིག་ལ་མཚོན་ན་དུས་ཚོད་ཀྱི་ངོས་ནས་ཕ་ཡུལ་སྐྱུར་ཡོད་པ་རེད།  ང་ཚོས་ཕྱིར་མིག་ལྟ་དོན་ཡོད་དམ་མེད།  ཕྱིར་མིག་ལྟ་བའི་འོས་ཐང་ཡོད་དམ་མེད་སོགས་བསམ་གཞིགས་བྱེད་རྒྱུ་དེ་རེད་ལ།  །དེ་ཡང་མཐར་ཐུག་ན།  མི་རིགས་གཞན་གྱིས་གློག་བརྙན་འདིར་ལྟ་བ་དང་མི་འདྲ་བར།  ང་ཚོར་བཤད་ན་སེམས་ཀྱི་སྐྱོ་བ་སྲབ་མོ་ཞིག་དང་དེ་ཡིས་གཡོ་འགུལ་བྱས་པའི་ཚོར་བ་ཐུན་མོང་མ་ཡིན་པ་ཞིག་ཡོད་རྒྱུ་རེད་བསམ།  །དེ་ནི་ང་རང་གིས་གློག་བརྙན་འདི་བལྟས་རྗེས་བྱུང་བའི་ཆེས་རིན་ཐང་ལྡན་སའི་གནད་དེར་བཟུང་ཡོད་པ་ཡིན།


                             གློག་བརྙན་གཟིགས་གནས། https://www.huanxi.com/play_44081.shtml?source=20&from=baidu

གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས། 

དཔྱད་མཆན་ཡོད།