རི་སྤྱང་དང་ཕྱིར་ལོག་པའི་ལམ།

p2540159331_副本.jpg

ཐང་སྟོང་དང་རི་སྤྱང་།  

           རྒྱའི་སྐད་དུ«阿尔法 狼伴归途»ཞེས་པ་ནི་སྒྲ་སྒྱུར་ལམ་ནས«རི་སྤྱང་ཨར་ཧྥ»ཞེས་སུ་བཏགས་ཀྱང་འགལ་མེད་དུ་སྣང་།   བོད་སྐད་དུ༼  ཕྱིར་ལོག་པའི་ལམ་དང་སྤྱང་ཀི ༽ ཞེས་བསྒྱུར་ན་གློག་བརྙན་གཏམ་རྒྱུད་ཀྱི་སྤྱི་ཁོག་བརྗོད་དོན་དང་ཉེ་བར་བཅར་འདུག    བརྙན་མིག་གི་བྱུང་བ་ལས་སྣང་བའི་མཛེས་པ་ནི་གདོད་མའི་གཟུགས་སུ་བསྡུས་པའི་ལོ་ངོ་ཁྲི་ཚོ་གཉིས་ཀྱི་ཡར་སྔོན་ལ།   འཁྱགས་རོམ་གྱི་དུས་སྐབས་སུ་བྱུང་བའི་ཡོ་རོབ་གླིང་གི་བྱང་རྒྱུད་དུ་རྔོན་པ་ཚོ་དཔོན་གྱི་བུ་ཁི་ཏྭ་དང་རི་སྤྱང་གཉིས་ཀྱི་རང་ཡུལ་འཚོལ་ཞིང་བསྙེགས་པའི་ཐང་སྟོང་གི་ཐར་ལམ་མཚོན་པའི་གཏམ་རྒྱུད་ཀྱི་གཞུང་རྐང་ནས་བསྒྲིགས་པ་ཡིན།  

      གློག་བརྙན་ལས་གདོད་མའི་ཚོགས་སྤྱིའི་རང་གཟུགས་མངོན་ཞིང་མ་རྒྱུད་རིག་གནས་ཀྱི་བརྡ་རྟགས་ཤུགས་སུ་འདྲེས་ཞིང་།  ཁྲག་གིས་གདོང་ལ་བྱུགས་པ་དང་མེ་ལྷ་མཆོད་པའི་ཆོ་ག་ནི་གདོད་མའི་རིགས་སྤྱིའི་མཆོད་བཀུར་བྱེད་སྟངས་ཤིག་ཡིན་ལ། གནས་རི་གཞི་བདག་ལ་སྐྱབས་བཅོལ་ནས་ཚོ་ཁག་ཅིག་གི་འཚོ་གནས་ཀྱི་ཆེད་དུ་གཏུམ་ཤེད་ཆེ་བའི་གཅན་གཟན་དང་རི་དྭགས་བདའ་བའི་ལས་སུ་བརྩམས་པ་དེ་ནི་ཏག་ཏག་གཏམ་རྒྱུད་ཀྱི་མགོ་རྐང་སྒྲིག་ཐབས་ཀྱི་ཉེར་ལེན་ཡིན་པ་མ་ཟད།   རི་སྤྱང་དང་འདྲེས་བའི་ཐང་སྟོང་གི་འཚོ་བའི་བསྡུས་གཟུགས་ཀྱང་གཏམ་རྒྱུད་ཀྱི་ཐོལ་བརྒལ་ཚད་རིམ་ཅན་དུ་སྣང་།     ཐང་སྐྱ་རྒོད་མེད་དུ་ལུས་པའི་ཁི་ཏྭ་ནི་དཀའ་སྡུག་གི་ལམ་དང་འཇིགས་རུང་གི་འཕྲང་ནས་རི་སྤྱང་ཞིག་དང་འདྲེས་ཞིང་གྲོགས་སུ་གྱུར་བའི་གཏམ་རྒྱུད་དུ་ཐང་སྟོང་གི་འཁུན་སྒྲ་དང་ཐང་སྟོང་གི་འཐབ་རྩོད།   ཐང་སྟོང་གི་དགའ་སྡུག    ཐང་སྟོང་གི་ཁེར་ཧྲང་གི་སྐུད་སྣེ་འཇུས་ཏེ།     གདོད་མའི་རང་གཟུགས་སུ་མེ་སྦར་ཐབས་དང་རྡོ་གྲི་ལས་བ།     རི་དྭགས་རྔོན་པ།   རྡོ་བརྩིགས་ཀྱི་ཐོ།   བྱང་སྐར་སྨེ་བདུན་ལ་བལྟ་བ།   རི་སྤྱང་གི་འགྲོགས་འདྲིས་དང་རང་ལམ་འཚོལ་བའི་ལམ་རྟགས་འཚོལ་བ་བཅས་ཀྱིས་གློག་བརྙན་གྱི་གཏམ་རྒྱུད་བྱུང་རིམ་ལ་གཞི་རྒྱུ་མི་འདྲ་བའི་མཛེས་དཔྱོད་ཁྱད་པར་བ་བཞེངས་སྐྲུན་བྱས་འདུག  ལྷག་པར་གློག་བརྙན་ལས་ཐང་སྟོང་གི་ཚོ་དཔོན་གྱི་རུས་རྒྱན་མགུལ་ཕྲེང་ནི་ཆོ་ལོ་ཅིག་ཡིན་ལ། བུ་རྒྱུད་ལ་འཛིན་པའི་དཔའ་རྟགས་ཀྱི་བདེན་པའང་གཏམ་རྒྱུད་ཀྱི་གཞུང་རྟ་རུ་དྲངས་འདུག  འཁྲབ་ཚིག་ལས༼  ལྷའི་ལམ་འདི་ནི་གནའ་བོ་མེས་པོའི་རིང་བརྒྱུད་སའི་རྔོན་ལས་ཀྱི་ལམ་དང་བོ་ཡིན་པས། རྡོ་བརྩིགས་ལམ་རྟགས་ལས་ང་ཚོ་ཕྱོགས་སྟོན་གནང་ཡོད་དོ ༽ ཞེས་པའི་རྗོད་བྱེད་ཕྲེང་བར་བརྒྱུས་ནས་རྡོ་བརྩིགས་ལམ་རྟགས་ནི་ཐང་སྟོང་གི་ས་རྟགས་ཙམ་མ་ཡིན་པར།   གདོད་མའི་ཚོ་ཤོག་རང་ཡུལ་ལ་བདེ་འཚམ་ངང་ལོག་པའི་སྐྱབས་གནས་དང་གསོལ་འདེབས་ཀྱི་ལམ་རྟགས་ཀྱང་ཡིན།     

          མི་ནི་མིའི་སྤྱི་ཚོགས་ཀྱི་གྲིབ་གཟུགས་ཤིག་ཡིན་ལ།   རི་སྤྱང་ནི་ཐང་སྟོང་གི་གྲིབ་གཟུགས་ཤིག་ཡིན། གྲིབ་གཟུགས་དང་གྲིབ་གཟུགས་གཉིས་བསྡུས་གཟུགས་སུ་གྲུབ་པ་དེ་ནི་མི་གཤིས་དང་སྤྱང་གཤིས་ཀྱི་གཤིས་ཁམས་ལས་བྱུང་བའི་ཐུན་མོང་གི་གཤིས་ཆགས་པས།       མི་དང་སྤྱང་ཀིའི་སྦྲེལ་ཐག་ནི་རྨ་ཁ་གསོ་བའི་སྨན་སྦྱོར་ལས་བརྩམས་པ་ནས།   མི་སྐད་དང་སྤྱང་སྐད་འདྲེས་བའི་གཏམ་རྒྱུད་ཀྱི་རབ་ཁ་དེའི་ཐང་སྟོང་ནས་འདྲེས་ཞིང་ཐང་སྟོང་ནས་གཞིས་འཛིན་པ་ལ།    འབའ་འབུ་ཟ་བ་དང་མེ་ཕུང་སྒྲོན་པ། མཚན་ལྗོངས་རོལ་བ   ཉ་རིགས་འཛིན་པ།  ཆུ་རྩེད་གཡེང་བ།   འཁྱགས་རོམ་བགམས་པ།   ཕག་རྒོད་བདའ་བ་།    ཁངས་རླུང་་རྒོལ་བ་བཅས་ནི་ཐང་སྟོང་གི་འཚོ་གནས་དང་འཚོ་སྡོད་ཀྱི་རྩ་དོན་བརྙེས་བ་ཡིན།    མ་ཟད་ཤི་གསོན་བྱེ་མའི་ཐང་ལ་འགྲིམས་པའི་ལམ་ནི་ཇི་འདྲའི་དཀའ་བ་བརྒྱ་དང་ངལ་བ་སྟོང་གི་གནས་སུ་སྦྱར་ཡང་། མི་གཤིས་དང་སྤྱང་གཤིས་ཟུང་དུ་འབྲེལ་བའི་རང་བྱུང་ཁམས་ལ་དམར་འཛིང་ཕོད་པའི་ལམ་ནི་ཚེ་སྲོག་གི་སྲུང་མདུད་ཡིན་ལ།   བྱང་སྐར་སྨེ་བདུན་ལ་བཅོལ་བའི་ལམ་ཐིག་གི་སྣེ་མོ་འཛིན་སའང་ཡིན།  

           སྤྱིར་ན་བྱང་སྐར་སྨེ་བདུན་ལ་འཛིན་པའི་རིག་གནས་ཀྱི་བག་ཆགས་དང་འགྲེལ་སྟངས་ནི་མི་རིགས་སོ་སོའི་སྤྱི་མཚན་སོ་སོར་ཆགས་ཀྱང་།   གློག་བརྙན་ལས་བྱང་སྐར་སྨེ་བདུན་ནི་རང་ཡུལ་ཏག་ཏག་སྟོན་པའི་ཕྱོགས་སྟོན་འཁོར་ལོའི་ངང་ཚུལ་དུ་བརྫུས།   ཐང་སྟོང་གི་རྨི་ལམ་དུ་ཕས་བུ་ལ༼བྱང་སྐར་སྨེ་བདུན་ནི་མེས་པོའི་རྣམ་ཤེས་སུ་འཁྱུད་པའི་འོད་ཕུང་ཡིན་ལ།  ཐང་སྐྱ་རྒོད་མེད་དུ་ལུས་ཀྱང་རང་ཡུལ་སྟོན་པའི་ཕྱོགས་སྟོན་གྱི་ཁ་ཕྱོགས་ནི་དེ་ཡིན༽ཞེས་གདམས་པ་དེ་ནི་ཤི་གསོན་གཉིས་ཀའི་བར་གྱི་དཀར་ངོགས་སྟོན་བྱེད་ཀྱི་འོད་ཐིག་ཏུ་གྱུར་བ་ནས་རི་སྤྱང་དང་ཁི་ཏྭའི་ཕྱིར་ལོག་པའི་ལམ་འཕྲང་གི་མཐུད་སྣེ་རྔུལ་ཁྲག་གི་ལམ་ཡིག་ཏུ་གྱུར་སོང་།   

p2531083397_副本.jpg

མི་གཤིས་དང་སྤྱང་གཤིས།

      གློག་བརྙན་ལས་མི་གཤིས་ཀྱི་ཟབ་ས་འཚོལ་བ་ནི་གློག་བརྙན་གྱི་མཛེས་དཔྱོད་མཐོ་ཤོས་སུ་བརྩི་བ་ནང་བཞིན།  གློག་བརྙན༼  ཕྱིར་ལོག་པའི་ལམ་དང་སྤྱང་ཀི ༽ ཅེས་པའི་ནང་དུ་མི་སྣ་ཉུང་ཞིང་ལག་ཐབས་ཀྱི་ཁྱད་གཞི་འཕགས་པ།   གཏམ་རྒྱུད་ཀྱི་གཞུང་རྟའང་ཀྱག་ཀྱོག་ཏུ་སྣང་བའི་ཟུར་ངོས་ནས་མི་གཤིས་དང་སྤྱང་གཤིས་ཀྱི་ཐུན་མོང་དང་འགལ་འབྲེལ། ཐུན་མིན་གྱི་ཁྱད་གཤིས་དང་སྒེར་གཤིས་ཀྱི་གྲིབ་གཟུགས་མང་པོ་ཞིག་གློག་བརྙན་རང་ངོས་ནས་བཞེངས་བའི་མི་གཤིས་དང་སྤྱང་གཤིས་ཀྱི་སྦྲེལ་ཐིག་གཅིག་ཏུ་འཐེན་འདུག   འོན་ཀྱང་། གློག་བརྙན་ལས་བཞེངས་བའི་སྣང་བརྙན་དུ་ཕ་རྒན་གྱི་ལྟ་སྐྱོང་དང་སྐྱོར་གཉོར་འོག་གི་ཁི་ཏྰ་ནི་གཉུག་གཤིས་ལས་རྡིབ་བའི་སྡར་གཤིས་དང་མི་གཤིས་ཀྱི་གཉོམ་སོ་མང་པོ་ཞིག་ཟ་ཟུར་ནས་མངོན་བྱུང་།  དཔེར་ན། བྱིས་པའི་རང་བཞིན་དང་ལྷད་མེད།    སེམས་ཆུང་དུ་སྣང་བའི་ཁི་ཏྭ་ནི་ཕྱིར་ལོག་པའི་ཐང་སྟོང་གི་ཉམས་ལེན་དང་རང་བྱུང་གི་གཙུབ་བརྡར་ཐེབས་པ་ལས།   འཁྱགས་རོམ་གྱི་ཀློང་དང་གྲང་རླུང་གི་གཟེར།   གཏུམ་ཤེད་ཆེ་བའི་འབྲོང་ཁྱུ།   འཇིགས་རུང་གི་་གཅན་གཟན།     གནམ་ལྕགས་ཀྱི་ཐོག་དང་ཆུ་ལོག་གི་འགྱུར་བག་རྒོད་པའི་རང་བྱུང་ཆོས་ཉིད་ཀྱི་སྒྲོམ་དང་སྒྲོམ་ལས།   ཁི་ཏྭ་རང་ཉིད་དངོས་སུ་རི་སྤྱང་གི་འགྲོགས་འདྲིས་དང་འགལ་འབྲེལ་གྱི་སྦྱོར་བ་སྣ་མང་ལ་གཞིགས་ནས།  ཁི་ཏྭའི་མི་གཤིས་ལ་བཞག་པའི་ཐོལ་བརྒལ་གྱི་ཚངས་ཐིག་གསར་བ་ཅིག་སྦྲེལ་བས།   ཁི་ཏྭ་ནི་བློ་རྒོད་དང་དམུ་གཤིས།    རྟུལ་ཕོད།   དཀྱེལ་ཡངས་སུ་འཕེལ་བའི་མི་གཤིས་ཀྱི་ཆགས་རིམ་གཞན་ཞིག་གྲུབ་པ་ནི་ཐང་སྟོང་གི་ཐར་ལམ་འཚོལ་བའི་མི་གཤིས་འགྱུར་སྟངས་ཤིག་འང་ཡིན།  མི་གཤིས་ཀྱི་འགྱུར་སྟངས་ལས་ཐང་སྟོང་གི་འཚོ་སྡོད་དུ་བརྙེས་བའི་གཤིས་ཀ་ཐར་ཤ་ཆོད་པ་དེ་ཡིན་ལ། གཤིས་ཀ་དེ་ནི་ངེས་པ་དོན་དུ་སྤྱང་གཤིས་དང་ཉེ་བར་གྲུབ་པའི་རྐྱེན་འགྱུར་དང་སྤྱང་ཀིའི་རང་སྲུང་གི་གོ་ཁྲབ།   རང་གཅུན་གྱི་ཨམ་གཙིགས་ལས་མི་གཤིས་དང་སྤྱང་གཤིས་ལ་ཐུན་མོང་དུ་ཆགས་པའི་བློ་གྲོས་ཀྱི་འགྱུར་རིམ་དང་ཐང་སྟོང་གི་བདེན་པའི་ས་ལམ་བརྙེས་པ་རེད།

         མི་ནི་སྤྱང་ཀི་རུ་འགྱུར་ཡང་།      སྤྱང་ཀི་ནི་མི་རུ་འགྱུར་བར་དཔེ་མི་སྲིད་ཀྱང་།       མི་གཤིས་ཀྱི་ཉམས་ལེན་དང་སྤྱང་གཤིས་ཀྱི་རྩ་དོན་ནི་ཚེ་སྲོག་དང་འཚོ་གནས་ཀྱི་འཁོར་ལམ་འཚོལ་བའི་མཐར་ཐུག་གི་གནས་མལ་འཚོལ་སྟངས་སུ་བབས་པ་ཡིན།    དེ་བས།    མི་གཤིས་ཀྱི་ཕྱེད་ཀ་སྤྱང་གཤིས་སུ་ཆགས་ལ།  སྤྱང་གཤིས་ཀྱི་ཕྱེད་ཀ་མི་གཤིས་སུ་ཆགས་གྱུར་ན།  མི་སྤྱང་གི་འགྲོགས་འདྲིས་ལས་ཐང་སྟོང་གི་གསང་གྲངས་གཏོར་ཐུབ་ལ།  དམུ་གཤིས་ཀྱི་ཁམས་དང་དཀའ་ཐུབ་བརྒྱ་སྟོང་ལས་ཁི་ཏྭས་རང་ཡུལ་དུ་ལོག་པའི་ལམ་སྣེ་ཟིན་པ་མ་ཟད།    བྱང་སྐར་སྨེ་བདུན་ལ་བཅོལ་བའི་ལས་འཕྲོ་ནི་སྒྱུ་མའི་འཁྲུལ་སྣང་ལས་དངོས་ཡོད་དུ་གྱུར་བ་རེད། དེ་ནི་དོན་གྱིས་འཁྲབ་ཁྲིད་པའི་གཏམ་རྒྱུད་ཀྱི་གཞུང་རྟར་མཁྱུད་པའི་མི་གཤིས་དང་སྤྱང་གཤིས་གཅིག་ཏུ་བསྡུས་པའི་ཐང་སྟོང་གི་གཤིས་ཀའི་བརྡབ་གསིག་ཁྲོད་ཀྱི་གཤིས་ལུགས་ཆགས་པའི་ལམ་གྱི་ཟིན་ཐོ་ཡིན།  

p2532598169_副本.jpg

གློག་བརྙན་དང་ཐབས་རྩལ།

           གློག་བརྙན་གང་དེ་བཞེངས་སྐྲུན་དང་གསར་བཟོ་མ་བྱས་པའི་སྔོན་གྱི་དུས་རིམ་ནི་དགོད་སྒྲུང་གི་བྱུང་བ་ཡོད་ལ།   དོགས་སྣང་གི་གནས་ཀྱང་ཡོད་སྲིད།   འོན་ཀྱང་།  འཁྲབ་ཁྲིད་པ་གང་ཞིག་གི་སྒྱུ་རྩལ་གྱི་རྟོགས་པ་དང་དཀའ་ཐུབ་ཀྱི་རིགས་ལམ་ལས་བརྡོལ་བའི་བརྩམས་ཆོས་གྲུབ་པ་དེ་ནི་དོན་གྱིས་འཇིག་རྟེན་ལ་མཚར་སྒྲུང་བཞེངས་བའི་གསར་གཏོད་པའི་ཁོངས་སུ་ཐེ་བ་གོར་མ་ཆག    འདིར༼ཕྱིར་ལོག་པའི་ལམ་དང་སྤྱང་ཀི༽ཅེས་པའི་གློག་བརྙན་ཡང་དེ་བཞིན་ཡིན།     སྣ་འདུས་གློག་བརྙན་ལས་སྐྱེ་ཁམས་གློག་བརྙན་གྱི་ཁོངས་གཏོགས་སུ་བརྒལ་ཡོད་ལ།    ཐང་སྟོང་དང་རང་བྱུང་ཁམས་ཀྱི་གྲུབ་རྐྱེན་ནི་གློག་བརྙན་གཏམ་རྒྱུད་ཀྱི་གཞི་རྒྱུ་གཙོ་ཤོས་སུ་བཟོས་ཡོད་ཀྱང་།     མི་སྤྱང་དང་ཐང་སྟོང་གི་འཚོ་གནས་མཚོན་པའི་གློག་བརྙན་གྱི་ཐབས་ཇུས་དང་གཏམ་རྒྱུད་བཞེངས་ལུགས་ཀྱི་མཛེས་བ་དེ་བས་ཀྱང་སྒྱུ་མའི་ཁམས་སུ་ཁྲིད་ངེས།

    དེ་ཡང་བརྙན་ཐབས་ནི་གློག་བརྙན་གྱི་གཏམ་རྒྱུད་གང་ཞིག་བཞེངས་བའི་རང་ལུགས་ཁྱད་པར་བ་ཡིན།   གློག་བརྙན་འདི་ལ་བརྙན་ཐབས་ལས་སྤྱི་བརྙན་དང་དམིགས་བརྙན་གཙོ་གཞི་བཟུང་ནསIMaxཁྱད་ཐབས་དང་མཁའ་བསྐྱོད་བརྙན་མིག་སོགས་ལ་བརྟེན་ནས་གློག་བརྙན་གྱི་མཛེས་བཟོ་དང་རྟོག་བཟོའི་འགྱུར་སྟངས་ཁྱད་པར་དུ་བརྒལ་འདུག་པས།   སྒྲ་བརྙན་དང་འོད་ཀྱི་བསྡེབས་ཆ་ལས་ཐང་སྟོང་གི་གཏམ་རྒྱུད་ལ་གསོན་ཉམས་བསྐྲུན་པ་ཡིན།   ལྷག་པར་གློག་བརྙན་གྱི་ཚོན་མདངས་ནི་སེམས་ཁམས་ཀྱི་ཁ་དོག་དང་འཚོ་གནས་ཀྱི་ཁ་དོག་ཏུ་བཞེངས་འདུག རེ་བ་དང་ཡིད་ཆེས་སུ་གཏམས་པའི་མདངས་སུ་ཉི་རྩེའི་འོད་དང་མེ་ལྕེའི་འོད་དུ་ཉེ་བར་སྣང་ཞིང་།  འཇིགས་སྣང་དང་རེ་ཆད་དུ་འོད་མདངས་རབ་རིབ་དང་སྔོ་ནག་ཏུ་བཞེངས་འདུག དེ་ནི་འཁྲབ་ཁྲིད་པའི་འཇིག་རྟེན་དཀར་ནག་ལ་འཛིན་པའི་སེམས་ཁམས་རིག་པའི་འགྲེལ་རྒྱག་སྟངས་ཀྱང་ཡིན་སྲིད། དེ་བཞིན།  གློག་བརྙན་གྱི་དུས་ཚོད་དང་བར་སྟོང་གི་ས་བཅད་ངོས་ནས་བལྟས་ན། གློག་བརྙན་གྱི་འགྲོས་ཚད་ནི་དུས་ཚོད་དང་བར་སྟོང་མང་པོ་གཅིག་ཏུ་སྒྲིལ་བ་ལྟ་བུའི་མཐོང་ཚོར་ལག་རྩལ་དང་གཟུགས་སྣང་འགྱུར་བག་ཅན་དུ་བསྡུས། དཔེར་ན། རྔོན་ལས་ཚོ་ཤོག་གི་ལམ་འཕྲང་བརྒྱུད་པའི་གོ་རིམ་ནི་དུས་བཞི་དང་ཉིན་མཚན་རེས་མོས་བཟློས་པ་ལས་དུས་ཚོད་ཀྱི་བར་སྟོང་བསྡུས་པ། ལམ་ཐིག་ནི་བྱ་རྒོད་ཀྱི་མཐོང་མིག་ནས་རི་ཀླུང་ལ་ཐང་དང་ནགས་ཚལ། བྱེ་སྒང་། ཡངས་བ་ཅན། བྲག་འཕྲང་བཅས་སྣང་བ་ནི་གཟུགས་ཀྱི་བར་སྟོང་གི་བསྡུས་ཐབས་སུ་སྤྱད་པ་དེ་ནི་གློག་བརྙན་རང་ངོས་ཀྱི་ཐབས་རྩལ་ཁྱད་པར་བ་ཡིན་ལ།    གློག་བརྙན་གྱི་དུས་ཚོད་དང་བར་སྟོང་གི་རང་མཚན་སོ་སོར་བསྡེབས་ནས་སྒྲ་བརྙན་མཐུད་སྦྱོར་གྱི་རིགས་ལམ་བཀོལ་བའང་ཡིན།      མ་གཞི་གློག་བརྙན་ནི་བཟོ་ལས་ཀྱི་བྱུང་འབྲས་ཡིན་ལ།   གློག་བརྙན་ནི་ཚན་རིག་གི་ལག་ཐབས་ཀྱང་ཡིན་པས།     འཁྲབ་ཁྲིད་པའི་རྟོག་སྣང་གི་བཟོ་བཀོད་དང་ཚན་རིག་གི་མཐུ་རྩལ་ལ་གཞིགས་པའི་བློ་གྲོས་ཀྱི་སྙིང་བོ་ལོན་ན་ནི།   གློག་བརྙན་གྱི་སྒྲ་བརྙན་སྒྲིག་སྦྱོར་གྱི་གཟུགས་ཁམས་ལ་སྒྱུ་མའི་བླ་འགུག་པའི་བརྙན་ཡོལ་གྱི་ཟིལ་ཤུགས་ངང་ངམ་དུ་མངོན་བྱུང་བ་ཡིན།   དོན་གྱིས་གློག་བརྙན་རང་ངོས་ཀྱི་བརྙན་མིག་གི་ཟུར་ཚད་དང་ཚོན་མདངས་ཀྱི་མཚོན་ཐབས།  དུས་ཚོད་ཀྱི་བར་སྟོང་། སྒྲ་བརྙན་གྱི་འཇུག་ངོགས།   ཡུལ་དངོས་ཀྱི་འཆར་བཀོད།   མི་སྤྱང་གི་སྦྲེལ་ཐབས།  ཕྱི་སྣོད་ཀྱི་བཞེངས་སྐྲུན་དང་བཀོད་ལུགས་ནི་གློག་བརྙན་གྱི་དུས་རིམ་སྔ་མ་དང་ཕྱི་མའི་ཐུན་མོང་གི་དཀའ་ཐུབ་དང་མཛེས་བ་ལས་བརྙེས་པའི་གློག་བརྙན་གྱི་ལག་ཐབས་ཁྱད་པར་བ་དང་དམ་དུ་འབྲེལ་བ་ཡིན། དེ་ལས་ཀྱང་གློག་བརྙན་དུ་མཚན་མོའི་སྟོང་དབྱིངས་ཀྱི་སྐར་ཚོགས་དང་ཐང་སྟོང་གི་ཤིང་སྐམ་ཁེར་ཚུགས་སུ་འགྱིང་བའི་བརྙན་རིས།    མེ་འོད་དང་ཁངས་རླུང་མཆེད་པའི་བརྙན་གཟུགས་ཀྱི་མཛེས་རྟོག   གཅན་གཟན་ཁྲོ་བའི་གཏུམ་གཟུགས་དང་འགྱུར་གཟུགས་ལས་གློག་བརྙན་རང་ངོས་ཀྱི་ལག་རྩལ་གྱི་ཁྱད་གཞི་དང་འཁྲབ་ཁྲིད་པའི་གཏམ་རྒྱུད་བཞེངས་ལུགས་ཀྱི་བདེན་པའི་ཚད་མ་མཐོང་ཐུབ།  

        གློག་བརྙན་ལས་སྤྱང་ཀིའི་བློ་གྲོས་དང་འཚོ་གནས་ཀྱི་ལྷུར་ལེན་ནི་སྤྱང་གཤིས་སུ་གྲུབ་པའི་གཟུར་མེད་གདམ་ཀ་ཡིན་ཡང་། མི་ནི་དེ་བཞིན་ནོ།།  འཚོ་གནས་ཀྱི་རྩ་དོན་ལམ་ནས་ཆོ་ལོ་དང་མཐོ་རིམ་བསྙེགས་པ་ནི་མི་གཤིས་ཀྱི་རྩ་བའི་དགོས་མཁོ་ཡིན་ཡང་།   ཐང་སྟོང་གི་འཚོ་གནས་ན་ཆོ་ལོ་དང་གྲལ་རིམ་མེད་ཀྱང་།  མི་གཤིས་དང་སྤྱང་གཤིས་འདྲེས་སྦྱོར་ལས་བྱུང་བའི་ཐང་སྟོང་གི་གྲིབ་གཟུགས་ནི་གློག་བརྙན་གྱི་ཚོན་མདངས་འགྱུར་སྟངས་དང་ཐང་སྟོང་གི་འདས་མ་ད་གསུམ་གྱི་གཟུགས་ཁམས་ནི་གློག་བརྙན་གྱི་མདངས་མི་འདྲ་བ་ལས་མངོན་བྱུང་།      ཐབས་རྩལ་ནི་མདངས་ཀྱི་ཁ་དོག་གསུམ་སྦྲེལ་ལ་བརྒྱུས་ནས་ཕྱིར་དྲན་དང་འཁྲུལ་སྣང་།  དངོས་ཡོད་གསུམ་གྱི་བར་བརྒལ་དང་ཧེ་བག   བསྡུར་ཐབས་ཀྱིས་གློག་བརྙན་མཛེས་དཔྱོད་ལ་བདེན་དོན་གྱི་ལྗིད་ཚད་ཆེས་མཐོ་ཤོས་སུ་བཞེངས་འདུག   

དཔྱད་མཆན་ཡོད།