རྒན་པདྨ་ལགས། ཁྱེད་ཀྱི་གློག་བརྙན་གྱི་རང་ལུགས་དང་མཚོན་བྱ། བརྗོད་གཞི། འཕྲིན་ལས་མི་གླེང་བར་བྱེད། ཁྱེད་ཀྱི་གློག་བརྙན་མཛད་པ་ལས་བྱུང་བའི་དཀའ་ལས་སྐུ་ཚེགས་དང་སྒེར་གཤིས་ཀྱི་ཟབ་ས། ཁེར་རྐྱང་གི་གདོང་མཆོངས་བའི་ཞེ་དཔའ། མི་ཡི་ཚུལ་དུ་བྱོན་ཡང་ལྷ་ཀླུ་ཡིན་ཡང་འགུགས་ནུས་པའི་གཤིས་ཁམས། ལྷག་པར་ཁྱེད་དང་ངའི་བར་གྱི་གློག་བརྙན་དང་འབྲེལ་བའི་གཏམ་རྒྱུད་ཅིག་ཕྱིར་དྲན་བྱེད་རྒྱུ་ནི་གདུང་འབོད་རྗེས་དྲན་གྱི་ཚུལ་དུ་མཆོད་པ་ཡིན།
རྒན་པདྨ་ལགས། ཁེར་རྐྱང་ནི་མིའི་གཞུང་རྐང་བརྟན་པའི་རང་གཤིས་ཡན་གར་བ་ཞིག་ཡིན། ཁེར་རྐྱང་ནི་གསར་རྩོམ་གྱི་རྡོ་རྗེ་གོ་ཁྲབ་ཀྱང་ཡིན་པས། ད་ལྟའི་བར་དུ་བོད་བརྙན་གྱི་སྟོང་ཆ་དང་བོད་བརྙན་གྱི་ལམ་ཆེན་བཏོད་པ་ལ། ཁེར་རྐྱང་གིས་ཕ་ཡུལ་ལུང་པ་ནས་རྒྱལ་ཁམས་ཆེན་མོ་བརྒལ་བ་ནི་ཁྱེད་ཀྱི་ཁེར་ཧྲེང་གི་སྐུ་ཚེགས་དང་སེམས་དཔའ་ལས་བསྐྱེད་པ་ཡིན། ནམ་རྒྱུན། ཉམས་སྣང་དང་དབྱིབས་མེད་པའི་ཁུག་མ་འཁུར་ནས་ནང་ལོགས་ཀྱི་གྲོང་ཁྱེར་དང་གྲོང་གི་ཟ་ཟུར་འགྲིམས། འཁུར་ལྕི་བའི་གློག་ཀླད་ཟད་པོ་དང་མཉམ་དུ་གློག་བརྙན་གསར་རྩོམ་དང་གློག་བརྙན་དཔུང་འཇུག གློག་བརྙན་གྱི་གསང་རྒྱ་བརྟོལ། དེ་འདྲའི་སྐུ་ངལ་གྲངས་མེད་མྱངས་བ་སུས་ཀྱང་རྟོགས་དཀའ། སུས་ཀྱང་ཚབ་མི་ནུས་པའི་མཚོན་བྱ་ཞིག དུས་རབས་ཤིག་གི་སོ་ཁ་རུ་དཔའ་བོ་རིང་ལུགས་སུ་འཆང་བའི་ཁེར་རྐྱང་བ་ཡིན་ལ། སྐྱོ་མདངས་སུ་ཆགས་པའི་ཁྱེད་ཀྱི་མིག་འོད་ལས་ན་གཞོན་མང་པོ་ཞིག་ལ་རེ་ལྟོས་ཀྱི་གདམས་པ་གནང་ཡོད་སྟབས། ཤེས་ཡོན་པའི་སྡེ་དང་ན་གཞོན་པའི་སྡེ་ནི་ནམ་ཡང་ཁྱེད་རང་གུས་པར་མཆོད་པའི་ཡིད་འོང་གི་སྲོལ་ཞིག་སྔ་མོ་ནས་ཆགས་འདུག
རྒན་པདྨ་ལགས། ཁྱེད་ཀྱིས་བོད་བརྙན་གྱི་ལམ་ཆེན་བཏོད་པ་ནས་བཟུང་། ཕ་སྐད་གློག་བརྙན་གྱི་རྒྱུན་ཐག་རིང་མོ་ལོ་ངོ་ཉི་ཤུ་ལ་བརྒྱུས་ནས་གློག་བརྙན་གྱི་དར་བོ་ཆེ་བསྒྲེངས་བ་དེ་ནི་ཏག་ཏག་ཕ་ཡུལ་གྱི་ལས་དབང་དང་དུས་སྐབས། ངོ་གདོང་། འགྱུར་གཟུགས་མང་པོ་ཞིག་བརྙན་མིག་གིས་བཞེངས་ཤིང་མིའི་རིགས་ཀྱི་སྤྱི་མཐུན་གྱི་ལས་དབང་དང་རང་བཞིན། འགྱུར་སྣང་མང་པོ་ཞིག་གློག་བརྙན་ལས་བཞེངས་ནས་འཛམ་གླིང་གི་ཚད་རིམ་མཐོ་ཤོས་སུ་བསྐྲུན། དོན་དུ་གློག་བརྙན་གྱི་ལམ་ཁ་རུ་ཁོང་ལ་ཚོང་ལས་གློག་བརྙན་གྱི་ལས་གཞི་དང་སྒྲོག་བརྙན་གྱི་ལས་གཞི། དངོས་བཤུས་གློག་བརྙན་གྱི་ལས་གཞི། རྣམ་གྲངས་འདྲ་མིན་གྱི་བསླུ་བྲིད་ཇི་འདྲ་ཆེ་ཡང་། ཁྱེད་ཀྱིས་རང་གི་བདེན་པ་མཐར་ཐུག་གི་སྒྱུ་རྩལ་གྱི་ལམ་བུ་ལ་ཁེར་རྐྱང་གིས་བགྲོད་པ་ལས། འཁྱོག་བརྗོད་དང་ཁ་ལབ་ཆེ་བའི་ཚོང་ལས་གློག་བརྙན་གྱི་རིགས་སུ་གཞི་ནས་མི་འཇུག དེའང་དོན་གྱིས་ཁོང་གི་གཤིས་ཁམས་ལས་བྱུང་བའི་མཛེས་སྡུག་གི་ཚད་མ་ཅིག་ཡིན།
རྒན་པདྨ་ལགས། བྱེ་བྲག་གི་དུས་ཚོད་ཁྱེད་ཀྱིས་དྲན་བྱུང་ངམ། ཧ་ལམ༢༠༡༦ལོའི་ཟླ་བདུན་པའི་ནང་ཡིན་ངེས། དེ་དུས་ང་རང་སྒྲོམ་གཞི་ལས་ཐར་ཆེད། ལོ་ཟླ་ཁ་ཤས་ལ་ཡུལ་འཕྱན་པའི་སྐྱེས་པ་བླངས། ལམ་སྣ་ནི་ཟུར་ངོས་གཞན་གྱི་གདམ་ཀ་ལས་གྲུབ། ཉིན་ཞིག ནང་གྲོགས་བཀྲ་རྒྱམ་ནས༼ རྒན་པདྨའི་སྐད་འཕྲིན་བརྒྱུད་ནས་རེ་བ་ཅིག་བཏོན་འདུག ད་རུང་པེ་ཅིང་ནས་ཆེད་དུ་ཁྱེད་ལ་བསྐུར་བ་ཡིན ༽ ཞེས་འོད་སྡེར་ཐིམ་གསར་བརྒྱབ་པ་ཞིག་ངའི་ལག་ཏུ་འབྱོར་བྱུང་། ལོ་དེར་གློག་བརྙན༼ ཐར་ལོའི ༽ ཕྱི་ནང་གསང་བའི་འཕྲིན་གསར་རླབས་བཞིན་སྐྱོམ་པས། ཁོང་གི་གློག་བརྙན༼ ཐར་ལོ ༽ ལ་དཔྱད་བརྗོད་ཅིག་འབྲི་དགོས་བའི་རེ་བ་བསྩལ་འདུག དེ་ནི་ང་ལ་མཚོན་ན་བརྙན་དཔྱད་ཀྱི་ངོས་ནས་འགྱུར་སྟངས་གཞན་ཞིག་གི་མཐོང་སྣེ་ཡིན་ལ་བརྙན་དཔྱད་ཀྱི་ལམ་བུར་མུ་ནས་འཇུག་པའི་སེམས་སྤོབས་ཀྱང་ཡིན། ངས་ཀྱང་ཁས་ལེན་ཁུར་བོ་ལྗིད་པོ་ཡིན་ཡང་དོན་དེའི་ཁས་བླངས་ནས་གློག་བརྙན༼ ཐར་ལོ ༽ ལ་བསྟུད་མར་ཐེངས་གསུམ་ལྷག་ལ་བལྟས། གློག་བརྙན་དེ་ལ་བལྟས་པའི་ཟུར་སྣེ་མི་འདྲ་བའི་སྒོ་ནས་མྱོང་དཔྱད་བྱས། དང་ཐོག་གློག་བརྙན་གཏམ་རྒྱུད་ཀྱི་བརྗོད་དོན་ཁོ་ན་ལ་བལྟས་པ་ཡིན། གཉིས་པ། གློག་བརྙན་གྱི་ཟུར་ཚད་དང་སྒྲ་བརྙན་མདངས་ཀྱི་མཚོན་ཐབས་ལ་བལྟས་པ་ཡིན། གསུམ་པ། གློག་བརྙན་རང་ངོས་ཀྱི་བརྙན་མིག་སྐད་བརྡ་དང་བརྙན་མིག་གཞུང་ལུགས་ལ་བརྒྱུས་ནས་བལྟས་པ་ཡིན། དེ་ནི་ངས་རྒན་ཁོང་གི་གློག་བརྙན་ལ་བལྟས་པའི་བརྙན་དཔྱད་འབྲི་ཐབས་ཀྱི་བརྩི་བཀུར་ཆེས་ཆེ་ཤོས་ཀྱང་ཡིན། ཕྱིས་སུ། སྙན་ངག་པ་ཁྲི་སེམས་དཔའ་ལགས་གྱིས༼ ཐར་ལོའི ༽ ་བརྙན་དཔྱད་དེ་ཉིད་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་དུ་བཀོད་སོང་། གོ་ཐོས་སུ་སྐབས་ཐོག་དེར༼ ཐར་ལོ ༽ ལ་ཆེད་དམིགས་བརྙན་དཔྱད་འགའ་བྲིས་པ་ལས་འདེམས་པར་སྐད། དེ་ནི་གཙོ་བོ་མ་རེད། རིམ་གྱིས་ཁོང་གི་གློག་བརྙན་ཕྱི་མ༼ ལག་དམར ༽ དང༼ དབུགས་ལྒང ༽སོགས་ཀྱི་བརྙན་དཔྱད་མི་འདྲ་བ་འབྲི་བའི་གོ་སྐབས་དང་ལས་སྐལ་ཡང་ཡང་བྱུང་སོང་། ངའི་བརྙན་དཔྱད་རེ་རེའང་བོད་ཡིག་གསར་འགྱུར་ཁང་གི་མཐོངས་ཡངས་དགའ་ཚལ་དུ་གྱུར་འདུག དོན་གྱིས་བརྗོད་ན། བརྙན་དཔྱད་འབྲི་བའི་ལམ་ཁ་ནི་རྒན་ཁོང་གི་གློག་བརྙན་གསར་རྩོམ་གྱི་སེམས་དཔའ་ལས་བསྐྱེད་པའི་རྐྱེན་དང་རྒྱུ་ཡིན་ལ། ངའི་གློག་བརྙན་རྩོམ་རིག་ལ་འཇུག་པའི་སེམས་སྤོབས་ནི་རྒན་ཁོང་གི་གློག་བརྙན་བརྩམས་ཆོས་ཀྱི་རྣམ་ཤེས་བར་ནས་བརྙེས་པ་ཡིན། དུས་མཚུངས་སུ་བོད་དུ་གློག་བརྙན་ལ་འཇུག་བཞིན་པའི་ན་གཞོན་པའི་སྡེ་ཕལ་ཆེ་བའང་དེ་ལྟར་ཡིན་པ་གོར་མ་ཆག
རྒན་པདྨ་ལགས། ༢༠༡༧ལོའི་ལོ་མཇུག་ཤིག་ལ། ང་དང་ནང་གྲོགས་བཀྲ་རྒྱམ་ངེད་གཉིས་ལ་སྔ་མོ་ནས་ཁྱེད་ཀྱི་གློག་བརྙན་བཅར་འདྲི་དག་བསྡུས་ནས་བོད་འགྱུར་གྱི་འཆར་བཀོད་ཡོད་ལ། ལག་ལེན་གྱི་སེམས་སྤོབས་དེ་བས་ཀྱང་ཡོད། རྒྱུ་མཚན་རྒན་ཁོང་གི་རྒྱ་ཡིག་གི་བཅར་འདྲི་ཉིང་བསྡུས་ཅན་དྲུག་ཅུ་ལྷག་ལས་བདམས་ནས་ཕལ་ཆེར་བཅར་འདྲི་གསར་རྙིང་བཞི་བཅུ་ཡས་མས་དམིགས་སུ་བདམས་ནས༼ བོད་བརྙན་གྱི་གོ་བཞུགས ༽ ཅེས་པ་ཞིག་ངེད་གཉིས་པོས་ཐུན་མོང་དང་དཔུང་བ་མཉམ་གཤིབ་ཀྱི་སྒོ་ནས་བོད་ཡིག་གི་ཆེད་ལས་རང་བཞིན་ཅན་གྱི་གློག་བརྙན་དཔེ་ཆ་ཞིག་སྔ་མོ་ནས་བསྐྲུན་འཆར་འདུག དོན་དེ་ནི་ཁྱེད་ཉིད་འཇིག་རྟེན་དཀར་ངོགས་སུ་བཞུགས་དུས། དངོས་སུ་ཐུག་འཕྲད་འགའ་གནང་ནས་གློག་བརྙན་བཅར་འདྲིའི་དེབ་གསར་དང་འབྲེལ་བའི་ཆོག་མཆན་དང་ཇུས་གཞི། བར་བཅུག་པར་རིས། མ་འོངས་འཆར་བཀོད་བཅས་ཀྱི་སྐྱ་ཐིག་ཅི་རིགས་འཐེན་ནས་ཕལ་ཆེར་དཔེ་ཆ་དང་དཔེ་རྟགས་ཀུན་པོ་ཐད་ནས་འགྲུབ་ཟིན་པ་རེད། དེ་ནི་ཏག་ཏག་རྒན་ཁོང་ཉིད་བཞུགས་དུས་ཀྱི་ལག་ལེན་གསེར་གྱི་ཐིགས་པ་ཙམ་ཡིན་ལ། རྒན་ཁོང་གི་མཛད་པ་འཕྲིན་ལས་ལ་གོང་བཀུར་བྱེད་སྟངས་ཅིས་ཀྱང་ཡིན་སྲིད། འོན་ཀྱང་། དཔེ་ཆའི་ཕྱི་ནང་གི་རྒྱུ་རྐྱེན་ག་གེ་མོ་ཞིག་གིས་རེ་ཞིག་དུས་ཐོག་ཏུ་མ་འགྲུབ་ཀྱང་ཕྱིས་སུ་འགྲུབ་པའི་ལས་འཕྲོ་ནི་བཞག་ཡོད།
རྒན་པདྨ་ལགས། ཁྱེད་ཀྱི་ཕལ་བའི་མིའི་སྤྱོད་ལམ་དང་རླབས་ཆེན་གྱི་མིའི་གཤིས་ཁམས་ཀྱིས་མང་པོ་ཞིག་ལ་བསུབ་ཐབས་བྲལ་བའི་དྲན་ཤིང་གི་རི་མོ་བཞག་ཡོད། ཡུལ་གྱི་ལོ་ལོན་གྱི་འདྲི་སྟངས་དེ་ནི་ཇི་འདྲའི་སྙིང་དུ་སྡུག་ཨང་། འཁོར་བའི་དོན་དང་འཚོ་བའི་བདེ་སྡུག་ཡང་འདྲི་ངེས། ད་དུང་རང་ཁྱིམ་ནས་རང་མ་མཐོ་ཞེས་པ་ནང་བཞིན། ཁྱེད་ཀྱི་གཞིས་ཁྱིམ་དང་ལས་སྒྲུབ་ཁང་དུ་ཐོན་ཐེངས་རེར། མགྲོན་བསུ་དང་ཞལ་བརྡ་དྲོན་མོ་གནང་བས། གདོང་འབག་དང་སྒྲོམ་མེད་པའི་ཁྱེད་ནི་ཉེ་བར་བཅར་གྱིན་བཅར་གྱིན་དེ་བས་ཀྱང་སེམས་ངོགས་སུ་བབས་བྱུང་། སྤྱིར་ན་ལས་རིགས་གང་ལའང་དབང་དང་ཆོ་ལོའི་འཐབ་རྩོད་ནི་སྤྱི་ཚོགས་ཀྱི་གྲལ་རིམ་དང་སྒྲིག་གཞིའི་ལྟར་སྣང་ཡིན་སྟབས། མང་པོ་ཞིག་དབང་གིས་བསླུས། དབང་གིས་ཟས། དབང་གིས་རྙིད་དེ། མཐར་འབུ་སྲིན་གྱིས་ཟས་པ་ནང་བཞིན་རུས་རྐང་ཆག ནང་བློ་བོར། ཤ་ཁྲག་སྦྲིད། རྣམ་ཤེས་འཁྱམས། མིག་རྒྱང་ལྡོངས་བའི་མིའི་ཆོས་ཉིད་ཁུངས་མེད་ཅིག་ཏུ་ཆགས་འགྲོ། ཁྱོད་ནི་མ་གཞི་དེ་དག་ལས་ཡེ་ནས་ལྡོག་ཏེ་སྒྱུ་རྩལ་གྱི་བདེན་པ་མཐར་ཐུག་འཚོལ་མཁན་གྱི་སྐྱེས་བུ་ཁེར་རྐྱང་བ་དེ་ཡིན།
རྒན་པདྨ་ལགས། སྤྱིར་ན་དད་པ་ནི་མིའི་ཀུན་གཞི་དང་སྤང་བླང་གི་འཕར་རྩ་ཡིན་པ་བདེན་མོད། ང་ནི་ས་ཐོག་གི་བླ་སྤྲུལ་མི་ཆེན་གང་ཡིན་ལ་དད་པ་སྐྱེས་མཁན་ཞིག་མིན། འོན་ཀྱང་། ཁྱེད་ཀྱི་མི་གཤིས་ཀྱི་ཟབ་ཚད་དང་བརྩམས་ཆོས་ཀྱི་ལྗིད་ཚད་ཀྱིས་ང་ལ་དབང་མེད་དུ་ཁྱེད་ལ་ཕྱོགས་པའི་དད་པའི་སྤུ་ལོང་གཡོ་བ་བདེན། དེ་བས། ཁོམ་གླགས་རེ་ཡོད་པའི་ཚེ། རྒན་ཁྱེད་དང་འབྲེལ་བའི་ཡིག་ཚགས་ཇི་སྙེད་ཅིག་སྔོན་ནས་བསྡུ་ཉར་བྱས་ཡོད། དཔེར་ན། ཁྱེད་དང་འབྲེལ་བའི་གློག་བརྙན་གྱི་བརྙན་ཚགས་དང་རྒྱུ་ཆ། བཅར་འདྲི། དཔྱད་གཞི་ཧ་ལམ་དྲུག་བརྒྱ་ཉེ་བ་ཙམ་ཞིག་བསྡུ་ཉར་སྔ་མོ་ནས་བྱས་ཟིན། ད་རུང་ཡང་ལམ་དང་ལམ་དུ་འཚོལ་གྱིན་ཡོད། དེ་ནི་ཁྱེད་རང་བཞུགས་དུས་ཀྱི་ལས་གཞི་མུ་འབྲེལ་ཅན་ཞིག་ཡིན་ལ། གཤེགས་ཚེ་དེ་བས་ཀྱང་གལ་འགངས་ཆེ་བ་ལོས་ཤེས། ངས་ཁྱེད་ལའང་དེའི་ཐད་ཀྱི་མ་འོངས་བའི་ལས་ཀ་གླེང་མྱོང་ལ། ཁྱེད་ཀྱང་ལྷོད་དང་ཞལ་འཛུམ་དང་བཅས༼ ཐུགས་རྗེ་ཆེ། ལས་ཀ་དེ་ལ་རེ་བ་ཡོད ༽ ཅེས་བརྗོད་མྱོང་། ངས་ནི་རྒན་ཁོང་མི་འདོད་འཆི་བའི་རྐྱེན་དུ་འགྲོ་བའི་ལྔ་སྟས་མིན་ཡང་། དུས་ཀྱི་ཁྱུར་མིད་དང་དངོས་ཡོད་ཕྱི་ནང་གི་བསླུ་བའི་ཁྲོད་ནས་ཁོང་ལ་སེར་སྣ་ཆེ། ཕངས་སེམས་ཆེ། དོགས་གཞི་ཆེ། རྒྱུ་མཚན་དུས་རབས་གཅིག་ལ་འདི་འདྲའི་དཔའ་བོ་རིང་ལུགས་སུ་འཛིན་པའི་སྐྱེས་བུ་དམ་པ་གཅིག་མ་གཏོགས་འཁྲུངས་བ་དཀོན་མོའི་ནང་གི་དཀོན་མོ་ཡིན། དེ་ནི་ཁ་ལབ་ཀྱི་བརྗོད་སྟངས་མིན།
རྒན་པདྨ་ལགས། ༢༠༢༠ལོའི་ཟླ་བདུན་པར། ཁྱེད་ཀྱིས་སྐད་འཕྲིན་བརྒྱུད་ནས་ང་ལ༼ ད་ཐེངས་ཁོམ་པ་ཡོད་ན། ངའི་གློག་བརྙན༼ དབུགས་ལྒང ༽ གློག་བརྙན་ཁང་དུ་སྟོན་རྒྱུ་རེད། ད་རུང་བོད་ཡིག་གི་དཔྱད་བརྗོད་ཅིག་འབྲི་ཐུབ་ན་རེད༽ ཞེས་བབ་ཆགས་པའི་སྐད་ཅིག་བསྐུར་འདུག དེ་ནི་ང་ལ་མཚོན་ན་ངེས་པར་སྒྲུབ་དགོས་པའི་གདམ་ཀ་ལ་འབྲེལ་བས། བརྙན་དཔྱད་དང་གློག་བརྙན་བར་གྱི་གཟུང་ཐག་གང་ཞིག་གི་ཆེད་དུ་ཟི་ལིང་གྲོང་དུ་འབྱོར། དེ་དུས་ནང་གྲོགས་རབ་བརྟན་དང་ཚེ་མདོ་སོགས་ཀྱིས་ང་ལ་གློག་བརྙན་སྤ་སེ་དང་འདུག་ས་སྔ་མོ་ནས་སྟ་གོན་བྱས་འདུག གློག་བརྙན་དུས་སྟོན་དེ་ལས་རྒན་ཁོང་གི་དྲིན་དང་ནང་གྲོགས་ཚོའི་རམ་འདེགས་ལ་བརྟེན་ནས་གློག་བརྙན་དང་བརྙན་ཐུང་ཧ་ལམ་ཉི་ཤུ་ལྷག་ཅིག་ལ་མྱོང་རོལ་བྱས་ཐུབ་སོང་། གློག་བརྙན་གྱི་ཁམས་ནི་འཇིག་རྟེན་གྱི་ཆེས་གཡའ་དག་པའི་སྟོང་ཁམས་ཆེན་མོ་ལ་མྱུལ་བ་དང་འདྲ་བས། གློག་བརྙན་མི་སྣ་མི་འདྲ་བའི་གླེང་བརྗོད་ཀྱང་བདེན་པ་ལ་ཉེ་བར་བཅར་ཞིང་མུན་ནག་ལ་ཐེར་འདོན་བྱེད་ཕོད་པའི་དུས་མཐའི་དཔུང་རྡང་གསར་བ་ཅིག་ཏུ་མཐོང་སོང་། སྤྱིར་ན་ཉེ་བའི་ལོ་ངོ་འདི་དག་ལ་གནའ་མཁར་ཟི་ལིང་ནས་གློག་བརྙན་དུས་སྟོན་ཞིག་གི་སྒྱུ་རྩལ་དགྱེས་སྟོན་མུ་འབྲེལ་ཅན་སྤེལ་བྱུང་། དེ་ནི་རྒྱ་བོད་གཅིག་ཏུ་བསྡུས་པའི་གློག་བརྙན་གྱི་དཔུང་ཆེན་ཞིག་གི་མཁའ་དབུགས་གསར་ལམ་ཡིན་པས། ལོ་རེར་ཟླ་བདུན་པའི་ནང་ལFirstགློག་བརྙན་དུས་སྟོན་དུ་གློག་བརྙན་གཟིགས་འབུལ་དང་བགྲོ་གླེང་། བརྙན་ཐུང་འགྲེམས་སྟོན་དང་བརྗེ་རེས། གློག་བརྙན་གཟེགས་རྟགས་འགྲན་ཞུགས་དང་མཚན་མོའི་གློག་བརྙན་འདུ་འཛོམས་བཅས་ཀྱི་རྣམ་པ་རྒྱ་ཆེན་གྱི་སྒོ་ནས་འཚོགས་པ་ཞིག་རེད། གློག་བརྙནFirstདུས་སྟོན་དེ་ལས་ཁྱེད་ནི་མ་གཞི་གློག་བརྙན་གྱི་རྒྱལ་ཁམས་བསྒྱུར་བའི་དེད་དཔོན་ཞིག་ཏུ་གྱུར་འདུག་པས། ང་ཚོའི་ན་གཞོན་གྱི་མཐོང་ལམ་ན། ཁྱེད་ནི་མི་ཡུལ་ལ་མངགས་པའི་གློག་བརྙན་གྱི་ལྷའི་ཕོ་ཉ་ཡིན། བོད་བརྙན་གྱི་མཐོངས་ཡངས་ན། ཁྱེད་ནི་སྒྱུ་རྩལ་གྱི་རྣམ་གཞག་གསར་དུ་འབྱེད་པའི་བསོད་ནམས་ཀྱི་རང་འགྲུབ་ཡིན། འོན་ཀྱང་། འོན་ཀྱང་་་་་་
རྒན་པདྨ་ལགས། ༢༠༢༡ལོའི་ལོ་གསར་སྐབས་ལ་ང་རང་ཆེད་དུ་ཁྱེད་ཀྱི་ལོ་སར་ལ་ཡོང་མྱོང་། མཛོ་སྣ་གྲོང་སྡེ་ནི་རོང་མ་འབྲོག་གི་འཚོ་སྟངས་སུ་ཆགས་འདུག ས་བབ་དམའ་ལ་གནམ་གཤིས་ནི་དེ་བས་ཀྱང་འཇམ་ཤ་ལྡན། ཉིན་དེར་རྒན་ཁོང་དང་ལྷན་དུ་ལོ་སར་ལ་རོལ། ཏག་ཏག་ལོ་དེར། ངའི་གློག་བརྙན་རྩོམ་རིག་བརྩམས་ཆོས་གཉིས་པ༼ གློག་བརྙན་དང་རྒྱང་ལྟ ༽ ཡང་གློག་བརྙན་དང་གློག་བརྙན་རྩོམ་རིག་ལ་སྐྱེམས་སུ་ཕུལ་བས། ཁྱེད་ཀྱིས་འཛུམ་མདངས་དང་བཅས༼ རྟེན་འབྲེལ་ཞུ། བོད་ཡིག་གི་ལམ་ནས་ད་རུང་འདི་ལྟར་བྲིས་པ་་་་་་་་༽ ཞེས་སྐུལ་ལྕག་དང་བཅས་ཞལ་གསུང་གནང་། ད་རུང་གློག་བརྙན་སློབ་གླིང་ཞིག་ལ་འགྲིམས་དགོས་པའི་རེ་བ་ཞིབ་མོ་དང་སྔོན་འགྲོའི་ཆ་རྐྱེན་སྒྲུབ་ཐུབ་པའི་འཆར་གཞིའང་འཐེན་སོང་། དེ་ནི་ང་ལ་མཚོན་ན་བརྩམས་ཆོས་ཀྱི་ངོས་ནས་ཁྱེད་ཀྱི་སེམས་པ་གླན་པའི་དྲོད་ཀྱི་ཚིག་འབྲུ་རེ་རེ་ཡིན་ལ། གློག་བརྙན་རྩོམ་རིག་གི་ལམ་ཆེན་ལ་བཏོན་པའི་རྒྱང་རིང་གི་རྨི་ལམ་གསར་བའང་ཡིན་སྲིད། གལ་སྲིད་ཁྱེད་འདྲ་མེད་ན་ངའི་གློག་བརྙན་རྩོམ་རིག་ཟེར་བ་གོ་མི་ནུས་ལ། བརྙན་མིག་སྐད་བརྡ་ལ་ནི་དེ་བས་ཀྱང་དཔྱོད་པའི་མིག་དབང་ལྡོངས་ངེས། གློག་བརྙན་ཟེར་བ་ནི་ཕལ་བས་རོལ་རྩེད་དང་མྱོང་བ་ཙམ་དུ་ཟད་འགྲོ།
རྒན་པདྨ་ལགས། ཁྱེད་ནི་མི་རབས་གསར་བའི་སྡེ་དང་ཤེས་ཡོན་པའི་སྡེ་ཡི་རུ་དཔུང་འདྲེན་པའི་སྤྱི་དཔོན་ཡིན་པས། དེ་ནས༢༠༢༢ལོའི་ཟླ་བདུན་པ་ལ། ཡང་བསྐྱར་རྒན་ཁོང་དང་ནང་གྲོགས་ཚོ་དང་བཅས་གློག་བརྙན་དུས་སྟོན་ལ་ཞུགས་ཐུབ་པ་མ་ཟད། གློག་བརྙན་ཁང་བརྒྱུད་ནས་བོད་ཀྱི་གློག་བརྙན་ཁ་ཤས་ཀྱང་མྱོང་རོལ་བྱེད་ཐུབ་སོང་། དཔེར་ན། གློག་བརྙན༼ གཅིག་དང་བཞི ༽ དང༼ གེ་སར་རྟ་རྫི ༽ ༼ སྨོན་ལམ་གཙང་བོའི་ཕ་རོལ ༽ བཅས་ཀྱི་གློག་བརྙན་གླེང་མོལ་དང་གློག་བརྙན་གཟིགས་འབུལ་བཅས་བྱུང་སོང་། ཕལ་ཆེར་ཉིན་གསུམ་གྱི་རིང་ལ་གློག་བརྙན་དང་བརྙན་ཐུང་། བརྙན་ཕྲན་མི་འདྲ་བ་སུམ་ཅུ་ལྷག་ལ་བལྟས། ལྷག་པར་གློག་བརྙན་དུས་སྟོན་མཇུག་སྒྲིལ་བ་དང་འབྲེལ་ནས་གློག་བརྙན་གྱི་མཚན་མོའི་འདུ་འཛོམས་བྱས་པ་དྲན་པའི་ངོས་སུ་བརྗེད་མེད་ཀྱི་སྣང་བརྙན་གསོན་པོར་བཞེངས་ཡོད། རྒན་ཁོང་གི་སྣེ་ཁྲིད་དང་ནང་གྲོགས་དག་གི་མཐུན་སྦྱོར་གྱིས་གློག་བརྙན་གྱི་མཚན་མོའི་འདུ་འཛོམས་ནི་ན་གཞོན་གློག་བརྙན་པའི་སྒྱུ་རྩལ་གྱི་ཤམ་བྷ་ལ་རུ་གྱུར་སོང་། འདི་ལྟར་བརྗོད་དོན་ནི་གང་ཞིག་གི་ཆེ་བ་ཙམ་མིན། གང་ཞིག་གི་ངོ་གདོང་སྲུང་བའི་ཚིག་གི་འཁོར་ལོའང་མིན། གློག་བརྙན་གྱི་སྐྱེས་ཆེན་ཁོང་གི་སྤྱོད་ལམ་དང་ཞིབ་ཆ་ལས་ང་ཚོ་ལ་མི་གཞི་བཅའ་ལུགས་དང་དོན་ཆེན་སྒྲུབ་ལུགས་ཀྱི་གནད་ས་ངང་གིས་གདམས་པ་རེད། རྒན་ཁོང་གི་ན་གཞོན་ལ་བཅངས་པའི་སེམས་ཁམས་དང་མིག་རྒྱང་། གཤིས་ལུགས་ནི་ས་ཐོག་གསེར་གྱིས་གང་ཡང་བླུས་མི་ཐུབ་པའི་རྒྱལ་སྲས་སྦྱིན་གཏོང་ཅན་གྱི་ངང་ཚུལ་འཛིན། འདི་ལྟར་བརྗོད་དོན། རྒན་ཁོང་གི་རེ་སྐུལ་དང་རོགས་འདེགས་ལས་ན་གཞོན་མང་པོ་ཞིག་ལ་གློག་བརྙན་གྱི་མཁའ་དབུགས་གསར་བ་རྔུབ་ལེན་བྱེད་ཐུབ་ལ། གློག་བརྙན་གྱི་བློ་འབྱེད་གསར་བའི་འཇིག་རྟེན་ཡང་ངང་གིས་མཐོང་ཐུབ། འདི་ནི་རྒན་རབས་དང་གཞོན་རབས་བར་ལ་རབ་ཁ་མེད་པའི་མཛའ་མཐུན་གྱི་ཆུ་བོའི་བཞུར་རྒྱུན་ཡིན་ལ། རང་གི་རིག་གནས་སྒྱུ་རྩལ་གྱི་རྒྱུད་པ་སྲུང་བའི་ཁེར་རྐྱང་བ་ཞིག་གི་འཕགས་པའི་ཀུན་གཞིའང་ཡིན།
རྒན་པདྨ་ལགས། ༢༠༢༣ལོའི་ཟླ་གསུམ་པའི་ཟླ་དཀྱིལ་ཅིག་ལ། ཁྱེད་ཀྱི་གློག་བརྙན༼ སིང་སྤང་བཀྲ ༽ ཅེས་པ་འགྲུབ་སོང་ཞེས་སྐད་འཕྲིན་བརྒྱུད་ནས་བརྗོད་བྱུང་། དེའི་སྔོན་ང་རང་ཆེད་དུ་ཁྱེད་དང་ཁྱེད་ཚོ་ཕབ་སྐྲུན་ཚོགས་པར་བསྐོར་རྒྱག་རྒྱུའི་སེམས་ཁམས་ཤིག་ངང་ངམ་དུ་སྐྱེས་བས། ཁྱེད་ལ་སྐད་འཕྲིན་བརྒྱུད་ནས་འབྲེལ་བ་བྱས། ཁྱེད་ཀྱིས༼ ལམ་ཐག་རིང་བས། ཁྱེད་ལ་དཀའ་ལས་རེད། རྗེས་སུ་ཐུག་འཕྲད་ཡོད་ངེས ༽ ཅེས་བརྗོད་བྱུང་། དེ་ནས་ཨ་ལན་ལ༼ ཁྱེད་ཀྱིས་ངེས་པར་དུ་ལུས་པོར་བདག་སྐྱོང་གནང་རོགས ༽ ཞེས་བརྗོད་རྗེས། རེ་ཞིག་ཁ་བརྡ་དང་འབྲེལ་བ་ཅི་ཡང་མ་བྱས། ཕལ་ཆེར་ཟླ་བཞི་བ་ཚེས་མ་ཚེས་ཀྱི་བར་སྐབས་ཅིག་ལ་ཁྱེད་ཀྱིས་ཡང་བསྐྱར་སྐད་འཕྲིན་བརྒྱུད་ནས་ང་ལ༼ སྔོན་ཆད་ཁྱོས་བྲིས་པའི་ངའི་གློག་བརྙན་སྐོར་གྱི་བརྙན་དཔྱད་ཚང་མ་ཅིག་འཚོལ་རོགས། ལྷག་ཏུ་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་དུ་བཀོད་པའི་དཔྱད་བརྗོད་དེ་དག་་་་་་༽ ཞེས་སྐད་ཅུང་གསལ་ཐག་ཆོད་པ་ཅིག་གིས་བརྗོད་བྱུང་། ཏག་ཏག་དགོང་ཁ་ཞིག་ལ་ངས་ཀྱང་དུས་ཚོད་བཙལ་ནས་དེ་དག་རེ་རེ་བཞིན་བཙལ་ནས་ཁྱེད་ལ་སྐད་འཕྲིན་སྒང་ནས་བསྐུར། ཁྱེད་ཀྱིས་ཀྱང༼ ཐུགས་རྗེ་ཆེ། སྦྲང་ཆར་ཚང་གིས་བོད་ཡིག་གི་འཁྲབ་གཞུང་ཕྱོགས་སྒྲིག་གི་དཔེ་ཚོགས་ཤིག་དཔར་འཆར་འདུག་པས། གློག་བརྙན་འཁྲབ་གཞུང་དེ་དག་དང་འབྲེལ་བའི་བརྙན་དཔྱད་རེ་རེ་དང་བོད་ཡིག་གི་བཅར་འདྲི་དག་དགོས་མཁོ་ཡོད་ཐལ ༽ ཞེས་བརྗོད་བྱུང་། སྐད་ཆ་དེ་ནི་ང་དང་རྒན་ལགས་བར་གྱི་མཇུག་མཐའི་གྱེས་ཚིག་ཏུ་གྱུར་བའི་སྐད་ཆ་ཡིན་ལ། སྐད་ཆ་དེ་ནི་ཁོང་དང་ཁོང་གིས་ང་ལ་བརྗོད་པའི་གཟུགས་མེད་འདི་ཕྱིའི་བར་གྱི་ཆེས་མཐའ་མཇུག་གི་སྐད་ཆའི་རྫོགས་ཚིག་ཡིན། སྐད་ཆ་དེ་ནི་ཁྱེད་དང་ང་ཡིས་་་་་་་་
རྒན་པདྨ་ལགས། ༢༠༢༣ལོའི་ཟླ་ལྔ་བའི་ཚེས་བརྒྱད་ཀྱི་ཉིན་ནི་མགོ་ཐོག་གི་ཉི་ཟླ་གཟའ་ཡིས་ཟིན་པ་དང་འདྲ། ཉིན་དེའི་དགོང་ཁ། ང་རང་གཞུང་ལས་ཁང་དུ་གཅིག་པུར་བསྡད་དེ་སྒེའུ་ཁུང་གི་ཕྱི་རོལ་ལ་བལྟས་ནས་མིག་ཆུ་བཞུར། ཤམ་ཤུམ་དུ་བཞུར་བའི་མིག་ཆུ་ནི་སྐད་ཆ་ཞིག་ཡིན་གྱུར་ན། ཁྱེད་ཀྱིས་ཐོས་ཡོད་སྲིད། ངས་ཇི་ལྟར་ཨམ་གཙིགས་བསྡམས་ཀྱང་མིག་ཆུ་ནི་འགོག་མེད་ཀྱི་རྦབ་རྡོ་དང་འདྲ། སྤྱིར་ན་སྟག་ཤར་རའི་མིག་ཆུ་མི་བཞུར། བཞུར་ན་དོན་ཡོད་ཟེར་སྲོལ་ཡོད་མོད། འོན་ཀྱང་ངའི་མིག་ཆུ་ནི་ཁྱེད་རང་གཏན་བྲལ་བྱུང་བའི་སྐྱོ་གདུང་ཚད་མེད་ཅིག་གི་བཞུར་རྒྱུན་ཡིན། གཏན་དུ་མི་མཐོང་གཟུགས་མེད་ཁམས་ལ་བཞུད་པས། ངའི་མིག་ཆུ་ནི་མཚོན་བྱེད་ཡོད་ཀྱང་མཚོན་བྱེད་མེད་པའི་མཚོན་བྱེད་ཅིག་ཏུ་གྱུར་བ་ལས་ཐབས་ཅི།
རྒན་པདྨ་ལགས། ༢༠༢༣ལོའི་ཟླ་ལྔ་བའི་ཚེས་བཅུ་གཉིས་ཉིན་ལ། ང་རང་ཡུལ་མགོ་ལོག་ནས་ཕ་ཡུལ་བརྒྱུད་དེ་ནང་གྲོགས་རབ་བརྟན་དང་ལྷན། ཁྱེད་ཀྱི་ཕ་ས་མཛོ་སྣ་གྲོང་སྡེ་བརྒྱུད་ནས་གཞིས་ཁྱིམ་དེ་རུ་འབྱོར་བྱུང་། མི་ཚོགས་ཀྱི་འདུ་ལོང་རྒོད། སྐྱོ་མདོག་གི་ན་བུན་འཁྲིགས། མ་ཎིའི་གདུང་དབྱངས་མཆེད། འདས་མཆོད་ཀྱི་ཆོ་ག་བྲེལ། ང་རང་གཞིས་ཀའི་མཆོད་ཁང་དུ་ཕྱིན་ནས་ཁྱེད་ཀྱི་སྦྱིན་སྲེག་གི་གདུང་ཐལ་དཀར་བོ་ལ་ཐོད་པ་གཏུགས་བཞིན་པུས་མོར་སར་བཙུགས་ནས་ཕྱག་གསུམ་འཚལ། ད་ནི་ཡར་བལྟས་ཨ་སྔོན་སྟོང་བ་རུ་གྱུར་། མར་བལྟས་ས་གཞི་ཚེར་མ་རུ་གྱུར། དོན་དུ་ཁྱེད་ཀྱི་ཚེ་སྲོག་གི་མཇུག་སྒྲིལ་སྟངས་ནི་དངོས་གནས་ཁྱེད་ཀྱི་གློག་བརྙན༼ ཐར་ལོ ༽ དང༼ ཁྱི་རྒན ༽ ནང་བཞིན་ཅི་འདྲའི་གློ་བུར་བའི་སྣང་ཚུལ་དང་ཅི་འདྲའི་དྲན་དབང་མེད་པའི་གདུག་རྩུབ་ཆེ་བ་ལ་ཨང་། ཕངས་བའི་མིག་ཆུས་གནམ་ས་སྒྲིབ། གདུང་བའི་སྙིང་ཁམས་འཕར་རྩ་བྲེགས་སོང་། དངོས་གནས། དཔའ་བོ་ཁེར་རྐྱང་གིས་འཚོས་ཡོད་ལ། དཔའ་བོ་ཁེར་རྐྱང་གིས་བཞུད་ཚར་སོང་།
རྒན་པདྨ་ལགས། མདོར་དྲིལ་ན། ཁྱེད་ཀྱི་མི་གཤིས་བཅའ་ལུགས་ལ་ལྷོད་དང་ཞི་བའི་རང་བཞིན་ལྷུན་གྱིས་ཆགས་པ་ནི་ཁྱེད་ཀྱི་བརྩམས་ཆོས་ཀྱི་འགྲོས་ཚད་དལ་བ་དང་ལྷོད་པ། འཇགས་པ། རང་བྱུང་གི་ཚུལ་དུ་གནས་པ་དང་འདྲ་མོད། འོན་ཀྱང་། ཁྱེད་རང་སྐར་མདའ་བཞིན་གཤེགས་པའི་ཚུལ་ནི་ཅི་འདྲའི་ཡ་ང་བ་དང་གདུག་རྩུབ་ཆེ་བ་ལ། ཏག་ཏག་དེ་ནི་ཁྱེད་ཀྱི་གློག་བརྙན་བརྩམས་ཆོས་རེ་རེའི་ནང་སྙིང་ལ་དཔྱོད་པའི་ལག་སྙོབ་བྱས་གྱུར་ན། བརྩམས་ཆོས་ནི་མ་གཞི་འཁྱགས་རོམ་ཆེན་མོའི་ལུང་རྒན་དང་འདྲ། རྒྱུ་མཚན་བརྩམས་ཆོས་ཀྱི་ནང་ཁོག་ལ་གདུག་རྩུབ་ཀྱིས་ཁེངས་འདུག་ལ་གཟུར་གནས་རྣོ་བ། འཁྱགས་ཚད་མཐོ་བ། ངམ་གནག་པ་ནང་བཞིན་ཡིན་འདུག རྒན་ལགས། ངེས་དོན་གྱི་མཐའ་དཔྱོད་སྒྱུ་རྩལ་བ་ཞིག་གིས་དངོས་ཡོད་ཕྱི་ནང་ལ་བལྟས་པའི་ཚད་ཤིང་གི་སྒྲ་གཟུགས་ཡིན་ལ། བརྙན་མིག་གིས་བཞེངས་བའི་གདོང་འབག་གི་སྒྲོམ་གཏོར་བའི་བདེན་དོན་གྱི་བཤུས་ཡིག་ཡང་ཡིན་པས། འདིར་ཁོང་གིས་ལམ་མེད་སའི་ས་ལ་ལམ་བཏོད་པ། ལམ་བཏོད་པ་དེ་ནི་དོན་གྱིས༼ གསར་འབྱེད་པ ༽ དང༼ ཐོག་མ ༽ ༼ རྩེ་གྲའི ༽ ཚད་རིམ་ལས་བྱུང་བའི་མཛད་པ་ཉུང་བསྡུས་གཤམ་གསལ་ལྟར་དུ་ཡིན།
༡ བོད་བརྙན་གྱི་ངོས་ནས་ཕ་སྐད་གློག་བརྙན་གྱི་ཤིང་རྟའི་སྲོལ་འབྱེད་པ།
༢ སྐྱ་མདོག་གློག་བརྙན་དང་གཞུང་ལམ་གློག་བརྙན་ཐོག་མར་ནང་འདྲེན་པ།
༣ གློག་བརྙན་གྱི་བཅར་འདྲིའི་ལེ་ཚན་ཆེས་མང་བའི་འཁྲབ་ཁྲིད་པ་དམིགས་བསལ་བ།
༤ རྒྱལ་ཡོངས་གློག་བརྙན་ཁང་དུ་ཕ་སྐད་བོད་བརྙན་གྱི་གཟིགས་འབུལ་ཐོག་མར་བཞེངས་མཁན།
༥ བོད་བརྙན་གྱི་སྤ་སེ་གཞི་གྲངས་ཡོང་འབབ་བྱེ་ཆེན་ལ་བརྒལ་བའི་ཐོག་མ།
༦ རྒྱལ་སྤྱིའི་གློག་བརྙན་སྒང་དུ་བརྒལ་མཁན་གྱི་བོད་བརྙན་འཁྲབ་ཁྲིད་པ་དང་པོ།
༧ གློག་བརྙན་དང་འཁྲབ་གཞུང་གཅིག་ལྕོགས་སུ་འཁུར་ནུས་པའི་འཁྲབ་ཁྲིད་པ་རྩེ་གྲ།
༨ བོད་ཀྱི་གློག་བརྙན་པའི་དཔུང་སྡེ་ཆགས་མཁན་གྱི་སྣེ་འདྲེན་པ།
༩ བོད་བརྙན་གྱི་རླབས་རྒྱུན་གསར་མའི་རིང་ལུགས་ཀྱི་སྒོ་འབྱེད་པ།
༡༠ འཁྲབ་ཁྲིད་པའི་གློག་བརྙན་བརྩམས་ཆོས་ལ་བརྩི་འཇོག་ཆེས་མཐོ་ཤོས་ཐོབ་པའི་ཐོག་མ།
༡༡ གློག་བརྙན་དང་བརྩམས་སྒྲུང་ཕ་སྐད་ཀྱིས་བཞེངས་བའི་རྟུལ་ཕོད་པའི་ཐོག་མ།
༡༢ གློག་བརྙན་རྡོ་རིང་དུ་བརྐོས་པའི་བོད་བརྙན་འཁྲབ་ཁྲིད་པ་ཐོག་མ།
༡༣ ཧི་མ་ལ་ཡ་གློག་བརྙན་དང་མ་ཎི་རྡོ་འབུམ་གློག་བརྙན་སྤྱི་གཉེར་ཁང་གི་སྒོ་འབྱེད་པ།
༡༤ པདྨ་ཚེ་བརྟན་ཞིབ་འཇུག་དང་ཆེད་ཞིབ་ཀྱི་དཔྱད་གཞི་ཆེས་མང་བའི་སྡེ།
༡༥ པེ་ཅིང་གློག་བརྙན་སློབ་གླིང་གི་བསླབ་གཞིའི་སྡེ་ཚན་དུ་བཀོད་པའི་མི་བོ་ཆེ།
༡༦ ཙི་ནའི་ཡུལ་དུ་གློག་བརྙན་སློབ་གླིང་གི་སློབ་དཔོན་ཞེས་པའི་ཆོ་ལོ་བཞེས་མཁན་གྱི་ཐོག་མ།
༡༧ རྒྱལ་ཡོངས་གློག་བརྙན་དུས་སྟོན་གྱི་དཔྱད་འདེམས་ཀྲུའུ་ཞིའི་མཚན་བཟང་ཐོབ་མཁན་གྱི་ཐོག་མ།
༡༨ རྒྱལ་སྤྱིའི་ཝེ་ནཱ་སིའི་གཟེངས་རྟགས་དང་ཐའེ་ཝན་གསེར་རྟ་བཞོན་མཁན་གྱི་ཐོག་མ།
༡༩ གློག་བརྙན་འཁྲབ་གཞུང་རྩོམ་རིག་གི་གསར་རྩོམ་འབྱེད་པའི་སྣེ་འདྲེན་མཁན།
༢༠ གློག་བརྙན་ལམ་ནས་བོད་སྐད་འཛམ་གླིང་ལ་སྒྲོག་པའི་ཚབ་མཚོན་མི་སྣ།
བོད་བརྙན་གྱི་དེད་དཔོན་ཆེན་མོ་རྒན་པདྨ་ཚེ་བརྟན་སྐུ་གཤེགས་པའི་རྗེས་དྲན་མཆོད་ཡིག་གི་ཚུལ་དུ།
ཟླ་ཚང་དཔལ་མཁར་རྒྱལ།
2023ལོའི་ཟླ7པའི་ཚེས1ཉིན།
དཔྱད་མཆན་ཡོད།