དངོས་བྲིས་གློག་བརྙན«ཕ་ཡུལ་གྱི་གཏམ་རྒྱུད»

བརྙན་ཆ་ཚང་ལ་ལྟ་འདོད་ན་སྦྲེལ་ཐག་འདི་བརྒྱུད་ནས་ལྟ་ཐུབ།
  https://v.youku.com/v_show/id_XNDAyODc2ODQ2OA==.html?spm=a2h0k.11417342.soresults.dposter

  དུས་ཚོད་ནི་རྒྱུན་མི་ཆད་པར་ང་ཅག་གི་རྒྱབ་ནས་སྔུན་ལ་བཞུར་གྱིན་འདུག དེ་དང་ལོགས་སུ་ང་ཅག་གི་ཁུ་སིམ་པའི་ཕ་ཡུལ་གྱི་མཛེས་སྡུག་ཡིད་དུ་འོང་བའི་ཁ་དོག་སྣ་ལྔ་དག་ཀྱང་ཧ་ཅང་ཉམས་ཆུང་བའི་ངང་འཐོམ་སྦྲིད་ལྕི་གཡའ་བ་རེ་འཁུར་ནས་ཕྱིར་མིག་ཀློང་དུ་གཞན་ལ་ཕྱོགས་ཀྱིན་ཡོད་དོ།། དེ་ནི་དུས་ཚིགས་འདིའི་ཆེས་བར་ཐག་རིང་ཞིང་འགལ་འདུ་ཆེ་བའི་འཕྲུལ་སྒྲུང་ཞིག་རེད་ཨང་། དེ་ལྟར་ལགས་པས་གློག་བརྙན་འདིའི་ཁྲོད་ཀྱི་ཁ་སྤུ་མཐུག་ཅིང་སྐྲ་ལོ་རིང་བའི་ཤེལ་མིག་དཀར་པོ་གྱོན་པའི་དགེ་རྒན་ཁོའི་མིང་ལ་དཔལ་ལྡན་ཟེར་ཞིང་ཁོའི་དུས་ཚོད་ཡོད་ཚད་ཀྱིས་རང་གི་ཕ་ས་གྲུ་བཞིའི་སྟེང་དུ་འཁོར་སྐྱོད་བྱེད་ཀྱིན་ཡོད་པ་ཡིན། དེ་ནི་ཁོའི་ལང་ཚོའི་གོམ་སྟབས་ཀྱིས་ཚེ་མཇུག་གི་ལམ་མདོ་བར་དུ་བྲིས་པའི་སྐྱ་ཐིག་གི་འགོ་འཛིན་སའང་ཡིན་པར་ངེས།

  ལོ་ངོ་འདི་དག་རིང་ང་རང་ཧ་ཅང་ཉམས་ཆུང་བའི་ངང་ཕ་ཡུལ་གྱི་རི་ཆུ་ནགས་ཚལ་དང་ཡུལ་མི་བགྲེས་པོ་རྣམས་ཚེ་འཕོས་པའི་བཞུད་ལམ་ཁོ་ནར་ཞེ་འཁྲེངས་ཤིང་ཡིད་མནར་བའི་ངང་ཕ་ཡུལ་ནས་ལམ་ལ་ཆས་ཤིང་། ཡང་ཡུལ་ལོག་པ། ཡང་ལམ་ལ་ཆས་ཏེ་སོང་སོང་བའི་མཐའ་མཇུག་གི་འབབ་ཚིགས་དག་ནས་རྒྱང་ལྟ་བྱེད་ཐེངས་རེར། ད་ལྟའི་དུས་ཚིགས་འདི་ལ་ཕ་ཡུལ་ལ་གློ་བ་ཉེ་བའི་མི་ནི་རེ་འགའ་ཞིག་ལས་མཐོང་དུ་མི་བཏུབ་ཅིང་། དགེ་རྒན་དཔལ་ལྡན་ནི་དེའི་ཁྲོད་ཀྱི་སློབ་གྲོགས་ཆུང་ཆུང་ཚོ་དང་གྲིབ་མ་ཆུ་ཁུར་བྱེད་བཞིན་པའི་མི་ཕོ་ཞིག་ཡིན་ཙ་ན། ཁོའི་ཁ་ཆར་བུ་ཡུགས་ཁྲོད་བློས་གཏོང་དང་འབད་འབོངས་གཙང་མས་ཕ་ཡུལ་ལ་འབུལ་བཞིན་པའི་དངུལ་ཁྲག་གི་ལེགས་སྐྱེས་འདི་ཡིས་ང་རང་སེམས་འགུལ་ཐེབས་པར་གྱུར། དེ་དང་ཆབས་ཅིག་ལོ་ངོ་གསུམ་གྱི་ཡར་སྔོན་ནས་ངས་རང་གི་ཆེད་ལས་ཀྱི་སྦྱོང་བ་དང་སྦྲགས་གྲོགས་པོ་ཁོའི་ལང་ཚོའི་མཆོད་འབུལ་འདི་ལ་བཀའ་དྲིན་དང་ལེགས་སྐྱེས་མཚོན་བྱེད་དུ་ཁོའི་ལོ་ངོ་འདི་དག་གི་འཚོ་བ་དངོས་བརྗོད་བྱར་བཟུང་བའི་དངོས་བྲིས་གློག་བརྙན་འདི་ཕབ་སྐྲུན་བྱེད་པའི་འགོ་བརྩམས་པ་ཡིན་ལ། གློག་བརྙན་འདི་ཕབ་སྐྲུན་བྱེད་པའི་གོ་རིམ་ཁྲོད་དུ་གུས་པ་རང་གིས་ཀྱང་གཞི་རིམ་གྱི་ཉམས་ང་ཞིང་ཧ་ཅང་དྭངས་གཙང་གི་བརྩེ་འཛུམ་དང་དགོད་སྒྲ་སོགས་བསམ་གྱིས་མི་ཁྱབ་པའི་ལོངས་སུ་སྤྱོད་རྒྱུ་བྱུང་ལ། དེ་ནི་ང་ལ་གྲོགས་པོ་ཁོང་གི་འཚོ་བ་དང་འབྲེལ་བའི་ལེགས་སྐྱེས་གྱ་ནོམ་པ་ཞིག་གནང་བ་དེའོ།།

  _____ཞེས་ཡོན་ཏན་ནས་ཕུལ།

དཔྱད་མཆན་ཡོད།