པདྨ་ཚེ་བརྟན་གྱི་གློག་བརྙན་གསར་བ་ཡང་ཝེ་ཉི་ཟི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་འགྲོ་རན་སོང་།

གློག་བརྙན «དབུགས་ལྒང»གི་རྒྱལ་སྤྱིའི་འགྲེམ་བརྡ།

དབྱི་ཐ་ལིའི་ས་གནས་དུས་ཚོད་སྤྱི་ཟླ7པའི་ཚེས25ཉིན།ཝེ་ཉི་ཟི་གློག་བརྙན་དུས་སྟོན་སྐབས76པའི་སྟེང་འོས་འདེམ་ནང་ཚུད་པའི་མིང་ཐོ་དངོས་སུ་ཁྲོམ་བསྒྲགས་བྱས་ཟིན་ལ།བོད་སྐད་གློག་བརྙན་གྱི་སྣེ་ཁྲིད་པ་དང་མིང་དུ་གྲགས་པའི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་བརྩམས་ཆོས་གསར་བ་སྟེ«དབུགས་ལྒང»Balloonཞེས་པ་གཞུང་ཕྱོགས་ཀྱི་རྟིང་རྩོད་སྡེ་ཚན་ཆེ་གྲས་གཉིས་ལས“གནམ་སའི་འབྲེལ་མཚམས”ཞེས་པའི་སྡེ་ཚན་དུ་ཚུད།འདི་ནི་བསྟུད་མུར«ཐར་ལོ»2015ལོར་དང«ལག་དམར»2018ལོར། གཉིས་ཚུད་པའི་རྗེས་སུ་ཡང་བསྐྱར་ཝེ་ཉི་ཟི་གློག་བརྙན་དུས་སྟོན་གྱིས་གཟིགས་སྐྱོང་ཐོབ་པའི་བརྩམས་ཆོས་གསུམ་པ་རུ་བགྲང་ཆོག།

ཝེ་ཉི་ཟི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་དོན་དྲུག་པའི་མཐོང་ཚོར་གཙོ་བོའི་འགྲེམ་བརྡ།

«དབུགས་ལྒང»ཞེས་པའི་གཏམ་རྒྱུད་འདིའང་བོད་ཡུལ་ནས་བྱུང་བ་ཡིན་ལ།དེ་རུ་བརྗོད་ཡོད་པ་ནི་རྣམ་ཤེས་དང་དངོས་ཡོད་བར་གྱི་ཛ་དྲག་ཆེ་བའི་འབྲེལ་བ་ཞིག་ཡིན།མི་སྣ་གཙོ་བོ་དར་རྒྱས་ཀྱི་ཁྱིམ་མི་གང་བོར་སྤྱིར་བཏང་གི་སྦྲུམ་འགོག་སྲུང་ཤུབས་ཤིག་གི་དབང་གིས་ཅི་བྱ་གཏོལ་བྲལ་དང་གདམ་ཀ་བྱེད་དཀའ་བའི་དོན་དག་རབ་དང་རིམ་པར་འཕྲད་པས།སྤྱིར་ན་ལྷིང་འཇགས་སུ་གནས་པའི་ཁོ་ཚོའི་འཚོ་བ་རྦད་དེ་དཀྲོགས།སྐྱེ་རྒ་ན་འཆི་ནི་ཉི་ཟླ་རེས་མོས་སུ་འཁོར་བ་འདྲ་བས།དངོས་ཡོད་ཀྱིས་རྣམ་ཤེས་ལ་འགྲན་སློང་དུས།གདམ་ཀ་ཇི་ལྟར་བྱའམ།འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་གསང་རྒྱ་རགས་ཙམ་བརྟོལ་ནས་བཤད་རྒྱུར།«དབུགས་ལྒང»ཞེས་པའི་གློག་བརྙན་གྱི་སྤྱིའི་རྣམ་པའི་ཆ་ནས་ཕྱིར་དངོས་ཡོད་རིང་ལུགས་ཀྱི་སྟེང་དུ་ལོག་ཡོད་མོད།འོན་ཀྱང«ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ»དང«འཚོལ»«ཁྱི་རྒན»སོགས་ཡར་སྔོན་གྱི་བརྩམས་ཆོས་དག་དང་མི་འདྲ་བར། ཐེངས་འདིའི«དབུགས་ལྒང»ཞེས་པས་དངོས་བྲིས་ཀྱི་རྣམ་པ་འཚོལ་སྙེག་བྱེད་པའི་རྨང་གཞིའི་སྟེང་།ད་དུང་རྨི་ལམ་དང་རྟོག་བཟོའི་གྲུབ་ཆའང་མང་པོ་ཞིག་ཁ་སྣོན་བྱས་ཡོད།གུང་ཁྲང་ཏཱ་མིན་གློག་བརྙན་ལས་རིགས་ཀྱི་གསར་གཏོད་པ་དང་བཟོ་སྐྲུན་པ་ཧོང་ཞུ་ཧྥིན་གྱིས་བསམ་པར།འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན་འདིས་འཚོལ་ཞིབ་བྱ་ཡུལ་ནི་འཛམ་གླིང་རང་བཞིན་གྱིས་དོ་སྣང་བྱེད་སྲིད་པའི་བརྗོད་གཞི་ཞིག་ཡིན་ལ།མི་སེར་ཕལ་བ་མང་པོ་ཞིག་ལ་སྔ་ན་མ་མཆིས་པའི་བརྩེ་སེམས་ཐད་ཀྱི་མཉམ་འུར་ཐེངས་ཤིག་སློང་སྲིད་པ་ཡིན་ཟེར།ཐེངས་འདིར«དབུགས་ལྒང»ཕབ་སྐྲུན་ཐད་འཇོན་ཐང་ཅན་གྱི་གསར་རྩོམ་མཁན་མང་པོ་ཞིག་བསྡུ་རུབ་བྱས་ཡོད་ལ།འཁྲབ་སྟོན་པའི་ངོས་ཐད་ནས་བཤད་ན།གཙོ་འཁྲབ་པ་བསོད་ནམས་དབང་མོ་དང་སྦྱིན་པ།གཡང་ཕྱུག་མཚོ་སོགས་ཡར་སྔོན་ནས་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལ་མཉམ་འབྲེལ་གང་མང་བྱས་མྱོང་བའི་ནུས་ལྡན་གྱི་འཁྲབ་སྟོན་པ་རྒྱུས་ཡོད་དག་སྔར་བཞིན་ཟབ་ཞུགས་བྱས་ཤིང་།«ཐར་ལོ»ཞེས་པའི་གློག་བརྙན་གྱི་གཙོ་འཁྲབ་པ་ཞི་བདེ་ཉི་མས་ཀྱང་གློག་བརྙན་འདིའི་ཁྲོད་དུ་དམིགས་བསལ་གྱིས་འཁྲབ་སྟོན་བྱས་ཡོད།རྒྱབ་ཕྱོགས་ངོས་ཐད་ནས་བཤད་ན།བརྙན་ལེན་མཛུབ་སྟོན་པ་ལེའུ་སུང་ཡའེ་དང་སྒྲིག་སྦྱོར་མཛུབ་སྟོན་པ་ལོའུ་ཆིན་སུང་།ཅིན་ཏེས།སྒྲ་ལེན་མཛུབ་སྟོན་པ་ཏའོ་ཏུའུ་ཀྲི་སོགས་ལས་རིགས་ཁོངས་གཏོགས་ཀྱི་ཆེད་མཁས་མི་སྣ་དག་རང་ནུས་ཅི་ལྕོགས་སྒོས་ཟབ་ཞུགས་བྱས་ཤིང་།དེ་ལས་ཀྱང་འདས་ཟིན་པའི་དབྱི་ལང་གི་གློག་བརྙན་མཁན་པོ་ཨ་པཱ་ཟིའི་ཆེད་ཞུའི་དབྱངས་རྩོམ་མཁན་ཕཱེ་མིན་ཡཱ་ཚི་ཏཱ་ཉི་ཨན་Peyman Yazdanianལགས་ཀྱིས་གློག་བརྙན་འདི་ལ་རམ་འདེགས་རོལ་དབྱངས་སྦྱར།

«དབུགས་ལྒང»ཞེས་པའི་གློག་བརྙན་འདི་ནི་པེ་ཅིང་ཧྲིན་ཐང་དུས་རབས་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་ཟི་དང་གུང་ཁྲང་ཏཱ་མིན་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི།མཚོ་སྔོན་མ་ཎི་རྡོ་འབུམ་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི་བཅས་ཀྱིས་བསྐྲུན་ཞིང་།ཨེ་ཆི་ཡེའུ་པེ་ཅིང་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟིས་མཉམ་འབྲེལ་བཟོ་སྐྲུན་བྱས།ཧོང་ཞུ་ཧྥིན་དང་ཕིན་ཆི་ཧྭ་གཉིས་ཀྱིས་བཟོ་སྐྲུན་པའི་འགན་གཅིག་ལྕོགས་སུ་ཁུར་ཡོད་ལ།ཁྲི་ཅོས་Redianceཕྱི་གླིང་དུ་འགྲེམ་སྤེལ་བྱ་བའི་ལས་ཚབ་ཁུར་ཡོད།དེ་མིན།ཐེངས་འདིའི་བརྩམས་ཆོས་ནི་པེ་ཅིང་ཧྲིན་ཐང་དུས་རབས་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་ཟིས་རྒྱུན་མཐུད་ངང«ལག་དམར»རྗེས་སུ་ཡང་བསྐྱར་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལ་མཉམ་འབྲེལ་བྱས་པ་ཞིག་ཡིན།འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལ་ཐོག་མར་མཉམ་འབྲེལ་བྱས་པའི་གུང་ཁྲང་ཏཱ་མིན་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟིར་ཉེ་ཆར་ཡོད་ཚད་ཀྱིས་དོ་སྣང་རྒྱ་ཆེར་བྱེད་བཞིན་ཡོད་ལ།ཀུང་ཟི་ཚུགས་ནས་ལོ་ངོ་གཉིས་ཀྱི་རིང་ཕུལ་དུ་བྱུང་བའི་བརྩམས་ཆོས་མང་པོ་ཞིག་ལྟ་མཁན་དག་གི་སྤྱན་ལམ་དུ་བསྟར།བརྩམས་ཆོས་དེ་དག་གི་ཁྲོད་དུ་ད་ལོར་གྷ་ནཱ་གློག་བརྙན་དུས་སྟོན་སྟེང་གཟེངས་བསྟོད་ཆེན་པོ་ཐོབ་པའི«དཔྱིད་ཆུ་དྲོད་མོ»ཞེས་པའང་འདུ་བ་རེད།འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་ཐེངས་འདིར་གུང་ཁྲང་ཏཱ་མིན་གློག་བརྙན་ལས་རིགས་ལ་མཉམ་འབྲེལ་བྱས་པའི་ངོས་ཐད་ནས་ཚད་མཐོ་བའི་གདེང་འཇོག་བྱས།“གློག་བརྙན་ལེགས་འགྲུབ་བྱུང་བའི་ཆེད་དུ།ཡོད་ཚད་ཀྱིས་ལྷ་གཅིག་ལ་གསོ་བ་དང་ལམ་གཅིག་ལ་རྡོག་པ་བརྒྱབ།བར་མཚམས་སུ་འགལ་བ་དང་ཐེ་ཚོམ་ཅི་ཡང་མེད་ལ།མཉམ་ལས་རྣལ་མ་ཞིག་འཁྱོངས་སོང”ཟེར།ཉེ་བའི་ལོ་འདིར།འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་གློག་བརྙན་སྒྱུ་རྩལ་གྱི་ངོས་ཐད་ནས་འཚོལ་ཞིབ་དང་ཚོད་ལྟ་གང་མང་བྱས་ཤིང་།རྒྱུན་ཆད་མེད་པར་ལྟ་མཁན་དག་ལ་སྤྲོ་སྣང་གསར་བ་སྦྱིན།ཐེངས་འདིར«དབུགས་ལྒང»ཝེ་ཉི་ཟི་གློག་བརྙན་དུས་སྟོན་དུ་ཚུད་པའི་གནས་ཚུལ་བསྒྲགས་རྗེས།མིང་དུ་གྲགས་པའི་སྙོམ་ངོས་ཇུས་འགོད་པ་ཏོ་ཧྥིན་སུང་གིས་ཇུས་འགོད་བྱས་པའི་རྒྱལ་སྤྱིའི་འགྲེམ་བརྡ་ཐོག་མའང་ཞོར་དུ་ལྷིང་ལ་བུད།འགྲེམ་བརྡའི་ཁྲོད་མཐོང་ཚོར་གྱི་གྲུབ་ཆ་དང་དངོས་བྲིས་ཀྱི་ཚོར་བ་མངའ་ལ།པར་ངོས་སྤྱིའི་ཆ་ནས་ཀྱང་སྒྱུ་རྩལ་མ་དོར་བའི་ཇུས་འགོད་ཀྱི་ཚོར་བ་མཆིས་པས།ལྟ་མཁན་དག་ལ་གློག་བརྙན་སྒྱུ་རྩལ་གྱི་རྣམ་པའི་ཐད་ནས་འཆར་སྒོ་ཡངས་པོར་ཕྱེས་ཡོད།

རྒྱལ་སྤྱིའི་གློག་བརྙན་གར་སྟེགས་ལས་ཤུགས་རྐྱེན་ཟབ་མོ་ལྡན་པ་དང་།འཛམ་གླིང་གློག་བརྙན་དུས་སྟོན་ཆེན་མོ་གསུམ་གྱི་ཡ་གྱལ་དུ་གཏོགས་པའི་ཝེ་ཉི་ཟི་གློག་བརྙན་དུས་སྟོན་ནི་གློག་བརྙན་ལས་རིགས་པ་དང་རྒྱ་ཆེ་བའི་བརྙན་ཞེན་པ་དག་གི་སེམས་དབུས་སུ་ཉར་བའི་སྒྱུ་རྩལ་གྱི་གནས་མཆོག་ཅིག་ཏུ་ལྟ་བ་ཡིན།འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་བརྩམས་ཆོས་སྐབས་གསུམ་ལ་འོས་མིང་དུ་ཚུད་ཅིང་འགྲན་ཞུགས་བྱེད་ཐུབ་པ་ནི་ཁོང་གི་གསར་རྩོམ་གྱི་སྟོབས་ཤུགས་དང་བརྩམས་ཆོས་ཀྱི་ཆུ་ཚད་ལ་ཁས་ལེན་དང་གདེང་འཇོག་ཐོབ་པ་སྨོས་མེད་རེད།ད་ཐེངས་ཐེ་ན་ཆུ་བོའི་གྲོང་ཁྱེར་དུ་བཞུད་ཐེངས་གསུམ་པ་ཡིན་ཞིང་།འཁྲབ་ཁྲིད་པདྨ་ཚེ་བརྟན་གྱིས་བསྟན་དོན།གར་སྟེགས་འདི་འདྲ་ཞིག་བརྒྱུད་དེ་རང་ཉིད་ཀྱི་གློག་བརྙན་བརྩམས་ཆོས་དག་མི་མང་པོར་བལྟ་རུ་འཇུག་རྒྱུ་ནི་དོན་དག་ཧ་ཅང་བཟང་བོ་ཞིག་རེད་ཟེར།

ཐེངས་འདིའི་ཝེ་ཉི་ཟི་གློག་བརྙན་དུས་སྟོན་ནི་མི་འགྱང་པར་སྤྱི་ཟླ8པའི་ཚེས28ཉིན་ནས་སྤྱི་ཟླ9བའི་ཚེས7བར་དུ་སྤེལ་འཆར་འདུག་ལ།སྐབས་དེར«དབུགས་ལྒང»ཡང་ཆུ་བོའི་གྲོང་ཁྱེར་དུ་གྲགས་པའི་གནས་མཆོག་དེ་ནས་འཛམ་གླིང་སྟེང་ཐོག་མའི་གཟིགས་འབུལ་བྱ་རྒྱུ་ཡིན་པར་མ་ཟད།“གནམ་སའི་འབྲེལ་མཚམས”ཞེས་པའི་བྱ་དགའི་སྡེ་ཚན་གལ་ཆེན་དུའང་ཞུགས་རྒྱུ་རེད།

དཔྱད་མཆན་ཡོད།