བོད་ཀྱི་གློག་བརྙན་འཕེལ་རྒྱས་ཐད་ཀྱི་བསམ་ཚུལ་རེ་འགའ།


གླེང་གཞི།

       “མིའི་རིགས་ལ་གློག་བརྙན་གྱི་ལོ་རྒྱུས་དང་གློག་བརྙན་གྱི་ལམ་ཕྱོགས་གཏོད་ནས་ཧ་ལམ་ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་བཞུད་ལམ་ཡོད་པ་རེད། དེ་བཞིན་ང་ཚོ་བོད་ཀྱི་གློག་བརྙན་ལོ་རྒྱུས་ཀྱི་ཟུར་ཚད་ནས་བརྗོད་ནའང་། ཕལ་ཆེར་དུས་རབས་༢༠པའི་དུས་འགོ་ནས་བཟུང་། བོད་ཀྱི་དངོས་ཡོད་འཚོ་བ་སྤྱི་ཁོག་ཙམ་དང་སྤྱི་ཚོགས་ཀྱི་གནས་བབ་ཆ་ཙམ། བོད་ཀྱི་དུས་སྐབས་ཀྱི་ངོ་གདོང་ཆ་ཙམ། བོད་ཀྱི་ལོ་རྒྱུས་ཀྱི་བཤུལ་ལམ་ཆ་ཙམ་དང་སྤྱི་ཚོགས་གནས་ཚུལ་ཆ་ཙམ་མཚོན་པའི་བོད་འབྲེལ་གློག་བརྙན་ནི་ཕྱི་གླིང་དུ་བྱུང་བ་དང་རིམ་བཞིན་རྒྱལ་ནང་དུའང་བྱུང”(1)བ་སྟེ། «ཧི་མ་ལ་ཡ»དང«རྟ་རྐུན»སོགས་ཡིན་ལ། དེ་ནས་འབྲུག་ཡུལ་སོགས་རྒྱལ་ཁབ་ནས་ཀྱང«ཕོར་པ»དང«ཆང་ཧུབ་ཐེངས་གཅིག་གི་འཁྲུལ་སྣང»སོགས་བྱུང་། འོན་ཏེ་དེ་དག་ནི་བོད་དང་འབྲེལ་བའི་གློག་བརྙན་ཙམ་ལས་བོད་ཀྱི་གློག་བརྙན་ཞེས་བརྗོད་ན་མི་འགྲིག
       བོད་ཀྱི་འཁྲབ་འཁྲིད་པ་པད་མ་ཚེ་བརྟན་ལགས་ཀྱི་བོད་སྐད་གློག་བརྙན«ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ»དང«རྩ་ཐང»སོགས་བོད་རང་གི་སྐད་ནས་བོད་མིའི་ཡུལ་གོམས་གཤིས་ལུགས་དང་། བོད་མིའི་སེམས་ཁམས་དང་བལྟ་ཚུལ་སོགས་བརྗོད་པའི་རང་རྐྱ་འཕེར་བའི་གློག་བརྙན་སྐོར་ཞིག་ལ་འཛམ་གླིང་གློག་བརྙན་དུས་ཆེན་མང་པོ་ཞིག་གི་ཐོག་ལ་བྱ་དགའ་ཐོབ་ཅིང་གདེང་འཇོག་ཧ་ཅང་གི་བཟང་པོ་བྱུང་བ་རེད། དེའི་རྗེས་བོད་ཀྱི་ས་ཆ་ལ་གློག་བརྙན་དང་བརྙན་ཐུང་སྣ་ཚོགས་ཕབ་པའི་ཚ་རླབས་ཤིག་འཕྱུར་འགོ་བརྩམས་ཤིང་བོད་ཀྱི་སློབ་གྲྭ་དང་དགོན་པ། དེ་བཞིན་གྲོང་སྡེ་ཆེ་ཆུང་གང་སར་པར་ཆས་དང་བརྙན་ལེན་འཕྲུལ་འཁོར་རེ་འགའ་འཁྱེར་ནས་གློག་བརྙན་ནམ་བརྙན་ཐུང་ཅི་རིགས་ཕབ་བསྐྲུན་བྱ་བཞིན་མཆིས། འོན་ཏེ་བོད་ལ་མཚོན་ན་གློག་བརྙན་ནི་གསར་དུ་བྱུང་བའི་བྱ་དངོས་ཤིག་ཡིན་པས། གློག་བརྙན་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཞིག་ཆགས་མེད་པ་རེད། དེ་བས། གློག་བརྙན་ཟེར་དུས། དེ་ལ་གོ་བ་ལེན་སྟངས་དང་ཡང་ན་གློག་བརྙན་ཕྱོགས་ཀྱི་ལྟ་སྟངས་ཀྱང་སྣ་མང་རེད། བོད་ལ་གློག་བརྙན་མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཕེལ་རྒྱས་ཀྱི་ཕྱོགས་སུ་གོམ་ཁ་དལ་གྱིས་འཇལ་བཞིན་པའི་གནས་བབ་འདིར། བོད་ཀྱི་གློག་བརྙན་བརྒྱུད་སྒྲོག་གི་ལམ་བུའི་སྟེང་ཞུགས་ན་ངེས་པར་དུ་གདོང་གིས་བསུ་དགོས་པའི་བར་གེགས་མི་ཉུང་ཞིག་ཡོད་པས་ན་གློག་བརྙན་ལ་དགའ་བའི་མི་ཀུན་གྱིས་བོད་ཀྱི་གློག་བརྙན་འཕེལ་རྒྱས་ཀྱི་ཆེད་རང་རང་གི་བསམ་ཚུལ་བརྗོད་ཞིང་ཕན་ཚུན་བསམ་བློ་བརྗེ་རེས་བྱས་ན་ད་གཟོད་བོད་ཀྱི་གློག་བརྙན་ཉིད་སྔར་བས་གོང་དུ་འཕེལ་བར་འགྱུར་སྲིད་པས་ན་གཤམ་ནས་བོད་ཀྱི་གློག་བརྙན་འཕེལ་རྒྱས་ཐད་ཀྱི་རང་ཉིད་ཀྱི་བསམ་ཚུལ་འགའ་བརྗོད་པར་བྱའོ།།  

གཅིག བོད་གཞས་གཏོང་མཁན་དག་གློག་བརྙན་འཁྲབ་སྟོན་གྱི་ལས་སུ་ཞུགས་པ།  

       དེང་གི་ཆར་རྒྱལ་ཕྱི་རྒྱལ་ནང་ཀུན་དུ་དེ་སྔའི་གླུ་པས་གླུ་ཁོ་ན་ལེན་པ་དང་། འཁྲབ་སྟོན་པས་གར་ཁོ་ན་འཁྲབ་པའི་བསམ་བློ་དེ་ལས་བརྒལ་ཏེ་གླུ་ལེན་དང་གར་འཁྲབ་གཉིས་ཀར་བྱང་ཆུབ་པར་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཞིག་ཏུ་བརྩི་བཞིན་མཆིས། རྒྱུ་མཚན་ནི་གླུ་པ་གླུ་མ་གང་དེ་མིང་གྲགས་ལྷག་ཏུ་ཆེ་བ་ཞིག་ཡིན་ཚེ། དེས་གློག་བརྙན་འཁྲབ་སྟོན་ལ་ཞུགས་ཚེ་གླུ་པ་གླུ་མ་དེའི་མིང་གྲགས་ལ་བརྟེན་ནས་གློག་བརྙན་དེར་ཡང་དོ་ཁུར་བྱེད་མི་མང་དུ་འགྲོ་ཞིང་རིམ་གྱི་གློག་བརྙན་དེར་ལྟ་མི་གང་མང་ཞིག་འགུག་ཐུབ་པས་ཡིན།
       དེ་བཞིན་རང་རེའི་བོད་ཡུལ་ལ་བསམས་གཞིགས་རེ་བྱས་ཚེ། བོད་ནི་སྔ་མོ་ནས་གླུ་གར་གྱི་རྒྱ་མཚོ་རུ་གྲགས་པ་བཞིན་གླུ་ལེན་གར་འཁྲབ་ནི་བོད་མི་རྣམས་ཀྱི་འཚོ་བའི་ཆ་ཤས་ཤིག་ཏུ་གྲུབ་ཡོད། དེས་ན་བོད་ཡུལ་ཀུན་དུ་རང་རང་གི་ས་ན་མིང་དུ་གྲགས་པའི་གླུ་པ་གླུ་མ་ཤིན་ཏུ་མང་ལ། གླུ་པ་གླུ་མ་དེ་ཚོར་ཡང་རང་རང་ལ་དོ་ཁུར་བྱེད་མཁན་གྱི་ཁྱབ་ཁོངས་ཤིག་རིམ་གྱིས་གྲུབ་བཞིན་ཡོད། དོ་ཁུར་བྱེད་མཁན་དེ་དག་གི་རང་གི་དོ་ཁུར་བྱེད་པའི་གླུ་པ་གླུ་མ་དེ་དག་གི་ཕྱོགས་ཀུན་ནས་འཕེལ་རྒྱས་བྱུང་ནས་སྣེ་ཁ་མི་འདྲ་བའི་རིག་རྩལ་ལ་རེ་སྒུག་ལྷག་ཏུ་བྱ་བཞིན་མཆིས། དེས་ན་བོད་ཡུལ་ལ་གྲགས་པ་ཆེ་བའི་གླུ་པ་གླུ་མ་ཚོས་ཀྱང་ཚ་ཚ་འུར་འུར་གྱིས་བོད་སྐད་གློག་བརྙན་འཁྲབ་སྟོན་ལ་ཞུགས་ཚེ་གློག་བརྙན་གང་དེའི་ཁྱབ་ཚད་ཡང་གླུ་པ་གླུ་མ་ཚོའི་གླུ་དབྱངས་བཞིན་ས་ཁྱབ་རྡོ་ཁྱབ་ཞིག་ཡོང་རྒྱུར་ཕན་པ་ངེས་ཅན་ཞིག་ཡོད་སྲིད།  

གཉིས།  ཡོ་རོབ་གློག་བརྙན་ལ་དཔེ་བལྟ་བ་ལས། ཧོ་ལེ་ཝུར་བལྟ་མི་འོས།

       དེ་ཡང་ཧོ་ལེ་ཝུ་ཡིས་ཕབ་སྐྲུན་བྱས་པའི་གློག་བརྙན་ནི་ཚོང་ལས་ཀྱི་གློག་བརྙན་དག་ཡིན་ཞིང། གློག་བརྙན་དེ་དག་ནི་ཚོང་ལས་ཀྱི་ཁེ་ཕན་དམིགས་ཡུལ་གཙོ་བོར་བཟུང་ནས་ཕབ་པ་ཞིག་ཡིན་པས་ན་སྒྱུ་རྩལ་གྱི་རང་བཞིན་ཆེར་མེད། ཧོ་ལེ་ཝུ་ཡིས་ཕབ་པའི་སྒྱུ་རྩལ་གྱི་གློག་བརྙན་ཡིན་ཞེས་བརྗོད་པ་དེ་དག་ལ་ཡང་ཚོང་ལས་ཀྱི་དམིགས་ཡུལ་ཆེད་བསྒྱུར་བཟོ་མང་དག་ཅིག་བྱས་རྗེས། ད་གཟོད་ཁྲོམ་རར་སྤེལ་བ་ཞིག་ཡིན་པས་སྒྱུ་རྩལ་གྱི་རིན་ཐང་ངོ་མ་ནི་ཉམས་ཚར་བ་ཡིན། འོན་ཏེ་ཡོ་རོབ་གྱི་གློག་བརྙན་དག་ནི་དེ་དང་མི་འདྲ་སྟེ། ཡོ་རོབ་གྱི་སྒྱུ་རྩལ་གློག་བརྙན་དག་ནི་ཅི་ནས་ཀྱང་རིག་གནས་ཀྱི་རྨང་གཞི་བརྟན་པོའི་ཐོག་མིའི་བསམ་བློའི་ཉིང་བཅུད་མངོན་རྒྱུ་དེ་གཙིགས་སུ་བཟུང་ནས་ཕབ་སྐྲུན་བྱས་པ་ཞིག་ཡིན་པས་ན། ཁོ་ཚོའི་སྒྱུ་རྩལ་གློག་བརྙན་དག་ནི་རྩོམ་རིག་ཡིན་ལ་མི་ཆོས་རིག་པ་ཡིན། དེ་བས་མཚན་ཉིད་རིག་པ་ཡང་ཡིན། གློག་བརྙན་དེ་དག་གི་བསམ་པའི་སྒྱུ་རྩལ་ལྷག་ཏུ་མཐོ་བས་ན། གློག་བརྙན་བལྟས་ཚར་ན་ཡང་བལྟ་མོ་བར་ཡུན་རིང་གདང་རྒྱག་གི་བར་ཁམས་ཤིག་བཞེངས་ཡོད། རང་རེའི་བོད་ཀྱི་ཡུལ་དུ་ཧོ་ལེ་ཝུ་ལྟ་བུའི་གློག་བརྙན་ཕབ་ཐུབ་མཁན་གྱི་ལག་རྩལ་ཅན་ཧ་ཅང་གི་དཀོན་ལ། དེ་འདྲའི་གློག་བརྙན་ཕབ་བྱེད་ཀྱི་མ་དངུལ་ཡང་ཧ་ཅང་གི་དཀོན་པས་ན། ཧོ་ལེ་ཝུ་ལྟ་བུའི་གློག་བརྙན་ནི་རང་རེའི་གློག་བརྙན་ཀྱི་འཕེལ་རྒྱས་དང་མི་འཚམས། འོན་ཏེ་རང་རེ་ལ་རྒྱ་ཆེ་གཏིང་ཟབ་པའི་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ལུགས་ཡོད་ལ། ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་ཁྲོད་གོ་ལའི་རྩེ་མོར་འཚོ་ཞིང་གནས་པས་ན་དམིགས་གསལ་གྱི་ཡུལ་གོམས་གཤིས་ལུགས་ཤིག་གྲུབ་ཡོད་པས་ན། རང་རེའི་གློག་བརྙན་བཟོ་བོ་དག་གིས་ཡོ་རོབ་གྱི་སྒྱུ་རྩལ་གློག་བརྙན་ལ་དཔེ་བལྟ་རྒྱུ་གཙོ་བོར་བཟུང་ནས་གློག་བརྙན་ཕབ་སྐྲུན་བྱས་ན། ད་གཟོད་རང་རེའི་གློག་བརྙན་གྱི་མ་འོངས་ཀྱི་ལམ་བུ་སྔར་བས་ཡངས་པར་བསམ།

གསུམ།  བོད་ཀྱི་ཁྱད་ཆོས་དང་ལྡན་པའི་རོལ་དབྱངས་གསར་བཟོ།

       “གློག་བརྙན་གྱི་སྡེབ་དབྱངས་ནི་དུས་རབས་བཅུ་དགུ་པའི་སྟོད་དུ་འཛམ་གླིང་གློག་བརྙན་དབུ་བརྙེས་ནས་ལོ་ངོ་བཞི་བཅུ་ཡས་མས་སུ་གློག་བརྙན་གྱི་སྡེབ་དབྱངས་རིག་པ་བྱུང་བ་རེད། རིམ་གྱིས་དུས་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུ་ནས་བཟུང་སྒྲ་ཡོད་གློག་བརྙན་གྱི་ལོ་རྒྱུས་དངོས་སུ་བྱུང་བ་རེད། གློག་བརྙན་གྱི་སྡེབ་དབྱངས་རིམ་གྱིས་འཕེལ་འགྱུར་དང་འཐུས་ཚང་དུ་གྱུར།”(2)རྒྱབ་ལྗོངས་རོལ་དབྱངས་དང་གློག་བརྙན་བར་ན་གཏན་ཚིགས་ཀྱི་འབྲེལ་ལམ་ཞིག་གྲུབ་ཅིང་། གློག་བརྙན་ལས་མཚོན་འདོད་པའི་བསམ་བློ་མང་པོ་ཞིག་བརྙན་རིས་དང་རྒྱབ་ལྗོངས་རོལ་དབྱངས་གཉིས་སྡེབ་པ་ལས་ད་གཟོད་གསལ་བར་མཚོན་ནུས་ཏེ། “རྒྱབ་ལྗོངས་རོལ་དབྱངས་ལེགས་པོ་ཞིག་ནི་གློག་བརྙན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། བརྙན་རིས་དང་ལེགས་པར་བསྡེབས་པ་ལས་རྒྱབ་ལྗོངས་རོལ་དབྱངས་ཀྱི་འོས་ཤིང་འཚམ་པའི་ནུས་པ་འདོན་ཐུབ།”(3)དེས་ན་རྒྱབ་ལྗོངས་རོལ་དབྱངས་ཀྱི་བཀོད་སྒྲིག་ལེགས་མིན་དེ་གློག་བརྙན་གང་དེ་ལེགས་འགྲུབ་ཡོང་མིན་དང་འབྲེལ་བ་ཤིན་དུ་ཆེ་ཞིང་། ཕྱི་གླིང་ན“སྔ་མོ་ནས་ཆེད་མངགས་གློག་བརྙན་ལ་རྒྱབ་ལྗོངས་རོལ་དབྱངས་བཟོ་མཁན་གྱི་རོལ་དབྱངས་མཁས་པ་མིང་གྲགས་དང་ལྡན་པ་ཤིན་དུ་མང་།”(4) མ་འོངས་པའི་བོད་ཀྱི་གློག་བརྙན་ནི་སྔར་བས་འཐུས་ཚང་དུ་འགྲོ་ངེས་པས་ན་ངེད་ཅག་གིས་གློག་བརྙན་གྱི་རྒྱབ་ལྗོངས་རོལ་དབྱངས་དེ་ཉིད་གཙིགས་སུ་བཟུང་ནས་རོལ་མོའི་སྒྱུ་རྩལ་ཕྱོགས་ཀྱི་མཁས་པ་ཆེད་མངགས་ཏུ་བོས་ནས་གློག་བརྙན་དེའི་མཚོན་དོན་དང་མཚམ་པའི་བོད་ཀྱི་ཉམས་དང་ལྡན་པའི་གླུ་དབྱངས་གསར་རྩོམ་དང་བཀོད་སྒྲིག་བྱས་ན་ད་གཟོད་གློག་བརྙན་དེ་སྔར་བས་ཕུན་སུམ་ཚོགས་པ་དང་། སྔར་བས་ལེགས་འགྲུབ་ཆེ་བ་ཞིག་ཡོང་སྲིད་སྙམ།
___________________

མཆན།

(1) གློག་བརྙན་སྒྱུ་རྩལ་གྱི་གསང་བ། ཟླ་ཚང་དཔལ་མཁར་རྒྱལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤ356

(2) གློག་བརྙན་སྒྱུ་རྩལ་གྱི་གསང་བ། ཟླ་ཚང་དཔལ་མཁར་རྒྱལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤ407

(3)  «看电影的艺术» 北京大学出版社 266页

(4)  «认识电影» 路易斯•贾内梯著  世界图书出版社 197页


 རྩོམ་པ་པོ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་དངོས་གཞི་སློབ་མ་ཡིན།

 

དཔྱད་མཆན་ཡོད།