བོད་འབྲེལ་གློག་བརྙན་གྱིས་མི་རིགས་རིག་གནས་ལ་ཐེབས་པའི་ཤུགས་རྐྱེན་ལ་དཔྱད་པ།


  དང་པོ།  བོད་ཀྱི་རིག་གནས་དང་བོད་འབྲེལ་གློག་བརྙན་སྤྱི་ཙམ་གླེང་བ།


    ལོ་རྒྱུས་ཐོག་ཏུ་བོད་མི་རིགས་ལ་ཡང་རང་ཉིད་ཀྱི་ཐུན་མིན་རིག་གནས་དང་། སྟོབས་འབྱོར་མངའ་ཐང་ལྡན་པའི་མི་རིགས་ཆེན་པོ་ཞིག་ཡིན་པ་མ་ཟད།  བོད་བརྒྱུད་ནང་བསྟན་ཞེས་འཛམ་གླིང་ཆོས་ལུགས་ཀུན་ལས་གཞུང་ལུགས་ཆ་ཚང་ཞིང་།  འཛམ་གླིང་ཐོག་གི་སྐྱེ་བོ་ཚང་མའི་བསམ་བློ་ཀུན་སྤྱོད་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཀྱིན་ཡོད།  འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་ཞེས་ད་ལྟའི་བར་འཛམ་གླིང་ཐོག་ཆེས་རིང་ཤོས་ཀྱི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ་སོགས་མི་རིགས་རིག་གནས་རྒྱ་ཆེ་ཞིང་གཏིང་ཟབ་པ་ཡོད། “མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་ལ།  བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སོད།  རྙེད་པར་བཀའ་བའི་ལོ་རྒྱུས་ཀྱི་བེམ་པོའི་ལུས་པོ་ལ།  དུས་དང་མཐུན་པའི་སྲོག་གི་དབང་པོ་མ་ཞུགས་ན།  ཡར་རྒྱས་ཀྱི་འཕར་རྩ་ལྡིང་མི་སྲིད་ལ།  སྔོན་ཐོན་གྱི་སྙིང་ཁྲག་རྒྱུ་མི་ཐུབ་ཅིང་།  མདུན་སྐྱོད་ཀྱི་གོམ་པ་དེ་བས་ཀྱང་ངོ་།”དུས་རབས་ཉེར་གཅིག་གི་དེ་རིང་ད་དུང་སྔོན་ཐོན་གྱི་རིག་གནས་ལ་སློབ་སྦྱོང་ལག་ལེན་མ་བྱས་པར་སྲོལ་རྒྱུན་རིག་གནས་ལ་ཡར་རྒྱས་ཡོང་མི་སྲིད་ལ།  སྔོན་ཐོན་གྱི་རྗེས་སུ་སླེབས་པ་སྨྲོས་མི་དགོས་པས།  དུས་རབས་ཀྱི་འགྲོས་དང་བསྟུན་ནས།  ད་ལྟའི་སྤྱི་ཚོགས་ནང་རྒྱུགས་ཆེ་བའི་ཚན་རིག་ལག་རྩལ་དང་གློག་བརྙན་སོགས་ཀྱི་ལམ་ནས་མི་རིགས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་ཀྱི་ཡོད་ལ།  གློག་བརྙན་གྱི་ལམ་ནས་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་གློག་བརྙན་ཕབ་སྐྲུན་བྱེད་དགོས་རྒྱུ་ནི་དུས་རབས་ཀྱི་འགྲོས་དང་མཐུན་པ་ཞིག་ཡིན་པ་ཙམ་མ་ཟད།  མི་རིགས་རང་གི་རིག་གནས་དང་དཔལ་འབྱོར།  སྔོན་ཐོན་གྱི་རྗེས་སུ་སླེབས་ཐུབ་པ་བྱེད་དགོས་པ་དང་།  མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱིས་གོ་འཛོལ་མེད་པའི་ངང་བོད་མི་རིགས་ལ་རྒྱུས་ལོན་པར་བྱེད་པའི་མེ་ལོང་ལྟ་བུ་ནི་གློག་བརྙན་ཡིན།     དཔྱད་རྩོམ་འདིའི་ནང་བཤད་པའི་བོད་འབྲེལ་གློག་བརྙན་ནི་མ་དངུལ་འགྲོ་སོང་གཏོང་མཁན་དང་འཁྲབ་ཁྲིད་པ།  འཁྲབ་སྟོན་པ་ཚང་མ་བོད་རིགས་ཀྱིས་ཕབ་བསྐྲུན་བྱས་པའི་གློག་བརྙན་ཙམ་དུ་མ་ཟད།  མི་རིགས་གཞན་གང་དང་།  ཡང་ན་རྒྱལ་ཁབ་གཞན།  མི་སྒེར་སུས་ཕབ་བསྐྲུན་བྱས་ཀྱང་བོད་མི་རིགས་ཀྱི་འཚོ་བ་དང་རིག་གནས་སོགས་བརྗོད་བྱ་བྱས་པ་དང་འབྲེལ་བ་ཡོད་པའི་གློག་བརྙན་ཡོངས་ལ་གོ་དགོས།
      བོད་འབྲེལ་གློག་བརྙན་ནི་བོད་མི་རིགས་དང་རིག་གནས་ཀྱི་རྨང་གཞིའི་ཐོག་ཕབ་བསྐྲུན་བྱས་ནས་བྱུང་ཡིན་ལ།  བོད་འབྲེལ་གློག་བརྙན་གྱིས་བོད་ཀྱི་རིག་གནས་སོགས་བརྒྱུད་འཛིན་དང་དར་སྤེལ་ཡོང་བར་ཕན་ནུས་ཆེན་པོ་འདོན་དང་འདོན་བཞིན་པའི་སྒང་ཡིན་ལ།  བོད་འབྲེལ་གློག་བརྙན་གྱིས་བོད་མི་རིགས་ཀྱི་རིག་གནས་ལ་སྲུང་སྐྱོབས་དང་ཁྱབ་སྤེལ་གཏོང་བ་མ་ཟད།  བོད་འབྲེལ་གློག་བརྙན་བརྒྱུད་ནས་མི་རིགས་གཞན་པའི་རིན་ཐང་གི་ལྟ་བ་དང་།  མཛེས་དཔྱོད་ཀྱི་ལྟ་བ་སོགས་ཀྱིས་བོད་འབྲེལ་གློག་བརྙན་ལ་དཔྱད་བརྗོད་གནང་གི་ཡོད་པས།  དེ་དག་ལས་གཞན་གྱི་རིག་གནས་ལའང་སློབ་སྦྱོང་བྱེད་ཆོག་ལ།  བོད་མི་རིགས་རང་གི་རིག་གནས་རྒྱུད་འཛིན་འཕེལ་རྒྱས་སུ་འགྲོ་བའི་ཕན་ནུས་ཆེན་པོ་ལྡན། བོད་འབྲེལ་གློག་བརྙན་ནི་བོད་ཀྱི་རིག་གནས་ཀྱི་ཆ་ཤས་ཤིག་ཡིན་ལ།  མི་རིགས་རིག་གནས་རྒྱུད་འཛིན་དར་སྤེལ་གཏོང་བའི་ལག་ཆ་བཟང་པོ་ཞིག་ཆགས་ཡོད།  གློག་བརྙན་ལ་བརྟེན་ནས་མི་རིགས་ཀྱི་རིན་ཐང་གི་ལྟ་བ་དང་།  བསམ་བློའི་ཆུ་ཚད།  མཛེས་དཔྱོད་ཀྱི་ལྟ་བ།  མི་རིགས་ཀྱི་རང་གཤིས་བཅས་བོད་མི་དང་དངོས་སུ་འབྲེལ་འདྲིས་མེད་རུང་མེ་ལོང་ངོས་སུ་བལྟས་པ་བཞིན།  མི་རིགས་ལ་རྒྱུས་མངའ་ཡོད་པ་ཆགས་ཀྱི་ཡོད།

གཅིག  བོད་འབྲེལ་གློག་བརྙན་གྱི་ལོ་རྒྱུས།
     གློག་བརྙན་གྱི་ལོ་རྒྱུས་སོགས་དེ་ཙམ་རིང་པོ་མིན་ལ།  བོད་མི་རིགས་ཀྱི་འཚོ་བའི་ནང་གློག་བརྙན་བྱུང་བའི་དུས་ཚོད་ནི་ཕལ་ཆེར་ཉེ་བའི་ལོ་འགའི་ནང་གཞི་ནས་དར་ནས་བྱུང་བ་ཞིག་ཡིན།  ད་ཆ་བོད་མི་རིགས་ཀྱི་དཔལ་འབྱོར་སོགས་འཚོ་བའི་ཆུ་ཚད་ཡང་མཐོ་རུ་འགྲོ་བཞིན་པ་དང་བསྟུན་ནས།  བོད་མི་རིགས་ཀྱི་འཚོ་བའི་ནང་དུ་མེད་ཐབས་མེད་པ་ཆགས་ཡོད།  མ་ཟད།  གློག་བརྙན་གྱིས་བོད་མི་རིགས་ཀྱི་རིག་གནས་དང་བསམ་བློ་ལ་ཤུགས་རྐྱེན་ངེས་ཅན་ཐོན་བཞིན་ཡོད་པས། གློག་བརྙན་གྱིས་བོད་མིའི་འཚོ་བའི་ནང་གལ་ཆེན་གྱི་གོ་གནས་བཟུང་ཡོད།  ཡིན་ནའང་།  ད་ལྟའི་བར་མི་རིགས་དང་རྒྱལ་ཁབ་གཞན་གྱི་གློག་བརྙན་དང་བསྡུར་ན།  བོད་འབྲེལ་གློག་བརྙན་ཉུང་ལ་རྒྱལ་སྤྱིའི་ཐོག་གི་དགའ་རྟགས་ཐོབ་མཁན་ནི་དེ་བས་ཀྱང་ཉུང་།  དེའི་ཐོག་ནས།  བོད་རིགས་ཀྱི་གློག་བརྙན་རིག་གནས་སོགས་ལ་འབད་བརྩོན་བྱེད་མཁན་ཉུང་བ་མཐོང་ཐུབ་ལ།  མ་འོངས་པར་སྟོང་ཆ་དེ་སྐོང་བར་འབད་དགོས་པའི་སྐུལ་མ་ཡང་ཐོབ་ཐུབ།
     ༡༩༥༤ལོར་གཞི་ནས་བོད་འབྲེལ་གློག་བརྙན་བྱུང་ལ་ཀྲུང་གོའི་ནང་ཁུལ་དུ་གློག་བརྙན་སུམ་ཅུ་ཙམ་ལས་མེད།  ཡོད་པ་དེ་དག་ཡང་སྐབས་དེའི་ཏང་གི་མི་རིགས་སྲིད་ཇུས་སོགས་ལས་མེད། ༡༩༤༩ལོ་ནས༡༩༦༦ལོའི་རིང་བོད་འབྲེལ་གློག་བརྙན《ཞིང་བྲན》དང《གསེར་དངུལ་ཐང་》སོགས་ཁྱོན་གློག་བརྙན༨ཙམ་ཕབ་བསྐྲུན་བྱས་པ་དང་།  གྲུབ་འབྲས་ཀྱང་མི་དམན་པ་ཐོབ་པ་རེད།  དེ་ནས༡༩༦༦ནས༡༩༧༤བར་གློག་བརྙན་ཕབ་སྐྲུན་བྱེད་རྒྱུ་མ་བྱུང་ལ། དུས་རབས་གོང་གི་ལོ་རབས༩༠པའི་ནང་བོད་འབྲེལ་གློག་བརྙན《རྟ་རྐུན》ཞེས་པ་དང《སྲོང་བཙན་སྒམ་པོ》  《ལུང་གཞུང་དམར་པོ》《ཁོང་ཧྥང་ཟིན》བཅས་གློག་བརྙན་ཉི་ཤུ་ལྷག་ཕབ་བསྐྲུན་བྱས་ཡོད། དེའི་རྗེས་བོད་ལྗོངས་བཅིངས་གྲོལ་བཏང་རྗེས་བོད་ཀྱི་ཆབ་སྲིད་དང་།  དཔལ་འབྱོར།  རིག་གནས།  སྤྱི་ཚོགས་འབྲེལ་བ་བཅས་འགྱུར་ལྡོག་བྱུང་ཞིང་།  གློག་བརྙན《ཕོ་བྲང་པོ་ཏ་ལ》དང《ཇ་རྟའི་གནའ་ལམ—བདེ་ལྷ་མོ》《བོད་ཀྱི་ཞིང་བྲན་གཏམ་རྒྱུད》སོགས་དངོས་བཤུས་གློག་བརྙན་བྱུང་།
     དུས་རབས་ཉེར་གཅིག་ནང་གློག་བརྙན་གྱི་རྦ་རླབས་འཕྱུར་བ་དང་བོད་འབྲེལ་གློག་བརྙན་ཡང་མང་པོ་ཞིག་བྱུང་བཞིན་ཡོད།  དཔེར་ན《ཡེ་ཤེས་སྒྲོལ་མ》དང《ཨ་ཆེན་གངས་རྒྱུད》  《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》  《བདེ་ལྷ་མོ》  《ཧི་མ་ལ་ཡའི་རྒྱལ་སྲས》《གངས་ལྷ་མེ་ཏོག》སོགས་བོད་འབྲེལ་གློག་བརྙན་བྱུང་ཡོད་ལ།  ཕྱི་རྒྱལ་ནས་བོད་འབྲེལ་གློག་བརྙན་མི་ཉུང་བ་ཞིག་ཕབ་བསྐྲུན་བྱས་ཡོད།  ཆེས་སྔ་ཤོས་ཀྱི《ཤི་གསོན》ལྟ་བུ་དང་།《སེམས་ཀྱི་ཉི་ཟླ—རྨེག་མེད་དུ་གྱུར་བའི་གནམ་སའི་འབྲེལ་མཚམས》《ཧི་མ་ལ་ཡའི་གདོན་འདྲེ》 《ཧི་མ་ལ་ཡ》 《ཕོར་བ》 《ཧི་མ་ལ་ཡའི་གདོང་འབག》སོགས་བོད་འབྲེལ་གློག་བརྙན་བྱུང་ཡོད། འདས་ཟིན་པའི་དུས་ཚོད་ནང་བོད་འབྲེལ་གློག་བརྙན་ཐད་འབད་པ་ཆེན་པོ་བྱས་ཡོད་པ་མཐོང་ཐུབ་ལ།  གློག་བརྙན་དེ་དག་གིས་བོད་མི་རིགས་ཀྱི་རང་གཤིས་དང་ལོ་ རྒྱུས་རིག་གནས།  འཚོ་བའི་ཁོར་ཡུག་སོགས་འཛམ་གླིང་ཐོག་གི་ལྟད་མོའི་མིག་ལམ་དུ་ཕུལ་ཡོད།  དེང་དུས་བོད་ཀྱི་གློག་བརྙན་ཐོག་མ་ཡང་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གྱི་གློག་བརྙན《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ཞེས་པ་དེ་ཡིན་པ་དང་།  གློག་བརྙན་དེ་འཛམ་གླིང་གློག་བརྙན་གྱི་གྲས་སུ་ཚུད་ཡོད་ལ།  བོད་ཀྱི་གློག་བརྙན་གྱི་ལོ་རྒྱུས་དང་བརྙན་ཐུང་གི་དུས་སྐབས་ཀྱང་ངང་གིས་སྒོ་འབྱེད་བྱུང་བར་བཤད།

གཉིས།  བོད་འབྲེལ་བརྙན་ཐུང་།
   ད་ཆ་བོད་རིགས་ཀྱི་གློག་བརྙན་ལ་མཐོང་ཆེན་དང་།  གློག་བརྙན་གྱི་རིན་ཐང་ངོ་ཤེས་ནས་མི་མང་པོ་ཞིག་གློག་བརྙན་གཞུང་ལུགས་ལ་ཞིབ་འཇུག་དང་ལག་རྩལ་སློབ་སྦྱོང་བྱས་ནས།  བོད་ཀྱི་གློག་བརྙན་ཆེད་གཉེར་བའི་དཔུང་སྡེའང་རིམ་གྱིས་ཆགས་མུས་སུ་ཡོད།  ཡིན་ཡང་ཆ་རྐྱེན་སོགས་ཀྱི་རྐྱེན་པས་བོད་ཁུལ་དུ་གློག་བརྙན་ཀྱི་གཞུང་ལུགས་སོགས་ལ་སློབ་སྦྱོང་བྱེད་སའི་སློབ་གྲྭ་མེད།  ཡིན་ནའང“བོད་ཀྱི་བརྙན་ཐུང་གི་ལོ་རྒྱུས་ཀྱང་འདས་པའི་སྤྱི་ལོ༢༠༠༤——༢༠༡༣བར་དུ་ཐོལ་གྱིས་འཕེལ་ཞིང་རིམ་གྱིས་ཁྱབ་བརྡལ་དུ་གྱུར།  དེ་ནི་དུས་རབས་ལ་འཚམ་པའི་བརྙན་ཐོག་བསམ་བློའི་རླབས་རྒྱུན་གསར་བ་ཤིག་ཡིན་དགོས་པ་ངེས་དོན་དུ་རྟོགས་མོད།”  ཅེས་ཉེ་བའི་དུས་ཚོད་ནང་བོད་འབྲེལ་བརྙན་ཐུང་བྱུང་བ་དེའི་ཐོག་ནས་བོད་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་འགྲོ་བཞིན་པ་མཐོང་ཐུབ་ལ།  གློག་བརྙན་གྱི་རིན་ཐང་ཡང་ཤེས་རྟོགས་བྱུང་བཞིན་ཡོད།  གློག་བརྙན་ཡང་བརྙན་ཐུང་ནས་རིམ་བཞིན་འཕེལ་རྒྱས་བྱུང་བ་ཞིག་ཡིན་ལ།  བརྙན་ཐུང་ནས་གློག་བརྙན་གྲུབ་པ་ཡིན།  བོད་དུ་ལོ་འདི་དག་ནང་བརྙན་ཐུང་མང་པོ་བྱུང་བཞིན་པའི་དུས་ཚོད་ཡིན་ལ།  བརྙན་ཐུང་མང་ཉུང་ལས་གློག་བརྙན་ཕྱོགས་ལ་འབད་བརྩོན་བྱེད་མཁན་ཅི་ཙམ་ཡོད་པ་ཤེས་ཐུབ་ལ།  མ་འོངས་པར་གློག་བརྙན་མང་ཉུང་ཇི་ཙམ་ཡོང་ཐུབ་མིན་ཡང་མཐོང་ཐུབ། བོད་འབྲེལ་གློག་བརྙན་ཡང་རྒྱལ་ཁབ་དང་མི་རིགས་གཞན་དང་འདྲ་བར།  ཁ་སང་དེ་རིང་བོད་འབྲེལ་གྱི་གློག་བརྙན་ཡང་གང་མང་ཞིག་ལྟད་མོ་བའི་སྤྱན་ལམ་དུ་བྱུང་དང་འབྱུང་བཞིན་པའི་སྒང་ཡིན་པས་ད་ལྟ་བོད་འབྲེལ་གློག་བརྙན་འཕེལ་རྒྱས་འགྲོ་བཞིན་པའི་དུས་ཤིག་ཡིན།
   
      གཉིས་པ། 《ཨ་ཆེན་གངས་རྒྱབ》དང《རྟ་རྐུན》ལས་མི་རིགས་རིག་གནས་ལ་ཐེབས་པའི་ཤུགས་རྐྱེན། 

     གློག་བརྙན་ནི་སྤྱི་ཚོགས་འཕོ་འགྱུར་ལ་བལྟ་བའི་མེ་ལོང་དང་གཉིས་སུ་མ་མཆིས་ལ།  དེས་མི་རིགས་དེའི་རིག་གནས་ཀྱི་རྒྱབ་ལྗོང་དང་བསམ་པའི་འཁྱེར་སོ། མཛེས་དཔྱོད་ཀྱི་ལྟ་བ་སོགས་མཐོང་ཐུབ།  《ཨ་ཆེན་གངས་རྒྱབ》དང《རྟ་རྐུན》རྩོམ་ཆོས་གཉིས་ལ་ལྟ་སྟངས་མི་འདྲ་བ་དང་རྩོད་པ་གང་མང་བྱུང་ཡོད་རུང་།  གློག་བརྙན《ཨ་ཆེན་གངས་རྒྱུད》དང《རྟ་རྐུན》ལྟ་བུའི་གློག་བརྙན་དེ་དག་གིས་བོད་འབྲེལ་གློག་བརྙན་འཕེལ་རྒྱས་འགྲོ་བར་བྱས་རྗེས་མི་དམན་པ་བཞག་ཡོད། བོད་མི་རིགས་ཀྱི་བསམ་པའི་འཁྱེར་སོ་དང་མཛེས་དཔྱོད་ཀྱི་ལྟ་བ་མི་འདྲ་བའི་ཐོག་ནས།  བོད་མི་རིགས་ཀྱི་འཚོ་བ་རོལ་སྟངས་དང་།  མི་རིགས་ཀྱི་གོམས་སྲོལ།  རིན་ཐང་གི་ལྟ་བ།  དམངས་ཁྲོད་ཀྱི་དར་སྲོལ་སོགས་བོད་མིའི་བསམ་བློའི་འཇིག་རྟེན་གྱིས་ཕྱིས་སུ་བྱུང་བའི་བོད་འབྲེལ་གློག་བརྙན་དག་གི་མིག་དཔེ་བལྟ་ས་ཞིག་བྱུང་ཡོད།
གཅིག  《ཨ་ཆེན་གངས་རྒྱབ》དང་བོད་ཀྱི་རིག་གནས།

      རྒྱའི་འཁྲབ་ཁྲིད་པ་ལུའུ་ཁྲོན་གི《ཨ་ཆེན་གངས་རྒྱབ》ཞེས་པའི་གློག་བརྙན་དེའི་ནང་། ཨ་ཆེན་གངས་རྒྱུད་དུ་ཡོད་པའི་རི་དྭགས་གཙོད་དང་ཁོར་ཡུག་སོགས་རྔོན་རྐུན་དང་འཐབ་ནས་དཔའ་ངར་མི་ཞུམ་པར་སྲུང་སྐྱོང་བྱེད་པ་མཚོན་པའི་གློག་བརྙན་ཞིག་ཡིན། དེ་ལས་བོད་མི་རིགས་འཚོ་གནས་བྱེད་སའི་ཁོར་ཡུག་དང་།  རི་དྭགས་ཡིན་ཡང་ཚེ་སྲོག་ལ་གཅེས་འཛིན་བྱེད་བཞིན་པ་དང་།  མི་ཚོར་རང་བྱུང་ཁོར་ཡུག་དང་རི་དྭགས་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་ལ།  གལ་སྲིད་རི་དྭགས་སོགས་རྔོན་མཁན་བྱུང་ན་རང་ཉིད་ཀྱི་ཚེ་སྲོག་དོར་དགོས་བྱུང་ཡང་། མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་ཚུལ་མཚོན་འདུག་ལ།  བོད་མི་རིགས་ཀྱི་ཚེ་སྲོག་ལ་བྱམས་དང་བརྩེ་བ་ཆེན་པོས་སྐྱོང་གི་ཡོད་པ་ཤེས་ཐུབ།
      《ཨ་ཆེན་གངས་རྒྱབ》ཞེས་པའི་གློག་བརྙན་དེའི་ནང་དུ་ཤ་ཚ་སྙིང་རྗེ་མེད་པའི་རྔོན་རྐུན་དེ་དག་དང་།  ཡ་ང་སྙིང་རྗེ་མེད་ལ་མཛེས་སྡུག་ལྡན་པའི་ཁོར་ཡུག་དེའི་ནང་གི་མི་ཚོས་ཁོར་ཡུག་ཅི་ཙམ་དཀའ་ཚེགས་ཆེ་རུང་དེར་འཚོ་ཐུབ་པའི་ཡིད་ཆེས་རྙེད་པ་བྱེད་ཀྱི་ཡོད་པའི་སྐྱོ་གར་གློག་བརྙན་དེའི་ཐོག་ནས།  བོད་མི་རིགས་ཀྱི་གཞུང་དྲང་སྙིང་རྗེ་ལྡན་པའི་གཤིས་ཀ་དང་། དཀའ་ངལ་དང་མི་ངན་ལ་མགོ་མི་སྒུར་བའི་རང་གཤིས་ཡང་ཤུགས་ཀྱིས་མཐོང་ཐུབ།  མི་ཙམ་དུ་མ་ཟད་འགྲོ་བ་ཡོངས་ཀྱི་ཚེ་སྲོག་འདྲ་མཉམ་ཡིན་པའི་འདུ་ཤེས་འཛིན་གྱི་ཡོད་ལ།  ཁོང་ཚོར་དཀའ་ཚེགས་ཆེ་བའི་ཁོར་ཡུག་ནང་དུ་ཡང་ཚེ་སྲོག་ལ་ཐུག་ཀྱང་རི་དྭགས་ལ་སྲུང་སྐྱོང་བྱེད་བསམ་བཟང་དེའི་ཤུགས་ལས་བོད་མི་རིགས་ཀྱི་ཐུན་མིན་གྱི་ཆོས་ལུགས་རིག་གནས་སོགས་ཀྱང་མཐོང་ཐུབ།

གཉིས།  《རྟ་རྐུན》དང་བོད་ཀྱི་རིག་གནས།

      རྒྱའི་འཁྲབ་ཁྲིད་པ་ཐེན་ཀྲོང་ཀྲོང་གི《རྟ་རྐུན》ཞེས་པའི་གློག་བརྙན་དེར་སྟོན་སྐུ་བཤམས་པ་དང་།  བྱ་གཏོར།  གླུད་གཏོང་བ་སོགས་ཆོས་ལུགས་རིག་གནས་གྱི་ལམ་ནས་ཆོས་ལུགས་ཀྱིས་བོད་མིའི་སེམས་ལ་ཤུགས་རྐྱེན་དང་། བོད་མི་རིགས་ཀྱི་འཚོ་བའི་རིག་གནས་སོགས་རྒྱབ་ལྗོངས་མཚོན་པའི་གློག་བརྙན་ཞིག་ཡིན། གློག་བརྙན་ནང་གླེང་མོལ་བྱེད་པའི་པར་མིག་ཉུང་ལ་དེས་ནང་ཆོས་ལ་དད་པ་ཤིན་ཏུ་ཆེ་རུང་ཆོས་དང་འགལ་བ།  གཞན་གྱི་རྒྱུ་ནོར་འཕྲོག་ནས་དགོན་པར་འབུལ་ཏེ་ཚུལ་ཆོས་དང་མི་མཐུན་པ་ཡང་བྱུང་འདུག  གློག་བརྙན་དང་ནོར་བུའི་འཚོ་བའི་ཆེད་དང་ཆོས་གཉིས་ཀྱི་འགལ་ཟླ་ཆེན་པོ་བྱུང་གི་ཡོད་པ་མཚོན་འདུག གློག་བརྙན་དེར༡༩༢༠ཡར་མར་བོད་འབྲོག་པའི་འཚོ་བ་མཚོན་པ་ཞིག་ཡིན་ལ། སྐབས་དེ་དུས་ནོར་བུ་ལྟ་བུའི་མི་ཚོ་འཚོ་བའི་ཆེད་དུ་རྐུ་ཇག་དང་ཚོགས་པ་ལ་བརྟེན་ནས་འཚོ་དགོས་ཀྱི་ཡོད་ལ།  སྨན་པ་ཞེས་པའི་མིང་ཙམ་ཡང་མེད་ལ་བྱ་བ་ཚང་མ་ལྷ་འདྲེ་དང་འབྲེལ་བ་ཡོད་པའི་འདུ་ཤེས་གཏིང་ཟབ་ཡོད་པས།  བྱ་བ་གང་དང་འཕྲད་རུང་། དགོན་པ་དང་ཡུལ་ལྷ་གཞི་བདག་ལ་རེ་བ་བཅོལ་གྱི་ཡོད།   གློག་བརྙན་ནང་གི་ནོར་བུ་རྟ་རྐུན་བྱེད་ནས་འཚོ་དགོས་རུང་།  ཆོས་ལ་དད་པ་ཆེ་ཞིང་གང་བྱུང་དུ་མི་གསད་པ་སོགས་མི་བྱེད་ལ་བསམ་པ་བཟང་བའི་གཤིས་ཀ་མཐོང་གི་འདུག གློག་བརྙན་དེ་ཡང་ཀྲུང་གོའི་ཆོས་ལུགས་མཚོན་པའི་གློག་བརྙན་དང་པོ་དེ་ཡིན་པར་གྲགས་ལ། དེའི་ནང་བོད་མི་རིགས་ཀྱི་ཆོས་ལུགས་སོགས་ཐུན་མོང་མ་ཡིན་པའི་དུས་ཆེན་དང་ལྟ་བ་མང་པོ་ཞིག་ཤུགས་ཀྱིས་རྟོགས་ཐུབ།
 

གསུམ་པ།  བོད་འབྲེལ་གློག་བརྙན་གྱི་ད་ལྟའི་གནས་བབས་ལས་མ་འོངས་འཕེལ་ཕྱོགས། 

   ད་ལྟའི་དུས་འདིར་མིའི་རིགས་ཀྱི་རིག་གནས་དང་སྤྱི་ཚོགས་སོགས་གང་ཅིའི་ཐད་ཉིན་རེ་ལས་མ་བསྡད་པར་ཆུ་མོའི་རྒྱུན་བཞིན་འཕོ་འགྱུར་འགྲོ་བཞིན་མཆིས་ལ།  བོད་མི་རིགས་ཀྱི་སྤྱི་ཚོགས་འཚོ་བ་དང་ཚན་རིག་ལག་རྩལ།  རིག་གནས་བཅས་དུས་རབས་དང་འཛམ་གླིང་སྤྱི་འགྲོས་དང་འཕོ་འགྱུར་བྱུང་བ་དང་བསྟུན་དགོས་པ་གལ་ཆེ་བ་སྨོས་མ་དགོས། གློག་བརྙན་ཀྱིས་དུས་རྒྱུན་མིའི་རིགས་ཀྱི་འཚོ་བའི་ནང་དུ་མིའི་བསམ་བློ་ཐད་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད་ལ།  གློག་བརྙན་གྱིས་སྐབས་དེའི་ཆབ་སྲིད་ཁྱབ་བསྒྲགས་དང་།  དཔལ་འབྱོར་ཆུ་ཚད་མཐོ་རུ་གཏོང་བ་སོགས་རིག་གནས་དང་མིའི་རིན་ཐང་གི་ལྟ་བ་ཁྱབ་སྤེལ་གཏོང་བ་ཕན་ནུས་ཆེ་ཆེར་ལྡན་ཡོད།
གཅིག  བོད་འབྲེལ་གློག་བརྙན་གྱི་ཁོར་ཡུག
     བོད་མི་རིགས་ལའང་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འཚོ་བ་རོལ་སྟངས་དང་།  ཐུན་མོང་གི་བསམ་བློ་ཀུན་སྤྱོད།  རིན་ཐང་གི་ལྟ་བ་སོགས་ཡོད།  འོན་ཀྱང་།  དུས་ཀྱི་འགྱུར་བ་སོགས་ཀྱིས་སྔོན་མ་བཞིན་སྲོལ་བཟང་མང་པོ་ཞིག་མི་མཐོང་བར་འགྱུར་བཞིན་ཡོད་ལ།  བོད་འབྲེལ་གློག་བརྙན་ལ་དགའ་པོ་བྱེད་མཁན་དེ་ཙམ་མང་པོ་ཞིག་མེད་ལ།  བོད་མི་རིགས་རང་ཉིད་ཙམ་མ་གཏོགས་པའི་གཞན་མི་རིགས་ཀྱིས་དེར་དགའ་པོ་དེ་ཙམ་མི་བྱེད་པའི་སྣང་ཚུལ་ཞིག་འདུག་ལ།  དེའི་རྐྱེན་པས་བོད་འབྲེལ་གློག་བརྙན་གྱི་ཁྲོམ་རྭའང་ཤིན་ཏུ་ཆུང་།  གལ་སྲིད་སྔོན་ཐོན་གྱི་གློག་བརྙན་གྲས་སུ་སླེབས་མ་ཐུབ་ན་མ་འོངས་ཀྱི་ཁྲོམ་རྭའང་འཕེལ་རྒྱས་འགྲོ་དཀའ་བས།  བོད་འབྲེལ་གློག་བརྙན་འཕེལ་རྒྱས་འགྲོ་བའི་དཀའ་ཚེགས་ཆེན་པོ་ཞིག་ཡིན་ལ།  མུ་མཐུད་གློག་བརྙན་ཕབ་སྐྲུན་བྱེད་ཐུབ་ མིན་ལ་རག་ལས་ཡོད།  བོད་སྐད་ཐོག་ནས་ཕབ་བསྐྲུན་བྱས་པའི་གློག་བརྙན་གྱི་འགྲོ་སོང་ཡང་ཚུར་ལོན་གྱིན་མེད། དེ་ལྟར་ཡོང་བའི་རྒྱུ་མཚན་གཅིག་ནི་བོད་ཁུལ་དུ་དཔལ་འབྱོར་འཕེལ་རྒྱས་ཕྱིན་མེད་པ་དང་།  ཡུལ་སྐད་མི་འདྲ་བས་གློག་བརྙན་མང་པོ་ནང་གི་ནང་དོན་གོ་བ་ལེན་མི་ཐུབ་པ།  བོད་མི་རིགས་མང་ཤོས་ནི་འབྲོག་པ་ཡིན་པ་དང་། ཆ་རྐྱེན་ཞན་པས་གློག་བརྙན་ཐོག་རྒྱབ་སྐྱོར་ཆེན་པོ་གནང་ཐུབ་ཀྱི་མེད།  བོད་དུ་གཅིག་ནས་གློག་བརྙན་དར་བའི་དུས་ཚོད་རིང་པོ་སོང་མེད་པ་དང་།  གཉིས་ནས་བོད་མིས་གློག་བརྙན་གྱི་གལ་ཆེའི་རིན་ཐང་ད་བར་དུ་མ་མཐོང་བས།  གློག་བརྙན་གྱི་རིག་གཞུང་ཞིབ་འཇུག་དང་ལག་རྩལ་ཐད་ལ་སློབ་སྦྱོང་བྱེད་མཁན་ཉུང་ལ།  བོད་རང་ས་ནས་གློག་བརྙན་  ཕྱོགས་སློབ་སྦྱོང་པའི་གོ་སྐབས་ཤིན་ཏུ་དཀོན་པས་ལོས་ཡིན།

གཉིས།  མི་འདང་བར་སློབ་སྦྱོང་བྱེད་དགོས་པའི་ཕྱོགས།

    འཛམ་གླིང་གློག་བརྙན་ཐོག་མར་དར་ནས་དུས་ཡུན་རིང་པོ་དེ་ཙམ་མེད་རུང་།  ད་ལྟའི་ཆར་འཛམ་གླིང་ཡུལ་གྲུ་གང་སར་ཚན་རིག་བརྙན་ཆས་དང་བརྙན་གཟུགས་སྒྲིག་ཆས་སོགས་ཆ་རྐྱེན་གང་ལེགས་དང་སྟབས་གང་བདེ་རུ་འགྲོ་དང་འགྲོ་བཞིན་མཆིས།  མ་ཟད།   བརྙན་འཕྲིན་དར་བ་ནས་གློག་བརྙན་ཀྱིས་ནི་ཀུན་གྱི་འཚོ་བའི་ནང་མེད་ཐབས་མེད་པར་གྱུར་བཞིན་ཡོད།  ཡིན་ནའང་རྒྱལ་ཁབ་གཞན་དང་མི་རིགས་གཞན་དང་བསྡུར་ན་བོད་འབྲེལ་གློག་བརྙན་ཤིན་ཏུ་ཉུང་ལ་ཀུན་གྱི་འགྲོས་དང་བསྟུན་མ་ཐུབ་པར་ལུས་ཡོད།  བོད་འབྲེལ་གློག་བརྙན་མང་ཤོས་ཤིག་ནི《གུ་གེའི་གནའ་ཤུལ》ལྟ་བུ་སོགས་བོད་ཀྱི་ནང་ཆོས་དང་ལོ་རྒྱུས་སོགས་ཀྱི་དངོས་བཤུས་གློག་བརྙན་ཡིན།  གློག་བརྙན་ཕབ་བསྐྲུན་བྱེད་པར་ལྟད་མོ་བ་དགའ་པོ་ཡོང་བ་དང་།  ཚོང་ལས་ཐད་ཡོང་འབབ་ཡོང་རྒྱུར་ཤིན་ཏུ་གལ་ཆེ།
    མི་མང་པོ་ཞིག་གིས་བོད་མི་རིགས་དང་རིག་གནས།  ཆོས་ལུགས།  ལུགས་སྲོལ་སོགས་བོད་འབྲེལ་གློག་བརྙན་ལས་རྒྱུན་ལོན་བྱེད་དགོས་ཀྱི་ཡོད།  འོན་ཀྱང་། བོད་འབྲེལ་གློག་བརྙན་མང་པོ་ཞིག་ནི་ཕྱི་རྒྱལ་གྱི་མི་དང་བོད་རིགས་མ་ཡིན་པའི་མི་རིགས་གཞན་རྒྱུས་མངའ་ཆེན་པོ་མེད་མཁན་གྱིས་ཕབ་བསྐྲུན་བྱེད་ཀྱི་ཡོད་པས།  གནད་དོན་གང་མང་ཞིག་བོད་ཀྱི་རིན་ཐང་གི་ལྟ་བ་དང་བསམ་བློ།  འཚོ་བ།  སྤྱི་ཚོགས་སོགས་དོན་དངོས་དང་མི་མཐུན་པ་མང་པོ་འབྱུང་གི་ཡོད་པས།  བོད་ལ་རྒྱུས་མངའ་མེད་པའི་ལྟད་མོ་བའི་མིག་ལམ་དུ་བོད་མི་རིགས་ཞེས་པ་དེ།  དོན་དངོས་ཇི་བཞིན་མིན་པའི་མ་ཡིན་པར་སྒྲོ་སྐུར་གྱིས་ཁེངས་ལ། རང་སྣང་གང་ཤར་གྱིས་གསར་བཞེངས་བྱས་པའི་བོད་མི་རིགས་དང་དེའི་རིག་གནས་སོགས་མེད་པ་ཡོད་སྣང་དང་།  ཡོད་པ་མེད་སྣང་ཤར་བ་བྱས་ནས་གོ་བར་ལོག་པར་ལེན་གྱི་ཡོད།
    གློག་བརྙན་ཡང་རིག་གནས་ཤིག་ཡིན་པ་ངོས་འཛིན་བྱེད་མ་ཐུབ་པའི་གནད་དོན་ཞིག་ཀྱང་ལོས་ཡིན། བོད་མི་རང་གིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་ཧ་ཅང་ཉུང་ལ།ཀྲུང་གོའི་གློག་བརྙན་གྱི་ལོ་བརྒྱའི་ལོ་རྒྱུས་ནང་བོད་རིགས་འཁྲབ་ཁྲིད་པ་དང་པོ་དེ་པད་མ་ཚེ་བརྟན་ཡིན།  གློག་བརྙན་ཕྱོགས་འབད་པ་བྱེད་དགོས་པའི་སྐུལ་མ་ཡང་ཐོབ་ཐུབ་ཀྱི་ཡོད་པ་མ་ཟད།  གཞན་གྱི་རྗེས་ལ་སླེབས་དགོས་ན་ད་དུང་ལམ་ཐག་མི་ཐུང་བ་ཞིག་ཡོད།
   གློག་བརྙན་ནི་རྒྱལ་ཁབ་དང་མི་རིགས་དེའི་རིག་གནས་མཚོན་ལ།  དེའི་ནང་ནས་མི་རིགས་ཀྱི་བསམ་བློའི་འདུ་ཤེས་ཡང་མཚོན་ཐུབ་ཀྱི་ཡོད།  གློག་བརྙན་ཀྱིས་ཕན་ནུས་ཆེན་པོ་འབྱུང་ལ།  མི་རིགས་ཀྱི་ལ་རྒྱ་དང་འགན་འཁྲི། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་།  མི་རིགས་ཀྱི་ལོ་རྒྱུས་ཡང་ཤེས་ཐུབ།  འོན་ཀྱང་ད་ལྟའི་བོད་མི་རིགས་ལ་གློག་བརྙན་ཐད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་ཤིན་ཏུ་ཉུང་ཞིང་། གློག་བརྙན་ཕབ་བསྐྲུན་བྱེད་པ་འགའ་ཡང་གང་ཅིའི་ཐད་བྱང་ཚད་དམའ་བའི་གནས་བབ་ཡིན་པས།  གློག་བརྙན་ཡང་རིག་གནས་ཤིག་ཡིན་པའི་འདུ་ཤེས་ཡོད་པའི་ཐོག་ནས།  མི་རིགས་ཀྱི་གློག་བརྙན་ཐད་ཤུགས་རྒྱག་དགོས་ལ།  སྤྱིར་རིག་གནས་ཡོད་ཚད་མིའི་རིགས་ཚང་མས་ཡར་རྒྱས་གོང་འཕེལ་འགྲོ་བ་བྱེད་རྒྱུའི་འོས་འགན་ཡོད་ལ།  སྒོས་སུ་མི་རིགས་ཀྱི་རིག་གནས་དང་དཔལ་འབྱོར་སོགས་ཡར་རྒྱས་གོང་འཕེལ་འགྲོ་བར་འབད་དགོས།

_____________________

དཔྱད་གཞི་ཡིག་ཆ།
༡、《浅析藏族电影的审美特性》以《静静的嘛呢石》为例 作者:王红
༢、༼ གློག་བརྙན་སྒྱུ་རྩལ་གྱི་གསང་བ ༽  ཟླ་ཚང་དཔལ་མཁར་རྒྱལ་གྱིས་བརྩམས།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
༣、《蒙古族题材电影的蒙族文化传播研究》论文作者:王倩
དཔྱད་གཞིའི་གློག་བརྙན།
༡、《ལས་འབྲེལ》འཁྲབ་ཁྲིད་པ། ཚུལ་ཁྲིམས་བཟང་པོ།
༢、《རྟ་རྐུན》རྒྱའི་འཁྲབ་ཁྲིད་པ་ཐེན་ཀྲོང་ཀྲོང་།
༣、《ལུང་གཞུང་དམར་པོ》རྒྱའི་འཁྲབ་ཁྲིད་པ་ཧྥིན་ཞའོ་ནི།
༤、《ཨ་ཆེན་གངས་རྒྱུད》རྒྱའི་འཁྲབ་ཁྲིད་པ་ལུའུ་ཁྲོན།


 རྩོམ་པ་པོ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་དངོས་གཞི་སློབ་མ་ཡིན།

དཔྱད་མཆན་ཡོད།