«ཁྲག་དང་བྱེ་མ»ཞེས་པའི་གློག་བརྙན་ལ་བལྟས་པ།----སེང་རྡོར།

       སི་པ་ཏ་ཁི(Spartacus//斯巴达克斯)འི་འོས་ལངས་ཆེན་མོ་ནི་གནའ་བོའི་རོ་མ་པའི་མུན་ནག་དང་ཁ་ཆར་མཚོན་པའི་ལོ་རྒྱུས་ཀྱི་ཤོག་ལྷེ་ཞིག་ཡིན་ཅིང་། མིའི་རིགས་ཀྱི་རོ་མ་པའི་སྐད་སྒྲ་དང་གད་རྒྱངས་མཚོན་པའི་དཔའ་བོའི་རྟགས་ཐམ་ཁེ་རུ་མ་ཞིག་ཀྱང་རེད་སྙམ།

       གང་དེ་མཚོན་པའི་དུས་རབས་འདིའི་སྟོང་ལོ་བཅུ་པར་བསྐྲུན་པའི༼ ཁྲག་དང་བྱེ་མ ༽(血与沙)ཞེས་པའི་གློག་བརྙན་འདིས་ནི་ལོ་རྒྱུས་ཀྱི་དོན་རྐྱེན་དེ་ཀ་མངོན་སུམ་ལས་ཀྱང་མངོན་སུམ་དུ་བསེད་ཐུབ་ཡོད་པ་མ་ཟད། འཁྲབ་པ་དང་བརྫུས་པའི་ཤུལ་མེད་ལ། བཅོས་པ་དང་བསྒྱུར་པའི་ཞད་ཀྱང་ཡོད་ས་མ་རེད། གློག་བརྙན་འདིའི་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་དག་ལ་རོ་མ་པའི་བླ་ཞུགས་ཡོད་པ་འདྲ་ཞིང་། རོ་མ་བའི་གཤེད་ཀྱང་འཁོར་ཡོད་འདྲ། 

       གློག་བརྙན་འདི་ལ་བལྟས་ཤིང་ལྟ་དུས་ངའི་དྲན་ཡུལ་དུ་གཟུགས་འདས་རིག་པའི་འགྲེལ་སྟངས་རིགས་ཤིག་ལས་ཅི་ཡང་འཁོར་རྒྱུ་མེད་སོང་། འདི་ཡི་འཁྲབ་སྟོན་པ་གཙོ་ཕལ་ཐམས་ཅད་ནི་དེ་དེ་བཞིན་དུ་ངུ་། དེ་དེ་བཞིན་དུ་དགོད། དེ་དེ་བཞིན་དུ་འཁྲིག་པ་སྤྱོད། དེ་དེ་བཞིན་དུ་གསོད་རེས་བྱེད། ད་ཕན་ཆད་མི་ཡུལ་འདིར་འདི་འདྲའི་ཇི་མ་ཇི་བཞིན་དང་། ཨ་ན་མ་ན་དང་། གཅིག་པ་གཅིག་རྐྱང་གི་གློག་བརྙན་ཞིག་ནི་བསྟན་པ་ལྟ་ཞོག་གོ་བ་ཙམ་ཡང་མེད་ཟེར་འཐད།

      སྐབས་དེ་ཤེད་ཅིག་སྟེ། སྤྱི་ལོ་སྔོན་གྱི་137ལོ་ནས132ལོའི་བར་དུ། ཞི་ཞི་ལི་ནས་བྲན་གཡོག་གི་འོས་ལངས་ཐེངས་དང་བོ་བསླངས་པ་དང་། སྤྱི་ལོ་སྔོན་གྱི104ལོ་ནས101ལོའི་བར་དུ་ཞི་ཞི་ལི་ནས་བྲན་གཡོག་གི་འོས་ལངས་ཐེངས་གཉིས་ལ་བསླངས་པ་རེད། ཐེངས་སྔ་ཕྱིའི་འོས་ལངས་འདི་གཉིས་ཀྱི་ཁྲོད་རོ་མ་པའི་རང་དབང་རྩོད་པའི་མི་སེར་གྱི་གྲངས་ཀ་གྲོག་ཚང་བཞིན་བརྡོལ་བར་མ་ཟད། བྲན་བདག་གམ་དབང་སྒྱུར་པ་སྐོར་ཞིག་ལ་བསམ་ཡུལ་ལས་འདས་པའི་རྒོལ་རྡུང་དྲག་པོ་ཐེབས་པ་དང་། བྲན་གཡོག་མང་པོར་ཡང་འཇིགས་སུ་རུང་བའི་བསད་རྨས་ཚབས་ཆེན་བྱུང་བ་རེད།

      ཏག་ཏག་སྐབས་འདི་འདྲ་ཞིག་ལ། གནའ་བོའི་ལོ་རྒྱུས་སྒང་གི་ཆེས་གཞི་རྒྱ་ཆེ་བའི་བྲན་གཡོག་འོས་ལངས་ཏེ། གནམ་ལ་ཁྲག་གི་ན་བུན་འཐིབས་ཤིང་ས་ལ་བྱེ་མའི་རྒྱ་མཚོ་འཕྱུར་བའི་གྱེན་ལོག་དམག་འཁྲུག་ཆེན་མོ་སྟེ། མིའི་རིགས་ལོ་རྒྱུས་ཀྱི་མཚམས་འབྱེད་རྡོ་རིང་ལྟ་བུའི་སི་པ་ཏ་ཁིའི་འོས་ལངས་ཆེན་མོ་འགོ་བརྩམས་པ་རེད།


27913294.jpg20120606151322403.jpgt01d944ed95a93e3805.jpg


       དོན་དམ་དུ་སི་པ་ཏ་ཁི་ཞེས་པ་ནི་ཨར་ཀན་ཕྱེད་གླིང་ཤར་བྱང་གི་གང་ཟག་དཀྱུས་མ་ཞིག་གི་མིང་འདོགས་རེད་ལ།དོན་དམ་དུ་སི་པ་ཏ་ཁི་ཞེས་པ་ནི་རོ་མ་པས་གྱད་དམག་རྭ་བ་ཞིག་ཏུ་བཙོང་བའི་བྲན་གཡོག་སྤྱིར་བཏང་བ་ཞིག་གི་འབོད་མིང་རང་རེད། དོན་དམ་དུ་སི་པ་ཏ་ཁི་ཞེས་པ་ནི་བྲན་གཡོག་ཡིན་པ་ནས་བྲན་གཡོག་མ་ཡིན་པ་དང་། རང་དབང་མེད་པ་ནས་རང་དབང་ཡོད་པ་དང་། སྡར་མ་སྙིང་ཆུང་ནས་དཔའ་བོ་རྟུལ་ཕོད་ཅན་དུ་འཕགས་པའི་གང་ཟག་སོ་སྐྱེས་ཤིག་གི་དྲང་བདེན་མཚན་བྱང་རེད་དོ།།

       ཁོ་རང་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ཁ་རྒྱན་ལྟ་བུ་ཞིག་ཏུ་འགྲོ་དགོས་དོན་དང་། ཁོ་རང་སྐྱེ་བོ་རྣམས་ཀྱི་སེམས་ཁོང་དུ་གཏན་ནས་ཡལ་བ་མེད་དོན་དང་། ཁོ་རང་དྲང་བདེན་འོས་ལངས་ཆེན་མོ་ཞིག་གི་བརྡ་དོན་རང་དུ་ཆགས་དགོས་དོན་ནི་ག་རེ་ཡིན་ཞེ་ན། སི་པ་ཏ་ཁི་ལགས་ཀྱིས་དངོས་སུ་རང་ཉིད་ཀྱི་རྩ་དོན་ལ་བཞག་པའི་སྐད་ཆ་ཚིག་དུམ་གཅིག་པོ་འདིས་ཤེས་ཐུབ་སྟེ། ཇི་སྐད་དུ། ང་ཚོ་དབང་སྒྱུར་པའི་སྤྲོ་སྐྱིད་ཀྱི་དོན་དུ་འཆི་བ་ལས་རང་དབང་གི་ཆེད་དུ་དམག་འཁྲུག་བརྒྱབ་སྟེ་ཤི་བས་དགའ་ཞེས་པའོ།།

      སྤྱི་ལོའི་སྔོན་གྱི་དུས་རབས་དེ་འདྲ་ཞིག་ལ་སི་པ་ཏ་ཁི་ཡིས་ཤར་འདུལ་དང་བྱང་འཐབ་བྱས་ཤིང་། ནུབ་འགོག་དང་ལྷོ་སྐྱོད་བརྒྱབ་སྟེ། ཝེ་སུའུ་ཝེའི་མེ་རི་ཆེན་པོའི་ཀླད་ནས་སྐྱེ་བོ་རྣམས་རང་དབང་དང་འདྲ་མཉམ་གྱི་ཕྱོགས་སུ་ལམ་ཁྲིད་པ་ཡིན་ཅིང་། དེ་ནས་བཟུང་མི་སེར་བྱེ་བ་མང་བོའི་ཡིད་ཆེས་ཀྱང་ཁོང་གི་རྗེས་སུ་ཞུགས་སོང་བ་རེད།

      སྤྱི་ལོའི་རྗེས་ཀྱི་སྟོང་ལོ་འདི་འདྲ་ཞིག་ལའང་། སི་པ་ཏ་ཁི་མི་སྒེར་ཡིན་ནའང་འདྲ། སི་པ་ཏ་ཁིའི་འོས་ལངས་ཆེན་མོ་ཡིན་ནའང་འདྲ། མིའི་རིགས་ལོ་རྒྱུས་ཀྱི་དོན་རྐྱེན་ཆེན་པོ་ཞིག་ཡིན་པར་ངེས་པ་རྙེད་ཅིང་། ལ་ལས་དཔེ་དེབ་ཏུ་བྲིས། ལ་ལས་རི་མོ་ལ་ཕབ། ལ་ལས་གློག་བརྙན་དུ་བསྟན་པ་སོགས་བྱས་ཏེ་སྐྱེ་བོ་རེ་རེའི་སེམས་ཁོང་ལ་སི་པ་ཏ་ཁི་གསོན་པོ་ཞིག་བརྐོས་པ་འདིར་ཇི་འདྲའི་རྒྱུ་མཚན་ཡོད་པ་ལ་ཨང་།

      ༼ ཁྲག་དང་བྱེ་མ ༽ཞེས་པའི་གློག་བརྙན་འདི་ནི་ང་ཚོ་རྒྱུན་པར་བལྟ་དགའ་བའི་རྒྱོབ་རྒྱོབ་སོད་སོད་ཀྱི་འོད་འཁོར་རྫུན་མའི་གྲས་ལ་མ་འཇོག་དང་། མི་ལ་གཤོག་པ་ཐོགས་ཤིང་ཤི་རྒྱུ་རྒས་རྒྱུ་མེད་པའི་ཆོ་འཕྲུལ་ཡ་མ་བརླའི་རིགས་ཀྱང་འདི་ན་ཨེ་ཡོད་མ་བསམ་དང་། ལར་འདི་ནས། གཤགས་པ་ཚལ་བ་དུམ་བུར་བྱེད་ཅིང་། བཅད་པ་རིལ་རིལ་ལོག་ལོག་ཏུ་གཏོང་། ཁྲག་རྒྱང་ངེར་བཞུར་ཞིང་།་རྣ་ལྷབ་བེ་གཅོད་ལ། ནུ་མ་དཀར་ཆིལ་ལེ་གཏེད་ཅིང་། མིག་རིལ་ཚིལ་བུ་དང་བཅས་ཏེ་དབྱུང་བར་བྱེད་པ་ཞིག་ཡིན་པས། དེ་ཙམ་གྱིས་ཀྱང་ང་ཚོ་བོད་ཀྱི་ལྟད་མོ་མ་རིག་པའི་ལྟད་མོ་བ་དག་ཁ་གདངས་སྟེ་སྣབས་ལུག་ཏུ་འཇུག་སྲིད་མོད། གློག་བརྙན་རང་ངོས་ཀྱི་བསམ་བློ་དང་སྒྱུ་རྩལ་ནི་དེ་ཙམ་གྱི་ག་ལ་ཚད། མིའི་བག་ལ་ཞ་བའི་སྡོམ་དང་སྦལ་བ། འབུ་ནག་དང་ཤ་སྦྲང་ཡོངས་རྫོགས་འདི་ནས་བསྐྱུགས་ཙམ་ཞིག་གང་ནའང་བསྐྱུགས་མེད་ལ།མིའི་བག་ལ་ཞ་བའི་རི་མོ་དང་རོལ་མོ། བརྡ་དང་རྣམ་འགྱུར་སྣ་ཚོགས་འདི་ནས་གསལ་ཙམ་ཞིག་གང་ནས་ཀྱང་མི་གསལ་ལོ།།

      གློག་བརྙན་འདིས་རིང་བ་བསྐལ་བའི་གཏིང་ཕུག་གི་འོད་གསལ་མཚོན་ཡོད་ཅིང་། ཉེ་བ་འགྲོ་བའི་སེམས་ཁམས་ཀྱི་ཆག་འཇིག་སྦྲུམ་ཡོད་ལ། ས་གཞི་ཁ་འཁྱགས་གཏིང་འཁྱགས་ཀྱི་དར་ཐོག་ལ་རྐང་པ་བཙུགས་ཏེ། ཕྱིར་ཞིང་ཕྱིར་ཞིང་གྲུ་བཞི་གླིང་བརྒྱད་ལོ་རྒྱུས་སུ་འགྲེལ་ཞིང་། སྟེང་འོག་འཕྲེད་ཐུར་སྒྱུ་རྩལ་དུ་བསྟབས་འདུག་སྙམ།

      གློག་བརྙན་འདིར་དགའ་བོ་བྱེད་མཁན་དག་གིས། དྲ་བའི་སྟེང་ནས་འཚོལ་གཤེར་བྱས་ཚེ་དབྱིན་སྐད་དང་རྒྱ་ཡིག་ཤན་སྦྱར་ཅན་རྙེད་ཐུབ་པ་དང་། སི་པ་ཏ་ཁིའི་འོས་ལངས་ཆེན་མོའི་སྐོར་གྱི་གློག་བརྙན་བརྩམས་ཆོས་འདིས་འཛམ་གླིང་སྒང་ལ་ཐེབས་པའི་གཡོ་སྐྱོམ་སོགས་ལས་སླ་བོས་ཤེས་ཐུབ་པ་མ་ཟད། འདིར་བལྟས་པ་ཙམ་གྱིས་སྐྱེ་བོ་མང་བོའི་སེམས་ཁམས་ལ་རང་དབང་གི་མེ་སོན་སྦར་བྱུང་ཚུལ་དང་། དང་པོ་ནས་ཨ་རིའི་སྲིད་གཞུང་སོགས་ཀྱིས་གློག་བརྙན་བརྩམས་ཆོས་འདིར་བཟུང་བའི་ཞེད་སྣང་སོགས་ཇི་བཞིན་དུ་མཐོང་བར་འགྱུར་རོ།།


                                                                                                                                                                                            ༢༠༡༢ལོའི<<མི་ཚེའི་འགན་འཁྲི>>ལས།

དཔྱད་མཆན་ཡོད།