གནའ་བོའི་རོ་མ། -----སེང་རྡོར།

                                                                             ------------<<ཁྲག་དང་བྱེ་མ>>ཞེས་པའི་གློག་བརྙན་ལས་འཕྲོས་ཏེ་གནའ་བོའི་རོ་མ་གླེང་བ། ༼  སྒྲིག་པ་པོའི་གཏམ།  ༽


       IMG_7419.JPGIMG_7423.JPGIMG_7422.JPG


        མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ཤོག་ལྷེ་གང་ལ་བལྟས་ཀྱང་རོ་མ་ཞེས་པའི་ཡི་གེ་དེ་གཉིས་མ་ཐོན་ས་མེད་དོ། ། ལོ་རྒྱུས་ཀྱི་བརྡ་རྟགས་ཡིན་པའི། དམག་འཁྲུག་གི་རུ་མ་ཡིན་པའི། ཆབ་སྲིད་ཀྱི་གཟུགས་མཚོན་ཡིན་པའི་ཡི་གེ་དེ་གཉིས་ལ་གང་འདྲའི་བློས་མི་འཆུན་པའི་ནང་དོན་མོད་པོ་ཞིག་སྦས་ཡོད་པ་རེད་ཨང་། སུ་ཞིག་རོ་མ་ཞེས་པར་གདེང་མ་འཐོབ་པ་ཡིན་ན། གང་དེས་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་རྣལ་མ་ཞིག་ཁྱོན་ནས་ཤེས་ཐབས་མེད་པ་དང་འདྲའོ། ། རོ་མ་ཞེས་པས་གནའ་རབས་ཤིག་སྟོན། རོ་མ་ཞེས་པས་བཙན་རྒྱལ་ཞིག་མཚོན། རོ་མ་ཞེས་པས་མཁར་རོ་ཞིག་འཆད། རོ་མ་ཞེས་པས་ལྷ་སྒྲུང་ཞིག་མགུར། རོ་མ་ཞེས་པས་འོས་ལངས་ཤིག་དྲན་དུ་འཇུག རོ་མ་ཞེས་པས་དབང་སྒྱུར་ཞིག་གོ་བར་ཡང་བྱེད་དོ། །

        མ་གཞི་ནས་བཤད་ན། མི་རྣམས་ཀྱིས་རང་དབང་གི་ཆེད་དུ་བཏོན་པའི་ཁྲག་ཐིགས་དང་པོ་ཡང་རོ་མ་པའི་ཡུལ་ལུང་ག་ཤེད་ཅིག་ཏུ་ཡིན་སྐད་གོ་ལ། དྲང་པོར་སྨྲས་ན། གང་ཟག་དག་གིས་མངའ་སྡེ་ཆེན་པོར་ཁ་གཏད་འཇལ་བའི་ཁྲོམ་སྐོར་སྔོན་གྲས་ཀྱང་རོ་མའི་གནས་ས་ག་གེ་མོ་ཞིག་ནས་བྱས་པ་ཡིན་སྐད། དམྱལ་བ་ཟེར་ཡང་དེ་འདྲའི་སྡུག་བསྔལ་མེད་ཅེས་པ་ཡང་རོ་མའི་ལོ་རྒྱུས་དུམ་ཚན་ཞིག་ལ་དཔེ་བླངས་ན་ངོ་འཕྲོད་སླ་ཞིང་། སྲིན་པོ་གདོང་དམར་གྱི་རྒྱལ་ཁམས་ཞེས་པ་འང་བོད་ལས་ད་དུང་རོ་མ་བ་ལ་སྦྱར་ན་ཤིན་ཏུ་འབྱོར། རོ་མ་དེ་ལྟར་དམུ་རྒོད་ཡིན་ལ། རོ་མ་དེ་ལྟར་དཔའ་རྒོད་ཀྱང་ཡིན་པ་རེད། རོ་མ་དེ་ལྟར་དེ་ལྟར་བླུན་རྨོངས་བྱེ་ཐང་ན་འཚོ་མོད། རོ་མ་དེ་ལྟར་ཤེས་དཔལ་དར་ཟམ་དུ་འང་བརྒལ་སོང་། རོ་མ་པའི་མི་དག་ལ་རྭ་ཅོ་དང་མཇུག་མ་ཡོད་ཅེས་ལབ་ན་འུད་དུ་འགྲོ་ལས་ཆེ་མོད། ཁོ་ཚོའི་ཕོ་ཤར་དག་གི་སྨིན་མའི་ཁྲོ་མདུད་དང་དཔུང་བའི་ཤ་རྒོད་ནི་ང་རང་ཚོའི་གནག་ཕྱུགས་ཀྱི་རྭ་ཅོ་དང་མཇུག་མ་ལས་ཀྱང་ལྡབ་ཅིག་སྦོམ་པོ་ཡོད་ས་རེད།

        དེ་ཚོའི་བུད་མེད་དག་ལ་འང་འདོད་སྡང་གི་རྣམ་འགྱུར་ཧང་སང་བ་རེ་བསྟན་རྒྱུ་ཡོད་ཁར། གློ་བུར་གློ་བུར་གད་རྒྱངས་དྲག་པོ་རེ་གཡལ་ཚེ་འུ་ཅག་གི་མི་རྐང་གླིང་བུ་ཞེས་པའི་དཔེ་འཇོག་དེས་ནི་ཆ་ཡི་ཆ་ཙམ་ཡང་མཚོན་ཐབས་ཡོད་མ་རེད་སྙམ། མི་རྣམས་ཀྱིས་སོ་སོའི་མི་སྡུག་པ་དང་དྲག་པོའི་ཆ་དེ་ཡོངས་སུ་མཐོང་འདོད་ན། མི་རྣམས་ཀྱིས་སོ་སོའི་རང་བཞིན་དངོས་མ་དང་གཤིས་ལུགས་རྣལ་མ་དེ་ཀུན་ནས་རྟོགས་བསམ་ན། མི་ནི་གཅན་གཟན་ཞིག་དང་བདུད་རྒན་ཞིག་དང་ཉ་སྲིན་ཞིག་ཡིན་ཚུལ་ལ་ངེས་པ་གཏིང་ཚུགས་སུ་འགྲོ་སྙམ་ན་ནི། རོ་མ་བཙན་རྒྱལ་ཆེན་མོའི་སྐབས་ཀྱི་ལོ་རྒྱུས་རེ་ཟུང་ཞིག་ཧ་གོ་བས་ཀྱང་ཆོག་སྙམ།

        ལོ་རྒྱུས་སུ་འཁོད་པ་ལྟར་ན། གནའ་བོའི་དུས་སུ་རོ་མ་པས་རྟག་ཏུ་ཕྱི་ཕྱོགས་ལ་དམག་འཁྲུག་སློང་གི་ཡོད་ཅིང་། མངའ་ཁོངས་རྒྱ་བསྐྱེད་དང་འབངས་མིར་བརྙས་བཅོས་བྱེད་པའི་སྦྱོར་བ་སྣ་ཚོགས་ལག་ཏུ་བསྟར་བ་དང་། ཨི་ཐ་ལིའི་བྲན་གཡོག་རྣམས་ཉིན་རེ་བཞིན་ཇེ་མང་དུ་བཏང་སྟེ། བྲན་བདག་གི་མཁར་གཞིས་བཟོ་སྐྲུན་བགྱིས་པའི་ཁར་ཡ་ང་སྙིང་རྗེ་བྲལ་བའི་ཁྲིམས་ཆད་མང་བོའི་སྲོལ་ཕྱེས་ཤིང་། ནམ་ཡང་བྲན་གཡོག་ནི་བྱོལ་སོང་དང་རྡོ་བ་ཙམ་གྱི་ཚོད་དུ་བཞག་ཅིང་། བྲན་གཡོག་ནི་བྲན་གཡོག་རང་སྟེ། ནམ་ཡང་སྐད་ཆ་བཤད་ཤེས་པའི་ལག་ཆ་ཙམ་ལས་མ་ཡིན་ནོ་ཞེས་སྨྲ་སྐད།

        བྲན་གཡོག་དག་གི་སུག་པར་ལྕགས་ཀྱི་འཆིང་བརྒྱབ་ཡོད་ཅིང་། དེའི་སྟེང“བདག་བཟུང་ཞིག་དང་། བདག་རང་འབྲོ་རུ་མ་འཇུག་གོ”ཞེས་པའི་ཡི་གེ་བསྐོས་ཡོད་པ་རེད་ཟེར། ཁོ་ཚོས་ནམ་ཡང་བྲན་གཡོག་ནི་བྲན་གཡོག་གོ་ཞེས་སྨྲ་ཞིང་། དེ་ཚོའི་བུ་རབས་ཚ་རྒྱུད་དག་ཀྱང་བྲན་གཡོག་རྐྱང་ཡིན་པ་རེད། གཡོག་རྒས་པོ་རྣམས་བས་མཐའ་རུ་དེད་དེ་ལྟོགས་གྲིར་གསོད་བཞིན་ཡོད་ལ། བྲན་བདག་གམ་དབང་སྒྱུར་པ་རྣམས་སྤྲོ་བོ་ཡོང་ཆེད་ཁོད་ཆེ་ཞིང་མཐའ་ཡས་པའི་གོ་ར་ཆེན་མོ་སྣ་ཚོགས་བསྐྲུན་ཡོད་པར། དུས་དང་དུས་སུ་གྱད་མི་དག་ལ་གོ་མཚོན་སྤྲད་དེ་རྒྱག་རེས་བྱེད་དུ་འཇུག་པ་དང་། སྐབས་དང་སྐབས་སུ་གྱད་མི་དག་རེ་རེ་བཞིན་བཀྲེན་པའི་གཅན་གཟན་ཚོགས་ལ་གཡེངས་དུ་འཇུག་པ་དང་། སོ་ཤད་རྒྱག་ཏུ་འཇུག་པ་དང་། སྡེར་ལྕག་འཕེན་དུ་འཇུག་པ་དང་། མགོ་སུག་འཆའ་རུ་འཇུག་པ་སོགས་ཀྱང་བྱེད་དོ་སྐད།

        ཁོ་ཚོས་བྲན་གཡོག་ལས་གྱད་མི་མང་པོ་བསྐྱེད་ཅིང་། དེ་དག་དུད་འགྲོ་མི་བསྲུན་པ་དང་གཅན་གཟན་གཏུམ་པོ་རྣམས་ལ་འཐབ་ཏུ་འཇུག དེར་མི་རོ་དང་ཟོག་རོ་ཅི་ཞིག་ལྷགས་ཀྱང་ཐལ་མོ་བརྡབས་ཏེ་ཧ་ཧ་ཞེས་དགོད་དོ། །རྒྱུན་པར་གྱད་མི་དག་ལ་དེ་ལུགས་ཀྱི་སྦྱོང་བརྡར་ཡང་སྤྲོད་ཀྱི་ཡོད་ཅིང་། ཉི་མ་རེ་རེར་ཁྲག་བཞུར་བ་དང་བྱེ་མ་བཞུར་བ་དང་ཚེ་སྲོག་བཞུར་བ་ནི་གནའ་བོའི་རོ་མ་པའི་ལོ་རྒྱུས་ཀྱི་ངོ་གདོང་དངོས་ཡིན་ས་རེད། སྐབས་དེའི་དབང་སྒྱུར་པ་འམ་བྲན་བདག་རྣམས་ལ་ནི་འདི་ལས་ལྷག་པའི་ལྟད་མོ་དགའ་རབས་ཤིག་ཀྱང་ཧ་ལམ་མེད་ཚོད་རེད་དོ།།


             IMG_7422.JPGIMG_7420.JPGIMG_7424.JPG


                                                                                                                                                                         ༢༠༡༢ལོའི<<མི་ཚེའི་འགན་འཁྲི>>ལས།    

དཔྱད་མཆན་ཡོད།