དངོས་བཤུས་གློག་བརྙན«དུས་བསྟུན་གྱི་འདབ་ཆགས»དང་སྐྱེ་ཁམས་རིག་གནས་ཀྱི་སྐད་ཆ།

བརྙན་ཚགས་དང་ཡིག་ཚགས་ཟུང་གི་ལམ་ནས་༼དུས་བསྟུན་གྱི་འདབ་ཆགས༽དང་འབྲེལ་བའི་ཕྲན་དཔྱད།

༡  གློག་བརྙན་༼དུས་བསྟུན་གྱི་འདབ་ཆགས༽ དང་སྤྱིར་བསྟན་པ།

p838949704.jpg     གློག་བརྙན་རིག་པ་དང་སྐྱེ་ཁམས་རིག་པའི་ལམ་ནི་ཐབས་དང་ཤེས་རབ་ཟུང་འཇུག་གི་ལམ་གྱི་གསང་བ་ཡིན་པས།    དུས་རབས་འདི་དང་ལོ་རྒྱུས་འདི་ལ་མཁོ་གལ་ཆེ་བའི་བརྙན་ཐོག་ཤེས་རིག་གི་སྐྱོམ་སྟངས་གསར་བའང་ཡིན།     དེ་ཡང་སྐྱེ་ཁམས་རིག་གནས་མ་ལག་ཞེས་པའི་ཆེད་སྤྱོད་མིང་བརྡ་གསར་བ་ཞིག་དང་རིག་གནས་འཁོར་སྐྱོད་གསར་བ་ཞིག་གིས།    དུས་རབས་ཉི་ཤུ་བའི་ལོ་རབས་སུམ་བཅུའི་སྐབས་སུ་དབྱིན་ཇིའི་སྐྱེ་ཁམས་རིག་པ་བ་ཐན་སི་ལས་ཀྱིས་གསར་འདོན་མཛད་པའི་མིང་བརྡའམ་ཐ་སྙད་ཅིག་ཡིན་ལ།   འདི་ལས་འཛམ་གླིང་སྐྱེ་ཁམས་མ་ལག་དང་སྐྱེ་ཁམས་གནས་བབ་ལ་སྔར་བྱུང་མ་མྱོང་བའི་ལོ་རྒྱུས་ཀྱི་ཆག་འཇིག་ཞིག་སླེབས་ཀྱིན་པའི་དུས་བབ་ལ་གཞིགས་ནས་གླེང་བ་ཡིན་སྲིད།    སྤྱིར་ན་སྐྱེ་ཁམས་རིག་པ་ནི་མིའི་ཚོགས་སྤྱི་དང་བྲལ་བའི་རང་བྱུང་གི་སྐྱེ་དངོས་ཁོ་ན་ལ་གོ་བ་ཞིག་མ་ཡིན་པར།    དེ་ནི་སྐྱེ་དངོས་རིག་པའི་ཕྱོགས་ཡོངས་ནས་འབྲེལ་བའི་རིག་གཞུང་ཆེན་པོ་ཞིག་ཡིན་ལ།    སྐྱེ་དངོས་དང་སྐྱེ་དངོས་དེ་ཉིད་འབྲེལ་བའི་འཚོ་གནས་ཀྱི་ཁོར་ཡུག་དང་ནམ་ཟླ།   དུས་ཚིགས་བར་གྱི་རྟེན་འབྱུང་གི་ཚད་མ་ཅིག་ཡིན།    དཔེར་ན།   སྐྱེ་དངོས་རིག་པའི་ཁོངས་གཏོངས་སུ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྨན་སྦྱོར།   ཕྲ་རབ་འདུས་སྤྱོད།    ཐ་ན་མིའི་རིགས་ཀྱི་ཤེས་ཡོན་འཛུགས་སྐྲུན་རིག་པ་སོགས་འདུ་བ་ཡིན། དེ་ལས་ཅུང་ཁྱབ་ཆེ་བ་ནི་སྐྱེ་ཁམས་དང་སྐྱེ་དངོས་གཞི་གཅིག་ཏུ་འབྲེལ་བའི་མིའི་རིགས་དང་རི་སྐྱེས་སྲོག་ཆགས།  འདབ་ཆགས།   གཡུང་དྭགས་ནི་གལ་ཏུ་གྲུབ་ཡོད།

              འདིར་གླེང་བྱའི་ཡུལ་དུ་གྱུར་བ་ནི་འཛམ་གླིང་ཤར་ནུབ་ཏུ་གྲགས་པའི་དངོས་བཤུས་གློག་བརྙན་༼དུས་བསྟུན་གྱི་འདབ་ཆགས༽ཞེས་བའི་བརྙན་མིག་དང་བརྙན་ཐབས་ཀྱི་ལམ་ནས་མཁའ་སྐྱོད་འདབ་ཆགས་ཀྱི་འཚོ་གནས་ཉེན་ཁ་དང་འཚོ་གནས་ཆག་འཇིག   འཚོ་གནས་འགྱུར་བ་ལ་གཞིགས་ནས་ཟུར་ཙམ་གླེང་བར་སྤྲོ།  བརྙན་ཚགས་ལྟར་ན།  དངོས་བཤུས་གློག་བརྙན་འདི་ནི་འཛམ་གླིང་ལ་ཤུགས་རྐྱེན་དང་བག་ཆགས་ཟབ་པའི་གློག་བརྙན་གྲས་སུ་གཏོགས།   རྒྱུ་མཚན་ནི་གློག་བརྙན་འདི་ཉིད་འགྲེམས་པ་དང་སྦྲགས།   གཟའ་འཁོར་གཉིས་ཙམ་གྱི་རིང་ལ་ལྟ་མཁན་གྱི་ཚད་རིམ་ནི་གྲངས་ཚད་འབུམ་གསུམ་ལྷག་ལ་བརྒལ་བ་རེད།   དེ་ནི་གློག་བརྙན་ཁང་ཁོ་ནའི་ནང་བསྟན་པའི་ཚད་ཡིན།    གློག་བརྙན་རང་ངོས་ནས་རྩོལ་བའི་རྔུལ་ཆུ་ནི་ལོ་ངོ་བཞི་ལྷག་ལ་འཛམ་གླིང་གི་རྒྱ་མཚོ་ཆེན་མོ་བརྒལ་ནས་གླིང་ཆེན་བདུན་དང་རྒྱལ་ཁབ་ལྔ་བཅུ་ལྷག   ཡུལ་ལྗོངས་ལྟེ་གནས་བརྒྱ་དང་དོན་ལྔ་ལྷག    སྤྱིན་ཤོག་རིང་ཚད་བཞི་བརྒྱ་དྲུག་བཅུ་ལྷག    ཚན་རིག་མཁའ་སྐྱོད་པ་བཅུ་བདུན།    མི་ཤུགས་རྩོལ་མཁན་དྲུག་བརྒྱ་ལྷག་ལ་གཞི་བཅོལ་ནས་བརྩོན་པའི་བརྙན་རིགས་ཆེན་མོ་ཞིག་ཡིན།    དོན་གྱིས་དངོས་བཤུས་གློག་བརྙན་འདིའི་འཁྲབ་ཁྲིད་པ་གྲགས་ཅན་ཡྰ་ཁུ་པའེ་ཧན་གྱིས་ཕུལ་དུ་བྱུང་བའི་མཁའ་སྐྱོད་པ་དང་བྱ་རིགས་འདབ་ཆགས་ཆེད་མཁས་པ་དག་ལ་མཉམ་འབྲེལ་ཟུང་ཐབས་བྱས་ནས་ལོ་ངོ་བཞིའི་རིང་ལ་སའི་གོ་ལའི་གླིང་དང་མཚོ་དག་འགྲིམས་ནས་དངོས་བཤུས་གློག་བརྙན་གྱི་རྒྱུ་ཆ་འཚོལ་བསྡུ་བྱས་ཤིང་རྒྱལ་ཁབ་དང་ས་ཁུལ་མི་འདྲ་བ་སུམ་བཅུ་ལྷག་ལ་སོང་ནས་བྱ་རིགས་འཚོ་སྡོད་ཀྱི་གནས་བབ་དང་འགྱུར་བ། དུས་བསྟུན་བྱ་རིགས་ཀྱི་འཚོ་གནས་འཐབ་རྩོད་དང་འཇིག་ཉེན་གྱི་རྣམ་པ་དངོས་མཚོན་པ་དང་དུས་བབ་མི་འདྲ་བའི་འགྱུར་བ་དང་བསྟུན་ནས་བྱའི་འཚོ་གནས་ཀྱི་སླད་དུ་ལྷོ་བསྐྱོད་བྱང་བརྒལ་གྱི་འཚོལ་ཞིབ་དང་སྙིང་སྟོབས་དགུ་འགྱུར་གྱི་ཟབ་འཇུག་བྱས་ནས།   བྱ་རིགས་སམ་འདབ་ཆགས་ཀྱི་འཚོ་གནས་དང་ལས་དབང་།   མིག་ཆུ་མཚོན་པའི་དངོས་བཤུས་གློག་བརྙན་ཞིག་ཏུ་གྲུབ་པ་མ་ཟད།    དུས་བསྟུན་འདབ་ཆགས་ཀྱི་འཚོ་གནས་ལ་དམ་བཅའི་འཚོལ་སྙེག་དང་འཚོ་སྡོད་རིང་ལུགས་ཀྱི་སྣང་བརྙན་དངོས་མཚོན་པའི་ཟིན་འགོད་བརྙན་རིགས་སུ་གཏོགས་པ་ཡིན།  འདབ་ཆགས་་ཀྱི་འཚོ་གནས་འདི་ལས་བྱ་རིགས་མི་འདྲ་བའི་ཁོར་ཡུག་གི་འབྱུང་བཞིའི་འཐབ་རྩོད་དང་འཁུན་སྒྲ།  འདབ་ཆགས་ཀྱི་སྐྱེ་རྒ་ན་འཆིའི་གོ་རིམ་ནི་ཚེ་སྲོག་གི་བཞུར་རྒྱུན་དང་འདབ་ཆགས་ཀྱི་འཚོ་གནས་ལ་འཐབ་པ་ནི་ཚེ་སྲོག་གི་རེ་བ་་དང་རྔུལ་ཁྲག་གི་བཤུལ་ལམ་ཡིན་པ་འདབ་ཆགས་ཀྱི་དངོས་ཡོད་དེ་ཉིད་འཚོ་བ་དངོས་བཤུས་བརྙན་ཐབས་ཀྱི་ལག་ལེན་བརྒྱུད་ནས་གསང་བའི་ལེའུ་མང་པོ་ཤུགས་སུ་བསྟན་ཡོད། ལྷག་པར་དངོས་བཤུས་གློག་བརྙན་འདི་ལས་འདབ་ཆགས་ཀྱི་ཁྱུ་དང་དཔུང་བསྡེབས་ནས་སྤྱི་ལེ་ཆིག་སྟོང་ཉིས་བརྒྱ་ལྷག་ལ་འཕུར་སྐྱོད་བྱས་པ་ནི་ཡང་དག་པའི་འཚོ་གནས་ཀྱི་གདམ་ཀ་གསར་བ་དང་འཚོལ་ལམ་གསར་བ་སྙེགས་པའི་བརྙན་མི་འདྲ་བ་དག་བཞེངས་སྐྲུན་བྱས་ཡོད།    དེ་ནི་དངོས་ཡོད་དང་ཆེས་ཉེ་བའི་འདབ་ཆགས་ཀྱི་འཚོ་བའི་གཏམ་རྒྱུད་དངོས་ཡིན་ལ།  མིའི་རིགས་དང་ཆེས་ཉེ་བའི་འདབ་ཆགས་ཀྱི་འཇིག་ཉེན་གསར་བའི་སྐྱོ་གར་མུ་འབྲེལ་ཅནའང་ཡིན།  

༢  གློག་བརྙན་༼དུས་བསྟུན་གྱི་འདབ་ཆགས༽དང་སྐྱེ་ཁམས་ཆག་འཇིག་གི་ཟ་ཟུར།

              སྤྱིར་ན་འཛམ་གླིང་སྟེང་དུ་བྱ་རིགས་མི་འདྲ་བའི་གྲངས་ཚད་ནི་སྟོང་ཕྲག་བརྒྱད་དུ་འདུག་ཞེས་འདབ་ཆགས་ཞིབ་འཇུག་པའི་སྡོམ་ཚིག་བཀོད་ཡོད།   དེར་འདབ་ཆགས་དང་རི་སྐྱེས་སྲོག་ཆགས།  གཡུང་དྭགས་ལ་སོགས་པའི་གྲངས་འབོར་དང་ཚད་རིམ་ནི་གདོད་མའི་འབྱུང་བཞིའི་གྲུབ་ཚུལ་དང་སྙོམས་ཚུལ་ལ་གཞིགས་p457226888.jpgནས་འགྱུར་བ་དང་འཚོ་གནས་ཀྱི་ཆོས་ཉིད་ཞིག་བསྐྲུན་ཡོད་པ་རེད།    དུས་ནི་མི་འགྱུར་མི་ནི་འགྱུར་ཞེས་པའི་གདམས་པ་ནང་བཞིན།   མིའི་རིགས་ཀྱི་བཟོ་ལས་དཔལ་འབྱོར་གྱི་ཐོན་སྐྱེད་ཤུགས་ཀྱིས་འཕེལ་བ་དང་མངའ་ཁོངས་བསྒྱུར་བའི་སྒེར་ལྡུམ་གྱི་བསམ་སྦྱོར་ནད་ཡམས་རིམ་གྱིས་མཆེད་པ་དང་ཆབས་ཅིག    མི་ཡུལ་ལ་རང་བྱུང་གི་སྐྱེ་ཁམས་དང་གདོད་མའི་སྐྱེ་ཁམས།   སྤྱི་ཚོགས་ཀྱི་སྐྱེ་ཁམས་བཅས་ལ་དུས་རབས་ཀྱི་ནད་དུག་དང་རྫས་སྦྱོར་གྱིས་བསླད་པའི་རིམ་ཚད་ཐོལ་བརྒལ་ཅན་དང་ཚད་འདས་ཅན།   ཚུལ་མིན་ཅན་གྱི་དུས་བབ་དངོས་བྱུང་བ་ནི་མི་ནས་འགོ་བརྩམས་ཤིང་མི་ནས་མཇུག་སྒྲིལ་བའི་ལས་སུ་རྙེད།      དེ་ནི་འཛམ་གླིང་སྤྱིའི་རི་སྐྱེས་དང་རི་སྐྱེས་མ་ཡིན་པའི་སྲོག་ཆགས་འཚོ་གནས་འཇིག་པའི་རྐྱེན་ཡིན་ལ་ལྷག་པར་དུས་རབས་ཉི་ཤུའི་ལོ་རབས་ཉི་ཤུ་ནས་ལོ་རབས་བདུན་བཅུའི་བར་ལ་འཛམ་གླིང་ལ་སྐྱེ་ཁམས་རིག་གནས་ཀྱི་ཆག་འཇིག་ཆེན་པོ་བརྒྱད་བྱུང་བ་ལས་གསལ་འགྲེལ་བླ་ལྷག་བྱས་ཐུབ།    འདིར་༼དུས་བསྟུན་གྱི་འདབ་ཆགས༽དང་འབྲེལ་བའི་བདེན་ལུགས་ཀྱི་ཁུངས་ཞིག་དགོས་པའི་ཆེད་དུ། ཉེ་ཆར་ཁོ་བོས་བོད་ཀྱི་འདབ་ཆགས་ཞིབ་འཇུག་པ་འཇུ་བཀྲ་ཤིས་བཟང་བོ་ལ་དྲིས་པའི་ལན་དུ།  ཁོང་གིས་འཛམ་གླིང་གི་མཐོ་ཚད་ནས་འདབ་ཆགས་གྲངས་འབོར་ལ་གཞིགས་ན་ཕལ་ཆེར་རིགས་མི་འདྲ་བ་སྟོང་ཕྲག་དགུ་ལྷག་འདུག་ལ།   རྒྱལ་ཡོངས་རང་བཞིན་གྱི་ཟུར་ནས་འདབ་ཆགས་ཀྱི་རིགས་མི་འདྲ་བ་ཆིག་སྟོང་སུམ་བརྒྱ་དྲུག་བཅུ་ཡོད།   དེ་མིན།  མཚོ་བོད་མཐོ་སྒང་དང་ཡང་ན་བོད་ཆེན་པོའི་ཡུལ་གྱི་འདབ་ཆགས་གྲངས་ཚད་ལ་དྲུག་བརྒྱ་ཡས་མས་སུ་འདུག་ཅེས་འཚོལ་ཞིབ་ལག་ལེན་དང་བདེན་པ་ར་སྤྲོད་ཀྱི་ཚུལ་དུ་གསུང་བ་ལས།   འདབ་ཆགས་ཀྱི་གྲངས་འབོར་དང་ཁྱབ་ཁོངས།   འདབ་ཆགས་ཀྱི་འཚོ་གནས་དང་འགྱུར་ལྡོག   འདབ་ཆགས་ཀྱི་ཁོར་ཡུག་དང་རང་དབང་གང་ཅིའི་ཐད་ལ་ཤུགས་རྐྱེན་ངན་པ་དང་འཇིག་ཉེན་གྱི་ནད་ཡམས་ཐེབས་ཀྱིན་འདུག་པ་ཤེས་ཐུབ།    དངོས་བཤུས་གློག་བརྙན་ལས་སྣང་བའི་འདབ་ཆགས་ཀྱི་འཚོལ་ཞིབ་དང་དམ་བཅའི་འཕུར་སྐྱོད་ནི་དངོས་ཡོད་འཚོ་བ་དང་ཆེས་ཆེར་ཉེ་བའི་བརྙན་མིག་གི་བདེན་པ་ཅི་ལ་མིན།   བརྙན་མིག་གི་མཛེས་བ་ནི་བརྙན་ངོས་ཀྱི་ཟུར་ཚད་དང་འོད་ཚད་ཁོ་ནའི་མཛེས་བ་ཙམ་མ་ཡིན་པར།   བརྙན་མིག་ལས་བཞེངས་བའི་འཇིག་རྟེན་བདེན་པའི་ངོ་བོ་དང་དངོས་ཡོད་རང་བཞིན་དུ་སྣང་བ་ནི་མཛེས་བའི་རྩལ་ཡིན།   དེ་བས།  འདབ་ཆགས་ཀྱི་ལས་དབང་དང་མིག་ཆུ།   གནས་སྟངས་དང་འཚོ་སྡོད་ལ་དམིགས་པའི་བརྙན་མིག་གི་སྒྱུ་རྩལ་ནི་བདེན་པའི་དཔང་བོ་ཡིན།     ཟུར་གཞན་ཞིག་ནས་གློག་བརྙན་གྱི་བརྗོད་གཞི་ལ་བབས་ན།    རྩྭ་ཐང་གི་སྒྲིག་གཞི་ནི་སྒྲོམ་གཞི་ཅན་དུ་གྱུར་བ་ནས་བཟུང་ཤ་གཟན་འདབ་ཆགས་ཀྱི་གྲངས་ཚད་དང་འཚོ་གནས་བྱང་ཚད་ལ་ཡ་ང་བའི་གནས་སུ་ཐེབས།    བོད་ཀྱི་རིག་གཞུང་ཞིབ་འཇུག་པ་བན་ཤུལ་དཔལ་མཁར་རྒྱལ་གྱིས་ལན་བཏབ་པ་ནང་བཞིན། ཧི་མ་ལ་ཡའི་བྱ་རྒོད་ཀྱི་རིགས་ནི་ཧིན་རྡུ་རྒྱ་མཚོ་ཆེན་མོ་དང་ཞི་བདེ་རྒྱ་མཚོར་བརྒལ་ཏེ་འཚོ་གནས་གསར་བ་འཚོལ་བ་དེ་ནི་བྱ་རྒོད་ཀྱི་བྲོས་བྱོལ་ཡིན་ཞེས་པ་འདས་པའི་འདབ་ཆགས་ཀྱི་འཚོ་སྟངས་དང་ད་ལྟའི་འདབ་ཆགས་ཀྱི་འཚོ་གནས་མི་འདྲ་བའི་ཧེ་བག་གི་གནད་དོན་དང་བར་ཁྱད་ཀྱི་འཕོ་འགྱུར་ངོ་མ་རེད།     དོན་དངོས་ཀྱི་སྐྱེ་ཁམས་རིག་གནས་གོད་ཆག་གི་ཟུར་ནས་བལྟས་ན།  འདབ་ཆགས་ཀྱི་འཇིག་ཉེན་ནི་མིའི་རིགས་ཀྱི་བཟོ་ལས་དཔལ་འབྱོར་ཐོན་སྐྱེད་དང་དེ་ལས་བྱུང་བའི་མཁའ་དབུགས་བཙོག་བསྒྱུར་དང་རྫས་དུག་མཁའ་ཁྱབ།   རི་ཆུའི་རང་བཞིན་འགྱུར་བའི་འཇིག་པ་དང་འབྲེལ་བ་དམ་ཟབ་ཡོད།   

               དེར་༼དུས་བསྟུན་གྱི་འདབ་ཆགས༽ཞེས་བའི་དངོས་བཤུས་གློག་བརྙན་རང་ངོས་ནས་བརྗོད་ན།   སྐྱེ་ཁམས་གློག་བརྙན་འཁྲབ་ཁྲིད་པ་ཞིག་གི་སྒྱུ་རྩལ་གྱི་བློ་མིག་དང་ནང་སེམས་ཀྱི་འཚོལ་ཞིབ་ལས་རྙེད་པའི་བརྙན་མིག་གི་བདེན་དོན་དང་དངོས་ཡོད་ཀྱི་འཕོ་འགྱུར།  དུས་སྐབས་ཀྱི་ལྟས་ངན།   སྣོད་བཅུད་ཀྱི་གོད་ཆག་ལྷུང་བའི་བརྙན་ངོས་རིན་ཐང་བྲལ་བ་ཞིག་ཡིན་སྲིད།     བརྙན་ཚགས་ལས་དངོས་བཤུས་གློག་བརྙན་འདི་ལ་སྐབས་དོན་ལྔ་བའི་ཨོ་སི་ཁྰའི་རྟགས་ཅན་གྱི་གློག་བརྙན་གལ་བོ་ཆེ་གྲས་སུ་ཐོན་ཡོད་ལ་སྐྱེ་ཁམས་དངོས་བཤུས་གློག་བརྙན་པའི་ཆོ་ལོའང་འཐོབ།༼དུས་བསྟན་གྱི་འདབ་ཆགས༽ཞེས་བའི་དངོས་བཤུས་གློག་བརྙན་ལས།  ཧྥ་རན་སིའི་ཡྰ་ཁུ་པའེ་ཧན་ཞེས་པའི་འཁྲབ་ཁྲིད་པ་ཁོང་གིས་སྒྲ་བརྙན་སྒྱུ་རྩལ་གྱི་ལམ་ནས་དུས་བསྟུན་བྱ་རིགས་ཀྱི་ལས་དབང་ལ་སེམས་ཁུར་དང་བྱ་རིགས་ཀྱི་གནས་བབ་ལ་ཞིབ་འཇུག་གི་རྣམ་པ་བརྒྱུད་ནས་འཚོ་གནས་ཀྱི་སླད་དུ་འཚོ་གནས་ཀྱི་འཐབ་རྩོད་དང་འཚོ་གནས་ཀྱི་གནས་ལུགས་འཚོལ་བའི་བྱའི་འཇིག་རྟེན་རྟོག་ཞིབ་ཐེངས་གཅིག་བྱས་པ་བརྒྱུད་ལས།   དུས་བསྟུན་བྱ་རིགས་ཀྱི་འགྲུལ་བཞུད་ལས་དམིགས་ཚད་དང་པོ་ནི་འཚོ་གནས་ཀྱི་རེ་བ་ཁོ་ན་ཡིན་པ་ར་སྤྲོད་བྱས་ཡོད་པས།   དངོས་བཤུས་གློག་བརྙན་འདིའི་དོན་བརྗོད་སྙིང་བོ་འབུར་དུ་ཐོན་ཞིང་བརྙན་ཐབས་ལེན་ལུགས་ནི་ཆེས་ཐོལ་བརྒལ་ཅན་གྱི་ཟུར་དང་མཛེས་དཔྱོད་ཅན་གྱི་ཟུར་མི་འདྲ་བའང་ངང་གིས་གཏམས་ཡོད་ལ་མི་ཚུལ་རིང་ལུགས་དང་བྲལ་བའི་འཇིགས་རུང་གི་ཟུར་ཐོནཡོད།

              སྐྱེ་ཁམས་རིག་གནས་ཀྱི་ཟུར་དང་དངོས་བཤུས་གློག་བརྙན་གྱི་མཚོན་ཐབས་སྤྱད་པའི་གནས་ལ་དབྱེ་ཞིབ་ཞིག་བྱས་གྱུར་ན།    འདབ་ཆགས་ཀྱི་དངོས་ཡོད་དང་མིའི་རིགས་ཀྱི་གཏུམ་སྤྱོད།  ཕྱི་སྣོད་ཀྱི་བཀོད་པ་བཅས་བརྙན་མིག་གི་ལམ་ནས་བརྗོད་འདུག་ལ།  ལར་དངོས་བཤུས་གློག་བརྙན་ལས་དུས་བསྟུན་བྱ་རིགས་ཀྱི་འགུལ་སྐྱོད་མི་འདྲ་བ་ལས་འཚོ་གནས་ཀྱི་སྙིང་སྟོབས་དང་འཚོ་གནས་ཀྱི་གཤོག་འགྱུར་རེ་རེ་ནི་དྲག་རླུང་དང་འཐོར་རླུང་།   བྱེ་རླུང་དང་དྲག་ཆར།   འཁྱགས་དར་དང་ཁངས་འཚུབ་ཀྱི་གསེབ་དང་ཟུར་ནས་མངོན་པ་ནི་ཁོ་ཚོའི་རང་གི་བློ་གྲོས་དང་ཐབས་ཤེས།    རང་གི་ལྷན་སྐྱེས་དང་ནུས་མཐུ་ལ་བརྟེན་ནས་ཕས་རྒོལ་དང་འཐབ་རྩོད་ལས་ཐོན་པའི་གསོན་ཤུགས་ཀྱི་ལམ་བུ་ཉག་གཅིག་ཡིན།ས་ཁམས་རིག་གནས་རང་བཞིན་གྱི་བརྙན་རིགས་སུའང་འགྲོ།   རྒྱུ་མཚན་ནི་བརྙན་མིག་ལས་བྱེ་ཐང་དང་འཁྱགས་ཀླུང་།   ནགས་ཚལ།   ཐང་ཆེན།   ཆུ་རྒྱུན།   གཡང་གཟར།   གླིང་ཕྲན།  ཡུལ་སྡེ།   འབྲོག་ཁུལ།   གྲོང་ཁྱེར་སོགས་ཀྱི་ཁུགས་སོ་དང་ཟུར་རེ་རེ།   བར་དང་སྟོང་ཁམས་རེ་རེ་ན་རྒྱུ་བ་ནི་འདབ་ཆགས་ཀྱི་འཚོ་གནས་འཁོར་སྐྱོད་བྱེད་ས་གཙོ་བོ་ཡིན་ལ་ཚེ་སྲོག་གི་དམ་བཅའ་ཡིན་ཞེས་བའང་བདེན་ལུགས་སུ་མཆིས།      དེ་ལས་ཀྱང་འདབ་ཆགས་ཀྱི་འཚོ་གནས་ལ་ཆག་འཇིག་ཆེ་བ་ནི་མིའི་རིགས་ཀྱི་ཆོས་ཉིད་དང་མི་མཐུན་པའི་སྦྱོར་བ་དང་ཧམ་སེམས་ལས།   ཁྲག་དྲི་བྲོ་བའི་སྐྱོ་གར་ནི་མིའི་ནང་སེམས་ཀྱི་བདུད་དང་སྲིན་པོའི་རང་བཞིན་གྱི་དམར་གསོད་ལས་མགོ་བརྩམས་ཏེ་བྱ་དང་བྱེའུའི་འཚོ་གནས་ཀྱི་རང་དབང་ཤོར་བ་དང་འདབ་ཆགས་སྤྱིའི་ཚེ་སྲོག་དང་དུས་བབ་ལ་གོད་ཆག་རབ་དང་རིམ་པ་ཐེབས་བཞིན་པ་ངང་གིས་མཐོང་ཐུབ།  གློག་བརྙན་འདིའི་བླ་སྲོག་ནི་སྐྱོ་དབྱངས་ཡིན།   སྐྱོ་དབྱངས་དེ་ལས་མི་ནི་ལྡོག་ཕྱོགས་ཀྱི་ཆ་དང་འདབ་ཆགས་ནི་དྲང་ཕྱོགས་ཀྱི་ཆར་གཏོགས་པའི་སྣང་བརྙན་མཚོན་ཐབས་སྤྱད་ཡོད།   དེ་ནི་དངོས་བཤུས་གློག་བརྙན་འདིའི་སྤྱི་བབ་ནས་བརྒལ་བའི་ཡིད་འགྱུར་དང་ཛ་དྲག   འགལ་འདུ།  ཞི་འཇགས་མཚོན་པའི་ཟུར་སྣེ་གཉིས་ཀྱི་སྐྱོམ་སྟངས་ཡིན།    དེ་ལ་སྐྱོ་དབྱངས་གང་ཞིག་གི་རམ་འདེགས་བྱས་བ་ནི་ལྟ་མཁན་ཁྲི་སྟོང་གི་ནང་སེམས་སྔོག་འདོན་དང་མིག་ཆུའི་གཏམ་རྒྱུད་དུ་གྱུར་བའི་ལེའུ་ཡིན།

༣   གློག་བརྙན་༼དུས་བསྟུན་གྱི་འདབ་ཆགས༽ཞེས་བའི་བརྙན་ཐབས་གླེང་བའི་སྣེ།

  p838953467.jpg         བརྙན་མིག་གི་སྐད་ཆ་ནི་གློག་བརྙན་ལས་བྱུང་བའི་སྒྲ་ཙམ་མ་ཡིན་པར།   དེ་ནི་གློག་བརྙན་རིག་པའི་བརྙན་ཐབས་དང་ཟུར་ཚད།  བརྙན་དབྱེ།   ཁ་དོག་སོགས་ཀྱིས་བདེན་དཔང་བྱས་པའི་བརྙན་ངོས་ཀྱི་མཚོན་ཐབས་མི་འདྲ་བ་ཡིན།   དངོས་བཤུས་གློག་བརྙན་ལ་རང་ངོས་ཀྱི་བརྙན་ཐབས་དང་ཟུར་ཚད་ཡོད་པ་རེད།    གཙོ་བོ་བདེན་པའི་ཚད་དང་དངོས་ཡོད་ཀྱི་ཚད་ཆེས་མཐོ་ཤོས་ནི་དངོས་བཤུས་གློག་བརྙན་ལས་མི་འདུག་སྟབས།     བརྙན་རིགས་གཞན་དང་འདྲ་བར་མིའི་རྟོག་འཆར་དང་དངོས་བརྒལ།   ལག་རྩལ་ཁོ་ན་ལས་གྲུབ་པ་ཞིག་མ་ཡིན།     གལ་སྲིད་དེ་འདྲ་ཡོད་གྱུར་ན་དེ་ནི་སྒྱུ་རྩལ་གང་ཞིག་གི་མཛེས་དཔྱོད་ཀྱི་དགོས་མཁོ་ཙམ་ཡིན།

              དངོས་བཤུས་གློག་བརྙན་ལ་བརྙན་མིག་རིང་མོའི་ཐབས་དང་བརྟན་འཇགས་ཀྱི་བརྙན་མིག  བྱ་མིག་གི་ཟུར་ནི་དངོས་བཤུས་གློག་བརྙན་ལ་གཞི་རྩའི་བརྙན་ཐབས་ཀྱི་ལམ་ཡིན།    ༼དུས་བསྟུན་གྱི་འདབ་ཆགས༽ཞེས་བའི་སྐྱེ་ཁམས་གློག་བརྙན་གྱི་བརྙན་ཐབས་ལ་བལྟས་ན།    བྱ་མིག་གི་ཟུར་དང་འཕྲེད་ཟུར།   རྗེས་འདེད་ཀྱི་ཟུར་ནི་ཅུང་རྒྱུགས་ཆེ་བའི་སྣང་བརྙན་གྱི་རྣམ་པ་དང་གློག་བརྙན་ལ་མཁོ་བའི་བདེན་དོན་གྱི་ཚད་རིམ་ལ་དམིགས་པ་དང་པོ་ཡིན་སྲིད།   དེ་ནི་འཁྲབ་ཁྲིད་པ་ཁོང་གི་ཆེས་མཐོའི་བློ་མིག་གི་སྒྱུ་རྩལ་དང་ཆེས་མཐོའི་ལག་རྩལ་བརྙན་ལེན་གྱི་དཀའ་ཁགའང་ཡིན་ངེས།  

    སྤྱིར་ན་བརྙན་མིག་ཟུར་ཚད་ལ་རྩ་བའི་དབྱེ་ན།   མཐོ་ཟུར་དང་གྱེན་ཟུར།   འཕྲེད་ཟུར།  དྲང་ཟུར།   བྱ་མིག་གི་ཟུར་སོགས་ཟུར་དང་ཟུར་མི་འདྲ་བའི་ཚད་རིམ་མང་པོ་ཞིག་མཆིས།  ཟུར་ཚད་དང་འབྲེལ་བའི་རིག་ལམ་འདི་ནི་ཕལ་ཆེར་གྲངས་རིག་གི་སྤྱི་མཚན་ཞིག་ཡིན་སྙམ།   གང་ལྟར།   ཟུར་ཚད་ནི་མཛེས་དཔྱོད་དང་རིག་པ།  རྩ་དོན།   ཐབས་ཤེས་གཞི་གཅིག་ཏུ་སྦྲེལ་བའི་ལམ་ཞིག་ཡིན་པས།   འདི་ལའང་གཞུང་ལུགས་རང་བཞིན་གྱི་ཤེས་བྱའི་རིམ་པ་ཡོད་ངེས།   དེ་ཡང་ཀྲུང་གོའི་གློག་བརྙན་བརྙན་ལེན་དང་བརྙན་ངོས་གསར་འབྱེད་ཅེས་པའི་ནང་དུ་ཟུར་ཚད་ཀྱི་རིགས་ལ་དབྱེ་ན་བརྙན་ལེན་གྱི་ཟུར་ཚད་དང་བརྙན་ངོས་ཀྱི་ཟུར་ཚད།   བརྙན་མིག་གི་ཟུར་ཚད།   བརྙན་ཐབས་ཀྱི་ཟུར་ཚད།  བརྙན་འཕྲུལ་གྱི་ཟུར་ཚད་བཅས་སུ་དབྱེ་བ་ཡིན་ཞེས་བཤད་པ་ནང་བཞིན།   ཟུར་ཚད་ནི་ཕྱོགས་བསྡུས་རང་བཞིན་གྱི་དམིགས་པ་མི་འདྲ་བ་ཡིན་པ་ཤེས་སྲིད།    གློག་བརྙན་གྱི་ཟུར་ནས།   ཟུར་ཚད་ཀྱི་བརྙན་ངོས་རིམ་པ་ནི་མིའི་མཛེས་དཔྱོད་ཀྱི་རྟོགས་པ་དང་འབྲེལ་བ་དམ་ཟབ་ཡོད་ལ།  མིའི་མཛེས་དཔྱོད་ཀྱི་འགྱུར་བ་དེའང་བརྙན་ངོས་ཀྱི་འགྱུར་བ་ལས་སྐྱོམ་འགུལ་བྱུང་།   དེ་ནི་གློག་བརྙན་ལ་མཁོ་བའི་སྤྱིའི་མཛེས་བ་ཡིན།   མཛེས་བ་དེ་ཉིད་ངེས་པར་དུ་བརྙན་ཐབས་མི་འདྲ་བའི་ཟུར་ཚད་ལ་འབྲེལ་བ་ཡོད།     འདིར་བརྙན་མིག་གི་ཟུར་རེ་རེ་བཞིན་དབྱེ་ཞིབ་རགས་ཙམ་བྱས་ན།  བྱ་མིག་གི་ཟུར་ནི་བར་སྣང་གི་སྟོང་ཁམས་ཆེན་མོའི་བར་སྟོང་ལ་དམིགས་ནས་བླངས་བའི་བརྙན་གྱི་ཚད་ཡིན།   ཚད་དེ་ནི་གློག་བརྙན་པའི་ལག་རྩལ་སྒྲིག་ཆས་ལའང་འབྲེལ་བ་ཡོད།   སྤྱི་དང་བྱེ་བྲག་གི་འབྲེལ་བ་ལས་སྤྱིའི་ཆ་ལ་གོ་བ་ཡིན།    བྱ་མིག་གི་ཟུར་ནི་བྱ་དངོས་གང་ཞིག་གི་སྣང་བརྙན་མཚོན་པ་ལ་ཆེས་ཟུར་ཡངས་བའི་ཁྱོན་དང་ཁོད་ཡངས་བའི་གནས་གང་ཞིག་ནས་དམིགས་ས་ཞིག་གཞིར་བཟུང་ནས་བར་ཐག་རིང་བོར་བརྒྱུས་ཏེ་བླངས་བའི་བརྙན་ཐབས་རིག་པ་ཞིག་ཡིན།   དེ་ནི་གློག་བརྙན་ལས་རང་བྱུང་སྐྱེ་ཁམས་ཆེན་མོ་དང་ཡང་ན་འཇིག་རྟེན་འདི་ལས་བརྒལ་བའི་སྟོང་ཁམས་ཆེན་མོའི་སྣང་བརྙན་བཞེངས་བའི་ཆ་ལ་འཇུག་པ་ཡིན།   ཟུར་གཞན་ཞིག་ནས་དངོས་བཤུས་གློག་བརྙན་ལ་མཁོ་བའི་ཟུར་ལེགས་པོ་ཞིག་ཅི་ལ་མིན།  དེ་བཞིན།  མཐོ་ཟུར་དང་གྱེན་ཟུར་གྱི་ཟུར་ཚད་ནི་གློག་བརྙན་ལས་སྣང་བའི་གཟུགས་བརྙན་གང་ཞིག་འཇིགས་རུང་ཅན་དང་རྫིགས་ཉམས་ཀྱི་བཟོ་ལྟ་ལ་མཁོ་བ་ལ་གྱེན་ཟུར་ནི་གལ་ཏུ་ཆེ།    གློག་བརྙན་ལས་དཔའ་རྒོད་རིང་ལུགས་པས་ཟིལ་གྱིས་མནོན་པའི་ངང་ཚུལ་ལའང་འོས་སུ་སྦྱོར།   དངོས་བཤུས་གློག་བརྙན་གྱི་ངོས་ནས་མཐོ་ཟུར་ནི་བྱ་མིག་གི་ཟུར་ལས་ཅུང་ཚད་རིམ་དམའ་ཡང་།  བརྙན་ལེན་པའི་བྱ་དངོས་གང་ཞིག་དམིགས་འཛིན་གྱི་ཡུལ་དང་ཁྱབ་ཁོངས་མང་པོ་གཅིག་སྡུད།  མཚོན་བྱའི་གཞི་སྙིང་བོར་འཛིན་པ་ལ་མཐོ་ཟུར་གྱི་བརྙན་ཐབས་ལེགས་འདུག་པ་གློག་བརྙན་མང་པོ་ལས་གསལ་འབྱེད་བྱས་ཡོད།   གལ་སྲིད་གློག་བརྙན་ལ་བལྟ་ཤེས་ན་དེ་ནི་གླེང་མི་དགོས་དཔེ་མཚོན་དངོས་བཤུས་གློག་བརྙན་གྱིས་ར་སྤྲོད་བྱས་ཡོད།  ༼དུས་བསྟུན་གྱི་འདབ་ཆགས༽ཞེས་བའི་དངོས་བཤུས་གློག་བརྙན་གྱི་བརྙན་དབྱེ་ལ་གཞིགས་ན།   རྒྱང་བརྙན་དང་ཉེར་བརྙན།  དམིགས་བརྙན་གྱི་བྱེད་ཐབས་ཀྱང་སྤྱད་ཡོད་པ་རེད།    དེ་ལས་རྒྱང་བརྙན་ནི་ཁོར་ཡུག་དང་རང་བྱུང་ཁམས་ཆེན་མོ་གང་ཞིག་ལ་དམིགས་ནས་བསྐྲུན་པའི་བརྙན་དབྱེ་རིགས་སུ་གཏོགས།   དེ་བས།  དངོས་བཤུས་གློག་བརྙན་འདི་ལས་རྒྱང་བརྙན་གྱི་ཟུར་ནི་ཡོད་ལ།   ཟུར་དེ་ནི་སྐྱེ་ཁམས་དངོས་བཤུས་གློག་བརྙན་གྱི་སྒྱུ་རྩལ་བརྐོ་བཞེངས་སུ་གྲུབ་ཡོད།     རིམ་གྱིས་བརྙན་དབྱེ་མི་འདྲ་བའི་ཁྱོན་ནས་རྒྱང་བརྙན་ནས་ཉེར་བརྙན།  ཉེར་བརྙན་ནས་དམིགས་བརྙན་གྱི་བྱེད་ཐབས་འཛིན་པ་དེའི་གློག་བརྙན་གྱི་བརྙན་ངོས་མི་འདྲ་བའི་མཛེས་དཔྱོད་ཀྱི་འགྱུར་བ་དང་བརྙན་འགྲོས་ཀྱི་ཚད་གཞི་གཙོ་བོ་ཡིན།   དངོས་བཤུས་གློག་བརྙན་ཁོ་ན་མ་གཏོགས་མི་འཚམ་ཞེས་པ་ནི་གཏན་ནས་མིན།   གློག་བརྙན་ཡོངས་ལ་གཅིག་བསྡུས་ཀྱི་ཟུར་དང་སྤྱི་མཐུན་གྱི་ལུགས་ནི་ཡོད་པས་ཡིན།

 

p1001246298.jpg

 

    མྱུར་ཚད་ཀྱི་བར་སྟོང་ནི་གློག་བརྙན་གྱི་དབྱངས་འགྲོས་མི་འདྲ་བའི་ཚད་ཡིན་ལ།  འགུལ་སྐྱོད་ཀྱི་འགྲོས་ཚད་ནི་གློག་བརྙན་གྱི་གཞི་རྩའི་རང་བཞིན་དུ་གྲུབ་ཡོད་པས།   དངོས་བཤུས་གློག་བརྙན་འདི་ལ་རྗེས་འདེད་ཀྱི་ཟུར་ཚད་དང་བྱ་མིག་གི་ཟུར་ཚད་ལས་བཞེངས་བའི་སྣང་བརྙན་ནི་གློག་བརྙན་གྱི་རྩ་བའི་འགན་འཁྲི་བདེན་པ་ཚུར་སྣང་དང་དངོས་ཡོད་ཉེར་འཇུག   འགྱུར་བ་ར་སྤྲོད་ཀྱི་སྒྱུ་རྩལ་ཤུགས་ཀྱིས་གྲུབ་ཡོད་ལ་གནས་ཀྱང་ཡོད་པས།  གློག་བརྙན་གྱི་མཛེས་བ་དངོས་མཐོང་ཡོད།   དེ་ནི་བརྙན་ངོས་སུ་ཡོད་ལ་རོལ་དབྱངས་སུའང་ཡོད།   དེ་ལས་ཀྱང་འདབ་ཆགས་ཀྱི་འཚོ་གནས་དམ་བཅའ་ལ་གྲུབ་ཡོད། 

 

ཟུར་མཆན།

༡ ༼ཡྰ་ཁུ་པེ་ཧྭན༽   རྒྱལ་སྤྱིའི་དངོས་བཤུས་གློག་བརྙན་པ་ཆེན་མོའི་ཆོ་ལོ་འཐོབ་པའི་ཁོང་ནི་ཧྥ་རན་སིའི་སྐྱེ་ཁམས་གློག་བརྙན་འཁྲབ་ཁྲིད་པ་ཡྰ་ཁུ་པེ་ཧྭན་ཡིན།   ཁོང་གི་བརྩམས་ཆོས་ལ་༼ཧི་མ་ལ་ཡ༽དང་༼ཕྲ་རབ་ཀྱི་འཇིག་རྟེན༽ ༼རྒྱ་མཚོ༽སོགས་ཡོད།

༢ ༼བན་ཤུལ་དཔལ་མཁར་རྒྱལ།༽   བོད་ཀྱི་བོན་ཆོས་རིག་གཞུང་དང་བོད་རིག་གཞུང་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན།   ཁོའི་བརྩམས་ཆོས་ལ་༼བོན་བཤད་པོ་ཏི་ཕྲ་མོ༽དང་༼ཚངས་དབྱངས་ཞིབ་འཇུག༽ ༼དེབ་ཐེར་ནག་པོ༽ ༼གླ་རྩིའི་ཚོང་ལམ༽ ༼བོད་ཀྱི་ལོ་རྒྱུས་གསར་བརྗེ༽ ༼བོན་གྱི་སྒོང་སྐྱེས་ལྟ་བའི་སྐོར་ཞིབ་འཇུག༽སོགས་ཡོད། 

༢ ༼འཇུ་བཀྲ་ཤིས་བཟང་བོ།༽   བོད་ཀྱི་དེང་རབས་འདབ་ཆགས་ཞིབ་འཇུག་པ་ཐོག་མ་ཡིན།   ཁོང་གིས་༼ཤར་གཉན་པོ་གཡུ་རྩེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས༽ཀྱི་གཙོ་སྒྲུབ་པ་ཡིན།    མིང་གཞན་ལ་བྱ་རྫིའམ་བྱ་བླ་མའང་ཟེར།   ད་ལྟའི་བར་དུ་བོད་ཀྱི་འདབ་ཆགས་སུམ་བརྒྱ་དྲུག་བཅུ་ལྷག་ལ་འཚོལ་ཞིབ་དང་བདེན་དཔང་བྱས་ཡོད། 

༤ ༼གློག་བརྙན་བརྙན་ལེན་དང་བརྙན་ངོས་གསར་འབྱེད༽ཞེས་བ་ནི་ཀྲུང་གོའི་རྩོམ་པ་པོ་ཀྲང་ཧྭེ་ཅིན་གྱིས་བརྩམས་པ་ཡིན།  ཀྲུང་གོའི་གློག་བརྙན་དཔེ་སྐྲུན་ཁང་།   ཤོག་ངོས ༡༧༨  གསལ།   

དཔྱད་མཆན་ཡོད།