བོད་ངོ་མ་བརྙན་ཡོལ་ཆེན་པོའི་ངོས་སུ་འདྲེན་པའི་མི་བུ་དང་མཇལ་འཛོམས།

                                                                                                             རྩོམ་པ་པོ། ཨལ་བྷིར་ཁྲི། (Albert)
                                                                                                                                སྒྱུར་མཁན། གཡུ་རྩེ།
         ལོ་ན་འབྲིང་དང་སྐྲ་ལོ་ལྟག་རྒྱབ་ཏུ་ཡར་བཅིངས་ཤིང་། སྐབས་རེར་གཞན་དང་མཉམ་དུ་ཁ་བརྡ་བྱེད་པ། ཉིན་མཚན་ཀུན་ཏུ་རི་སྒང་དུ་ལུག་འཚོ་བ་དང་ས་གཞན་ལ་གཏན་ནས་སོང་མ་མྱོང་བ། ལོ་རྒྱུས་དམིགས་བསལ་ཅན་གང་ཡང་ཤོད་རྒྱུ་མེད་ལ། རང་གི་འཇོན་ནུས་ཀ་རེ་ཀོ་རེ་དེ་རྒྱ་སྐད་ནང་མོའོ་ཙེ་ཏུང་གི་གསུང་བཏུས་ལུ་གུ་རྒྱུད་དུ་སྐྱོར་ཏེ་རིག་གནས་གསར་བརྗེའི་ཉི་མ་ནག་པོ་དག་གི་རིང་བཞག་པའི་རྗེས་ཤུལ་མངོན་པར་བྱེད་པའི་ཐར་ལོ་ལྟ་བུའི་མི་བོད་ས་མཐོའི་སྟེང་དུ་ཕལ་ཆེར་སྟོང་ཕྲག་མང་པོ་ཡོད་ངེས།
        དགའ་བསུ་ཐོབ་པའི་བོད་པ་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱི་ཆེད་དོན་གློག་བརྙན་ཐར་ལོ་ནི་འཁྲབ་ཁྲིད་པ་དང་རྩོམ་པ་པོ་རང་ཉིད་ཀྱི་སྒྲུང་ཐུང་བཅོས་པ་ཞིག་སྟེ། ལུག་རྫི་ཞིག་གཞུང་གི་ཐོབ་ཐང་ལག་འཁྱེར་ལེན་དུ་བསྐྱོད་པའི་སྤྲོ་སེམས་འཁོལ་བའི་འགྲུལ་བཞུད་ཀྱི་རྗེས་སུ་སྙེག་ཡོད། གློག་བརྙན་འདི་རེས་གཟའ་ལྷག་པའི་ཉིན་ནེའུ་ཡོག་དེང་རབས་སྒྱུ་རྩལ་འགྲེམ་སྟོན་ཁང་(MoMA)དུ་འདེམས་ཐོན་བྱུང་བ་དང་། ཕྱི་ཟླ་བཅུ་གཅིག་ནང་ཨ་རིའི་གྲོང་ཁྱེར་འདྲ་མིན་ནང་གཟིགས་འབུལ་ཞུ་རྒྱུའི་ལས་རིམ་སྒྲིག་འདུག       

       ཚེ་བརྟན་གྱིས་འདིར་ཡུན་རིང་བོར་བརླག་ཏུ་ཕྱིན་པའི་བོད་མི་ཞིག་གི་ངོས་ནས་ནང་ཁུལ་གྱི་མི་ཞིག་གིས་བོད་ལ་ལྟ་སྟངས་མཁོ་སྤྲོད་བྱེད་དུ་ཡོང་བར་བརྗོད་ཡོད།

        ཚེ་བརྟན་གྱིས་བདུན་ཕྲག་སྔོན་མར་ནེའུ་ཡོག་གི་བྷོའུ་རྫི ཧྥེ་ཌི(BuzzFeed)གསར་ཁང་གི་བཅར་འདྲི་རུ་“ཕྱི་རྒྱལ་བས་བོད་ཀྱི་སྐོར་ལ་བཟོས་པའི་གློག་བརྙན་ཁག་གིས་མཚམས་རེར་རྟོག་འཆར་ལ་བླ་ལྷག་གིས་དོ་སྣང་བྱེད་པ་དག་ནི་ཕྱི་རོལ་གྱི་མཐོང་སྣང་གི་གཞི་རྩ་བྱས་པ་དང་། རྒྱ་མི་ཚོས་དེ་བས་ཀྱང་རྟོག་འཆར་ཐ་དད་པ་ཞིག་དང་ལྷན་དུ་དེ་མཚུངས་སྒྲུབ་པ་རེད།”ཞེས་བརྗོད་ཡོད།1479909599536606.jpg         སྙན་ངག་གིས་བརྒྱན་པའི་སྐྱ་མདངས་ཅན་གྱི་གློག་བརྙན་འདི་ཡིས་ཅི་ཞིག་མཚོན་པ་ནི་བྱེ་བྲག་གི་མཛེས་རྩལ་གྱི་ཁ་ཕྱོགས་ཤིག་ཏུ་བསྐྱོད་དེ་སྲོལ་རྒྱུན་ལ་དམ་པོར་འབྱར་བ་དང་བོད་ཀྱི་དེང་རབས་ ཀྱི་དངོས་ཡོད་ཀྱི་སྟེང་ལའང་སྤོ་བའི་བོད་མི་དཀྱུས་མ་ཚོའི་མི་ཚེ་ལ་འཐམ་པའི་བར་མཚམས་ཤིག་ཡིན། འདི་ཡིས་སྐད་ཅོར་ཚ་བོས་ལྟ་མཁན་རྣམས་གནད་དོན་གལ་ཆེན་ཁག་གི་སྟེང་ལ་ཁ་སྒྱུར་ཐབས་བྱེད་པ་མིན་པར། རྒྱ་མི་རིགས་ཀྱི་ཚན་ཁག་ཕལ་ཆེ་བས་རྒྱུན་དུ་བོད་པའི་ཐོག་ལ་ལོག་འགྲེལ་ཤུགས་དྲགས་བྱས་པའི་རྒྱ་ནག་གི་གློག་བརྙན་ཁག་ལ་གཡའ་སེལ་བྱེད་པ་ཡིན།
        “དེ་སྔོན་གྱི་བོད་བརྗོད་བྱ་བྱས་པའི་གློག་བརྙན་(རྒྱ་ནག་གིས་བཟོས་པ།)ཁག་གི་ནང་རྒྱ་རིགས་འཁྲབ་སྟོན་པ་བཀོལ་བ་དང་སྐད་ཆ་རྣམས་རྒྱ་སྐད་ནང་བཤད་ཡོད། གཞི་རྩའི་ཆ་ནས་དེ་དག་ནི་རྒྱ་མི་ཚོའི་སྒྲུང་རྣམས་ནོར་འཁྲུལ་མང་པོ་དང་བཅས་ཏེ་བོད་ཆས་གྱོན་ནས་བཤད་པ་དག་རེད་ལ། ངས་ང་ཚོ་རང་ཉིད་ཀྱི་གློག་བརྙན་བཟོས་པ་བརྒྱུད་ནས་དེ་ལྟ་བུའི་ཁོར་ཡུག་དེ་བསྒྱུར་འདོད་ཡོད། ”ཅེས་ཚེ་བརྟན་གྱིས་བརྗོད་ཡོད།                         ད་ཆ་པེ་ཅིན་དུ་གནས་སྡོད་བྱེད་པའི་ཚེ་བརྟན་ནི་འབྲོག་པ་རྫི་བོའི་བུ་ཕྲུག་ཡིན་ལ། སྲོལ་རྒྱུན་དུ་བོད་ཨ་མདོ་རུ་འབོད་པའི་མཚོ་སྔོན་གྱི་བོད་མི་མང་ཆེ་བའི་རྫོང་ཞིག་ཏུ་ཕ་མ་སྤུན་མཆེད་ཡིན་པའི་སྤུན་ཆུང་བ་གཉིས་དང་ལྷན་དུ་རྒྱ་བོད་སྐད་གཉིས་ཐོག་འཚར་ལོངས་བྱུང་།
         བོད་སྐད་ནང་ཆ་ཚང་སྒོས་གློག་བརྙན་བཟོ་བའི་རྒྱ་ནང་གི་འཁྲབ་ཁྲིད་པ་ཆེས་ཐོག་མ་བ་འདི་ད་ལྟ་ལོ་ན་ཞེ་བདུན་ལ་སོན་ཞིང་། ཐར་ལོ་དང་དེ་སྔའི་བརྩམས་ཆོས་ཁྱི་རྒན། འཚོལ་བཅས་ཀྱི་ཐོག་ནས་རྒྱལ་ཁབ་ཕྱི་ནང་གཉིས་ཀ་རུ་བྱ་དགའ་མང་པོ་ཐོབ་ཡོད། ཁོའི་བྱ་བཞག་ནི་མགྱོགས་མྱུར་ངང་གོང་འཕེལ་དུ་འགྲོ་བཞིན་ཡོད་དེ། ཁོང་ནི་ཕྱི་ལོ༢༠༠༠ལོའི་སྟོད་དུ་རྒྱ་ནག་གི་སྙན་གྲགས་ཅན་གྱི་པེ་ཅིན་གློག་བརྙན་གཙུག་ལག་སློབ་ཁང་ནས་མཐར་ཕྱིན་པ་དང་། འདི་ལོའི་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་དཔྱད་འདེམས་པར་གདན་ཞུ་ཞུས་པའི་བོད་པ་འཁྲབ་སྟོན་པ་ཐོག་མ་ཡིན། ཐར་ལོ་རྒྱ་ནག་ནང་ཁོའི་བརྩམས་ཆོས་སྔོན་མ་ཁག་གཅིག་ལའང་བྱུང་མེད་པའི་གཞི་རྒྱ་ཆེན་པོས་འགྲེམ་སྤེལ་བྱེད་ཐུབ་ཡོད།

        དོན་གང་རུང་ལ་འཕྲད་སྐབས་ཁོས་རང་གི་སྐད་ཆ་རྣམས་གཟབ་ནན་གྱིས་འདེམ་སྒྲུག་བྱེད་པ་དང་། མ་ཟད་ཁོས་བོད་ཀྱི་ངོ་བོའི་འདུ་ཤེས་ལ་དཔྱད་ཞིབ་བྱེད་ཚུལ་གྱིས་བོད་པའི་བྲག་ཅ་འཁོར་བའི་བསྐྱར་ཟློས་ཡང་ཟློས་ཀྱི་རིག་གཞུང་གི་ཀ་ཤུ་ཀ་དག་ལ་ཚེ་སྲོག་གསར་པ་སྦྱིན་པ་རེད།
        དུས་ཡུན་རིང་པོའི་རིང་བོད་ནང་དུ་གློག་བརྙན་ལྟ་མཁན་ཚོས་ལྟ་ཐུབ་པའི་གློག་བརྙན་ནི་སྤྱི་ཚོགས་རིང་ལུགས་ཀྱི་དྲིལ་བསྒྲགས་གློག་བརྙན་ཁག་ཁོ་ན་ཡིན་ལ། ཆེས་མངོན་གསལ་ཅན་གྱི་དཔེར་མཚོན་དེ་དག་ལས་གཅིག་ནི་ཕྱི་ལོ༡༩༦༣ ལོར་གཞུང་གཉེར་གློག་བརྙན་བཟོ་སྐྲུན་ཁང་གིས་བཟོ་སྐྲུན་བྱས་ཤིང་། ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ཤིག་གི་ནང་དུ་རུལ་སུངས་ཀྱི་ས་བདག་དང་གྲྭ་པ་ཚོས་མི་ཚོའི་མི་ཚེར་དབང་སྒྱུར་གྱི་གདུག་རྩུབ་ཅན་གྱི་དཀའ་སྡུག་མཚོན་པར་བྱས་པའི་བྲན་གཡོག་ཅེས་པ་དེ་ཡིན་ཞིང་། དེང་སྐབས་དེ་ནི་དྲིལ་བསྒྲགས་གློག་བརྙན་ཞིག་ཡིན་པ་ཤེས་ཡོད་མོད། དེ་དུས་གཞན་གང་ཡང་མེད་པས་ལོ་ན་ཆུང་བའི་ཚེ་བརྟན་གྱིས་དེ་ལ་ཡི་རངས་དང་བཅས་ཡང་དང་བསྐྱར་དུ་བལྟས་ཡོད། ཚེ་བརྟན་གྱིས་“དེ་ཡིས་ཕལ་ཆེར་བོད་མི་རྣམས་གཉའ་ཆག་པ་དང་ང་ཚོ་རང་ཉིད་འཚོ་གནས་བྱེད་པའི་རིག་གནས་ལ་ཐེ་ཚོམ་ཟ་བར་བགྱིས་ཡོད།”ཅེས་བརྗོད་ཡོད།
       ཀྲུང་གོའི་དཔལ་འབྱོར་སྔར་ལས་ཀྱང་ཁྲོམ་ར་ཅན་དུ་འགྱུར་གྱིན་པ་བཞིན་དུ་བོད་ཡུལ་གྱིས་རྒྱ་མི་ཡུལ་སྐོར་བ་སྟོང་ཕྲག་མང་པོ་མེ་འཁོར་ལ་བསྡད་དེ། རང་སེམས་བཙོ་སྦྱང་བྱ་ཆེད་བོད་ཀྱི་ནང་པའི་གནས་ཆེན་ཁག་ཏུ་ཉི་མ་མང་པོ་གཏོང་བར་དགའ་བར་བྱས་ཡོད་ལ། ལྷག་པར་དུ་འགྲུལ་བཞུད་དེ་རྒྱལ་ཡོངས་ཀྱི་དར་སྲོལ་གསར་མའི་གྲགས་སྐར་དག་གི་ཁྲོད་དུ་དར་སྲོལ་ཆེ།

                   1479909686109997.jpg

        རིག་གནས་གསར་བརྗེ་དང་དེའི་རྗེས་འབྲས་དང་འབྲེལ་བའི་ཐར་ལོ་ཡི་འཁྲབ་གཞུང་ལ་གཞུང་གི་ཞིབ་བཤེར་བཀའ་འཁྲོལ་ཐོབ་པ་ཤེས་དུས་ཚེ་བརྟན་ཡ་མཚན་ཡོད། རྒྱ་ནག་གི་འཁྲབ་ཁྲིད་པ་ཕལ་ཆེར་ཡོངས་རྫོགས་ཀྱིས་དམ་བསྒྲགས་ཆེ་བའི་ཞིབ་བཤེར་ལ་སྐྱོན་བརྗོད་བྱས་ཡོད་མོད། ཚེ་བརྟན་ལ་མཚོན་ན་བོད་པ་གློག་བརྙན་བཟོ་སྐྲུན་མཁན་ཞིག་ཡིན་པས་དེ་བས་ཀྱང་དམ་བསྒྲགས་ཆེ་བ་ཡོད་པ་རེད། ཞིབ་བཤེར་ཚན་པར་རྒྱ་རྒྱ་མིའི་གློག་བརྙན་ཁག་གི་ནང་དོན་མདོར་བསྡུས་ཤིག་སྤྲོད་དགོས་པའི་སྐབས་སུ་བོད་པའི་གློག་བརྙན་ཁག་གི་བསྐྱར་ཞིབ་ལ་འཁྲབ་གཞུང་ཧྲིལ་བོ་གྲ་སྒྲིག་བྱེད་དགོས། རྒྱ་གློག་བརྙན་ཁག་ལ་རླུང་འཕྲིན་དང་གློག་བརྙན། བརྙན་འཕྲིན་བཅས་ཀྱི་ལས་ཁུངས་ཁོ་ནས་ཞིབ་བཤེར་བྱེད་མོད། གྲངས་ཉུང་མི་རིགས་ཀྱི་གནད་དོན་ཁག་ལ་འཐབ་ཕྱོགས་གཅིག་གྱུར་སྒྲིག་བཅོས་ལས་ཁུངས་ཟེར་བའི་གཞུང་འབྲེལ་ལས་ཁུངས་ཤིག་གིས་སྟངས་འཛིན་བྱེད་པ་དང་། བོད་པའི་གློག་བརྙན་ཁག་ཀྱང་དེའི་ནང་དུ་ཚུད་ཡོད་ལ། ཆོག་མཆན་ལ་ཚད་བཀག་གིས་དམ་དྲག་མ་བྱས་པ་གཅིག་ཀྱང་མེད། ཚེ་བརྟན་ནས་ཀྱང་“དུས་ཡུན་རིང་པོར་སྒུག་དགོས་པ་རེད།”ཅེས་བརྗོད་ཡོད་ལ། ཆོག་མཆན་ཐོབ་སོང་བའི་བརྗོད་བྱ་རྣམས་ཆེས་ཚད་བཀག་ཅན་དང་སྒྲིག་གཞི་ཅན་ཡིན།

        རྩོམ་འབྲི་ནི་རང་དབང་དང་ཆེས་ཆེར་འབྲེལ་བའི་ཆ་ལག་ཅིག་ཏུ་བརྩི་བའི་ཚེ་བརྟན་གྱིས་“ཞིབ་བཤེར་གྱིས་གསར་རྩོམ་གྱི་སྒྲིག་གཞི་ལ་གནོད་པ་རེད། ངའི་དེ་སྔོན་གྱི་གློག་བརྙན་ཁག་ནི་རང་བྱུང་གི་རིགས་ཤིག་ཡིན་ལ། དོན་ངོ་མར་སྒྲོམ་གཞི་ཞིག་ཡོད་པ་རེད་དེ། ངས་གང་བརྗོད་འདོད་པ་དེ་བཤད་དགོས་པ་རེད།”ཟེར།
       ཐར་ལོའི་ནང་དུ་ཚེ་བརྟན་གྱིས་གཉའ་གནོན་འོག་ཏུ་མ་འཚུད་པར་རང་གི་དམིགས་དོན་དེ་མཚོན་པར་ཁོང་ལ་ཡོད་པའི་ཇུས་ཡོད་ཚད་བཀོལ་སྤྱོད་བྱས་ཡོད། འཁྲབ་སྟོན་གྱི་དབུ་རུ་སྲིད་གཞུང་དང་བོད་མི་རྣམས་ཕྱོགས་གཉིས་སུ་གྱེས་པའི་མཚོན་རྟགས་ཤིག་སྟེ། དུ་ཁུང་གྲལ་དག་ཅིག་གིས་ཐར་ལོ་དང་ཉེན་རྟོག་པའི་མགོ་བ་གཉིས་ཐ་དད་དུ་འབྱེད་པ་དང་། ཁོས་དངོས་ཡོད་དང་འཁྲུལ་སྣང་གི་བར་མཚམས་འཁྲབ་སྟོན་བྱ་རྒྱུ་དེ་གཟུགས་བརྙན་དག་གི་ལྡོག་འཕྲོའི་སྟེང་ལ་ཤུགས་ཆེར་བཞག་ཅིང་། ཐར་ལོ་ཡིས་ཉེན་རྟོག་པའི་མགོ་བར་མོའོ་ཡི་གསུང་བཤད་དུམ་མཚམས་ཤིག་གི་ནང་དོན་དྲིས་པ་དེ་བསམ་མེད་ཀྱི་དབང་འཛིན་པའི་སྣང་བརྙན་ཞིག་གི་སྟེང་དུ་བཞག་ཡོད།554949522.jpg       གློག་བརྙན་འདིས་ཟླ་སྔོན་མར་དོན་དམ་པའི་སྐད་གཉིས་སློབ་གསོ་ཞིག་གི་ཆེད་དུ་ཞུ་གཏུགས་བྱེད་མཁན་བོད་མི་ཞིག་གིས་ནེའུ་ཡོག་དུས་བབ་ལ་ཁ་བརྡ་བྱས་རྗེས་ཉེན་རྟོག་པའི་འཛིན་བཟུང་བྱས་སྐབས། རང་གི་ངོ་བོ་དང་གཅེས་ནོར་རྣམས་བོར་བརླག་གི་མཐོ་རླབས་ལ་སླེབས་པར་སེམས་ཁྲལ་བྱེད་པའི་བོད་མི་མང་པོའི་ཁྲོད་བྱུང་བའི་སེམས་ཚོར་གྱི་སྒོ་དལ་བུར་རྡུང་ལ། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་ལྟེ་བ་ཟི་ལིང་དུ་བོད་མི་འབུམ་གཅིག་དང་ཁྲི་ཉིས་བརྒྱ་གནས་སྡོད་བྱེད་ཅིང་། མི་མང་དེ་རྣམས་ཀྱིས་ཆེས་ཐོག་མར་བོད་ཡིག་སྔོན་འགྲོའི་སློབ་གྲྭ་གསར་འཛུགས་བྱེད་པར་འབོད་སྐུལ་བྱེད་ཀྱིན་ཡོད།
        བོད་སྐད་དུ་ཐར་ལོ་ནི་ཤོར་བའི་དོན་ཡིན་ལ། གློག་བརྙན་འདི་ཚེ་བརྟན་གྱིས་ཡོངས་བསྒྲགས་བྱེད་དགོས་པར་འདོད་པའི་འཇིགས་སྣང་ཞིག་སྟེ་ངོ་བོ་བོར་བརླག་གི་སྐོར་ཡིན་པས་གོ་དོན་དེ་འོས་ཤིང་འཚམ་ལ། དེར་བརྟེན། ཁོས་རང་གི་གློག་བརྙན་ཁག་ཡོངས་སུ་བོད་སྐད་ནང་བཟོ་རྒྱུ་ཐག་བཅད་པ་རེད། ལོ་གཉིས་ཀྱི་སྔོན་ལ་ཁོས་གྲོང་ཁྱེར་ནས་སྐྱེས་པའི་རང་གི་བུ་བོད་པའི་དགོན་པ་ཞིག་ཏུ་བོད་སྐད་མྱུར་སྦྱོང་སླད་བཏང་པ་དང་། དེ་དུས་མཐོ་འབྲིང་སློབ་གྲྭ་འགྲིམ་པའི་བུ་ལ་སྐད་ཡིག་དང་རིག་གཞུང་སྐོར་གྱི་རྩི་ཅུང་ཙམ་འགོས་པ་དེར་ཁོང་ཧ་ཅང་མཉེས་བྱུང་ཞེས་ཁོང་རང་ཉིད་ཀྱིས་བརྗོད་ཡོད།
      རང་གི་ཕ་ཡུལ་དང་རྒྱང་ཐག་རིང་བའི་པེ་ཅིན་ནས་འཚོ་ཐབས་གཉེར་བའི་ཐར་ལོ་ནི་ཚེ་བརྟན་ཁོང་རང་ཉིད་ཡིན་ཆོག   “དེ་ནི་ཡོངས་སུ་བོར་བརླག་དང་འཚོལ་སྙེག་གི་སྐོར་ཡིན། ཐར་ལོ་ཡི་ནང་གི་བོད་མིའི་གོ་དོན་མཚོན་བྱེད་འགའ་ཤས་དེ་དང་ལྷན་དུ་མི་མང་པོར་ཐར་ལོ་དང་འབྲེལ་བའི་ཚོར་བ་སྐྱེ་ཞིང་། ཁོང་ཚོའི་ཐར་ལོ་ཡི་འགྲེལ་བརྗོད་ནི་དེ་ནི་བོད་མིའི་སྒྲུང་ཞིག་ཁོ་ན་མིན་པར། དེ་ནི་མང་པོ་མང་པོ་ཞིག་གི་སྒྲུང་ཞིག་སྟེ། ངོ་བོའི་སྐོར་གྱི་སྒྲུང་ཞིག་རེད་ཅེས་པ་འདི་ཡིན་ངེས།།”

དཔྱད་མཆན་ཡོད།