བླ་དང་སྲོག ཡང་ན་དཀར་པོ་དང་དམར་པོ།

བླ་དང་སྲོག  ཡང་ན་དཀར་པོ་དང་དམར་པོ།

  – པད་མ་ཚེ་བརྟན་གྱི་གློག་བརྙན་«དབུགས་ལྒང»་གི་

རིག་གནས་དགོངས་གཞི་བཀྲོལ་སྟངས། 


དཔལ་ལྡན་རྒྱ་མཚོ།(ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོ།  

微信图片_20201126150223.jpg

        པད་མ་ཚེ་བརྟན་གྱི་གློག་བརྙན་ནི་རིག་གནས་ཀྱི་ཟབ་ཚད་དང་དུས་རབས་ཀྱི་མྱུར་ཚད་འཛོམས་པའི་འཕྲེད་གཞུང་གི་ལྟ་བ་གཅིག་ཏུ་འཁེལ་བའི་ཁྱད་ཆོས་ཀྱིས་ཕྱུག་པ་ཞིག་རེད།  ཁོའི་གློག་བརྙན་བརྩམས་ཆོས་སྐོར་ཞིག་ལ་མདངས་ཀྱིས་དོན་སྟོན་པ་དང་མདོག་གིས་ཁམས་སྟོན་པ་བཅས་ཀྱི་ཁ་དོག་མི་གཅིག་པའི་ཕུགས་ཀྱི་རིག་གནས་བརྡ་རྟགས་གསེད་དུ་ཡོད་པ་ཞིག་རེད།  གློག་བརྙན་ཐར་ལོ་ལ་མཚོན་ན།  མདོག་གིས་ཁམས་སྟོན་པ་སྟེ།  དཀར་ནག་མདོག་གི་སྡེབ་ལུགས་ལས་ནང་སེམས་ཀྱི་དགེ་སྡིག་དང་གཏམ་རྒྱུད་ཀྱི་ཁམས་སྐྱོ་ཡུས་ཀྱིས་བསྡུས་པའི་སྣང་ཚུལ་འགྲེམ་པར་མཛད་ཡོད་ཅིང་།  དེ་བཞིན། གློག་བརྙན་དབུགས་ལྒང་ལ་མཚོན་ན།  མདངས་ཀྱིས་དོན་སྟོན་པ་སྟེ།  དབུགས་ལྒང་དཀར་དམར་གྱི་ཡིད་གཟུགས་སུ་བསྡུས་པའི་མིའི་ཚེ་སྲོག་དང་སྐྱེ་འགྲོ་ཀུན་ལ་ཡོངས་ཁྱབས་སུ་མངའ་བའི་སྐྱེ་འཕེལ་གྱི་ལྟ་བ་དུས་ཀྱི་འགྱུར་བག་ཁྲོད་དུ་བཏབ་ནས་ཡོད་ཅིང་།  བླ་གནས་ཀྱི་བརྟན་བརླིང་མཚོན་སྟངས་དང་ཚེ་སྲོག་གི་འཚོ་སྟངས། རྣམ་ཤེས་ཀྱི་འཕོ་ཉུལ་ལ་སོགས་པ་གཞི་གཅིག་སྣེ་གསུམ་དུ་རྒྱུན་ནས་མི་གཤིས་ཀྱི་དྭངས་མ་བཀྲམས་ཡོད། དབུགས་ལྒང་ནི་འདོད་ཡོན་གྱི་མཚོན་དོན་དུ་བྱས་པའི་རྣམ་ཤེས་ཀྱི་ཚུར་སྣང་ཞིག་རེད།  བླ་སྲོག་གི་སྣང་བརྙན་དུ་བཏབ་པའི་ཚེ་སྲོག་གི་འབོད་བརྡ་ཞིག་ཀྱང་རེད།   གློག་བརྙན་དུ་རྨི་ལམ་དང་འཁྲུལ་སྣང་།  ལྡོག་གཟུགས།  དབུགས་ལྒང་། རྩྭ་ཐང་།  ལུག་ཁྱུ།  ནམ་མཁའ།  སྤྲིན་དཀར་སོགས་ཀྱི་ཡིད་གཟུགས་སྤྱད་ནས།  སྐྱེ་འཆི་དང་རྣམ་ཤེས། དད་མོས་ལ་སོགས་བརྩེ་དུང་གིས་ཕྱུག་ཅིང་གསོན་ཉམས་ཀྱིས་བསྐྲུན་ཡོད་པ་ཞིག་རེད།

          དེ་མཚུངས་སུ་དུས་ཀྱི་བརྡབ་གསིག་དང་ཡུལ་གྱི་གཤིས་ལུགས་གཉིས་བསྣོལ་མར་བཏབ་ནས་རང་བྱུང་དང་སྤྱི་ཚོགས།  སྲོལ་རྒྱུན་དང་དེང་རབས།  ལྷ་ཆོས་དང་མི་ཆོས་སོགས་ཀྱི་མཐོང་སྣེ་གསར་པར་བརྒྱུས་ཏེ་མིའི་ལས་དབང་དང་མི་གཤིས་ཀྱི་ཟུར་ཚད་ལ་གདུང་ཟུག་ལྷོད་པའི་དོན་སྙིང་སོགས་ནི་ཁོའི་གློག་བརྙན་གྱི་ཡོངས་ཁྱབ་རིན་ཐང་གི་ངོས་ཤིག་རེད། 

       དེར་བརྟེན། ཁོའི་གློག་བརྙན་ལས་མི་རིགས་ཀྱི་སྐད་ཡིག་དང་གྱོན་ཆས།  ཡུལ་སྲོལ་གོམས་གཤིས་སོགས་ཀྱི་ཕྱི་ཚུལ་མི་འདྲ་བའི་རྣམ་པ་བརྟོལ་ནས་མི་གཤིས་འདྲ་མཚུངས་ཀྱི་གནས་བབ་དང་སྐྱིད་སྡུག་འཛམ་གླིང་ལ་སྟོན་པའི་འགན་འཁྲི་དང་མིག་རྒྱང་།  ཕུགས་བསམ་ཕྲག་ཏུ་ཁུར་པའི་སྒྱུ་རྩལ་འཚོལ་རྟོག་གི་འོས་འགན་ལྕི་མོ་དང་།  སེམས་དཔང་མཐོ་བའི་བྱ་གཞག་རླབས་ཆེ་བར་མཐོང་།

       གློག་བརྙན་« དབུགས་ལྒང»་ལས་ཨ་མྱེས་ཁྲོམ་ལ་དགའ་བར་བྱས་ཡོད།  དེ་ནི་སྟོབས་ལ་དགའ་བའི་སྣང་ཚུལ་བཀྲོལ་སྟངས་ཤིག་རེད།  སྟོབས་ནི་མིའི་གཉུག་གཤིས་སུ་ཆགས་པའི་རིག་གནས་ཁམས་སྟུག་པོ་དེ་རེད།  དེ་འདྲའི་རིག་གནས་ཀྱི་ཁུངས་རྒྱུན་ལས་ཕོ་རྩལ་སྣ་དགུ་བྱུང་པ་རེད།  ཚུལ་འདི་ནས་བལྟས་ན།  གློག་བརྙན་འདི་ལས་མངོན་པའི་དད་མོས་ནི་ཆོས་ལུགས་རྐྱང་པའི་ངོས་སུ་མེད་པར་མིའི་གཉུག་གཤིས་ཀྱི་དད་སྟོབས་སྟེང་ལ་འཕོས་སུ་བཅུག་ཡོད།  མིའི་རིགས་ཀྱི་ལོ་རྒྱུས་འཕེལ་བའི་གནས་ཚུལ་ལ་གཞིགས་ཡོང་ན།  དད་མོས་ཀྱི་རིགས་རིམ་པར་བྱུང་ཡོད་དེ།  རང་བྱུང་ཁམས་ལ་དད་མོས་བྱེད་པ།  སྲོག་ཆགས་ལ་དད་མོས་བྱེད་པ།  མེས་པོ་ལ་དད་མོས་བྱེད་པ།  དད་མོས་ཀྱི་དགོངས་སྙིང་ནི་སྟོབས་ལ་འདུད་ཅིང་བཀུར་བའི་དཔའ་བའི་བསམ་བློ་རེད།  གང་ཞིག་རང་བྱུང་ཁམས་ཀྱི་རི་ཆུ་ཐོག་གློག་ལ་སོགས་པ་མིའི་སྟོབས་དང་དབང་ཤུགས་ལས་འགོངས་པ་དེ་དག་ལ་དད་པ་དང་བཀུར་བའི་མོས་པ་བྱུང་བས་རང་བྱུང་གི་དད་མོས་དང་།  སྟག་གཟིག་དོམ་དྲེལ་ལ་སོགས་པའི་གཅན་གཟན་གྱི་གཏུམ་དྲག་རྒོད་གཤིས་ལ་ཡིད་སྨོན་འཆིང་པའི་སྲོག་ཆགས་ཀྱི་དད་མོས།  ཀུན་སྤྱོད་ལྟེ་བར་འཆིང་པའི་རིག་གནས་ཀྱི་དགོངས་གཞིར་རྐྱེན་བཏབ་པའི་མེས་པོ་ནི་བསོད་ནམས་ཀྱི་སྟོབས་སུ་བརྩི་བའི་མེས་པོའི་དད་མོས། སྐྱེ་རྒྱུད་འཕེལ་འགྱུར་ལ་ཡིད་ཆེས་བཅོལ་པའི་ཉ་དང་སྦལ་སྲིན་གྱི་དད་མོས་སོགས་ཡོད།  དད་མོས་དེ་དག་གི་བསམ་བློའི་འགོ་ཁུངས་དང་དགོངས་གཞི་ལ་དཔྱད་ཞིབ་བགྱིས་ཚེ།  འབད་མེད་ལྷུན་གྱིས་རྟོགས་ཡོང་པ་ནི་སྟོབས་ལ་དད་ཅིང་འདུད་པའི་མིའི་ནང་སེམས་ཀྱི་སྨོན་ལམ་ཡིན་ལ།  མིའི་རིགས་ཀྱི་ཁྲག་རྒྱུན་ལ་གདོད་ནས་བཏབ་ཅིང་རྨང་ནས་བསྐྱངས་ཡོང་པའི་ལྷན་སྐྱེས་ཀྱི་དྲི་མ་ཡིན།  དེ་བཞིན་སྟོབས་ནི་སྐྱེ་འཕེལ་དང་དར་རྒྱས་ཀྱི་རྟགས་མཚན་དུ་བྱས་པའི་མི་གཤིས་ཀྱི་རྒྱན་དང་འཚོལ་སྙེག་གི་དམིགས་འདུན་ཡིན།

微信图片_20201126150100.gif

དང་པོ།  གཏམ་རྒྱུད།  ཨ་ལོང་ཁུགས་ཀྱི་མེ་ལོང་།

      གཏམ་རྒྱུད་ནི་མིའི་ཚེ་སྲོག་དང་ལས་དབང་ལ་བཏབ་པའི་སྐྱོ་གར་ཡིན།  གཏམ་རྒྱུད་ནི་གློག་བརྙན་གྱི་སྲོག་ཤིང་ཡིན་ཞིང་།  གཏམ་རྒྱུད་ཀྱི་འཆར་སྒོ་དང་བྱུང་རིམ་སོགས་ལ་བརྟེན་ནས་རྩོམ་པ་པོའི་རིག་གནས་ཀྱི་ཤེས་ཚད་དང་བསམ་བློའི་ཟབ་ཚད་མཚོན་ཐུབ་པ་ཡིན།  ཀློག་མཁན་གྱི་ཡིད་དབང་འགུག་ཅིང་བློ་སྒོ་འབྱེད་ངེས་པ་རེད།  གློག་བརྙན་«དབུགས་ལྒང»་ལས་དབུ་སྐྲ་དཀར་པོར་གྱུར་པའི་ཨ་མྱེས་དང་དབུགས་ལྒང་དཀར་པོ་ཐོགས་པའི་བྱིས་པ་གཉིས་ནས་གཏམ་རྒྱུད་ཀྱི་འགོ་རྩོམ་པར་བྱས་ཡོད་དེ། བགྲེས་པོ་མགོ་དཀར་དང་དབུགས་ལྒང་དཀར་པོ་སོགས་ནི་པད་མ་ཚེ་བརྟན་གྱི་ནང་སེམས་འཚོལ་སྙེག་གི་ཁྲོད་ནས་འདོར་མ་མྱོང་ཞིང་མི་ཚེའི་འཚོལ་རྟོག་གི་གོ་རིམ་ཁྲོད་ནས་བསྐྱུར་མྱོང་མེད་པའི་དད་མོས་ཀྱི་བསྡུས་གཟུགས་ཤིག་རེད་སྙམ།  དེ་ལྟར་ཁོའི་བརྩམས་སྒྲུང་དང་གློག་བརྙན་གང་ཡིན་ཡང་བགྲེས་པོ་མགོ་དཀར་དང་གངས་རི་ལ་སོགས་པ་དཀར་མདངས་དགེ་བའི་ཆ་ལ་ཕྱོགས་པའི་བོད་མིའི་མཛེས་འཛིན་གྱི་ལྟ་གྲུབ་དང་ཡིད་གཟུགས་བསྡུས་བརྗོད་ཀྱི་བཀྲོལ་སྟངས་ཀུན་ནས་མང་སྟེ།  བརྩམས་སྒྲུང་«གངས»་ཀྱི་མཇུག་བསྡུ་པ་ལ།  “མི་རྣམས་ཀྱང་ལུག་རྫི་གཅོད་པ་དང་ཁོའི་ཆུང་མའི་གན་དུ་འགྲེང་ནས་འགུལ་ཙམ་ཡང་མི་བྱེད་ལ། ཅི་ཞིག་བོར་བ་བཞིན་རྒྱང་རིང་གི་དཀར་ཞིང་བརྗིད་པའི་གངས་རིའི་ཕྱོགས་སུ་ཅེར་འདུག”ཅེས་དང་། [པད་མ་ཚེ་བརྟན་གྱིས་བརྩམས། «བསླུ་བྲིད» མཚོ་སྔོན་མི་རིག་དཔེ་སྐྲུན་ཁང་། 2010ལོ། ཤོག་ངོས་127སྟེང་།]ཅེས་དང་།  བརྩམས་སྒྲུང་«ཁ་བ་མེད་པའི་དགུན་ཁ»་ལས་ཀྱང་། “དུས་བཞིར་ཁ་བས་གཡོགས་པའི་རྨ་ཆེན་གངས་རིས་སྔར་བཞིན་རྒྱང་རིང་གི་ཡུལ་ན་བསྐལ་བ་ཁྲི་ཕྲག་ཏུ་འགྱུར་བ་མེད་པའི་གཟི་མདངས་དེ་མངོན་བཞིན་ཡོད།”ཅེས་རྩོམ་གྱི་མཇུག་བསྡུས་ཡོད།  དེ་བཞིན་བརྩམས་སྒྲུང་«ང་ནི་ཁྲོམ་ཞིག་ཡིན»ཞེས་པའི་མཇུག་ཏུའང་སྡེ་དཔོན་གྱིས་ཁྲོམ་རྒན་ལ་རྒྱང་རིང་གི་དཀར་ཞིང་གཙང་པའི་གངས་རི་དཀར་པོ་བསྟན་ཏེ་སྐྱེལ་མ་མཛད་ཡོད།  ཁོའི་གློག་བརྙན་«ཆིག་དགུ་གྱ་གསུམ་ལོའི་དོར་མ་དུང་ཆེན་ཁ»་ལ་མཚོན་ནའང་། དངོས་ཡོད་ཀྱི་འདུ་འཛི་དང་འཚོ་བའི་ཟང་ཟིང་ལས་རྒྱང་དུ་གྱེས་པའི་ན་གཞོན་ཕོ་མོ་གཉིས་ཀྱིས་མཇུག་མཐར་རྒྱང་རིང་གི་དཀར་ཞིང་གཙང་པའི་གངས་རི་བསྙེག་ནས་འགྲོ་བའི་ཕུགས་འདུན་རྒྱང་རིང་ལ་བཏབ་པའི་དད་འདུན་དང་སྨོན་ལམ་མཚོན་པའི་བརྡ་རྟགས་མང་དུ་བཀྲལ་བ་གསར་རྩོམ་གྱི་ཁྲོད་ན་མཐོང་རྒྱུ་ཡོད།  དེ་ལྟར། ཁོའི་སྒྱུ་རྩལ་བརྩམས་ཆོས་གང་ཡིན་ཡང་མི་གཤིས་གཏམ་རྒྱུད་ཀྱི་དྲི་སྟུག་ཅིང་རིག་གནས་དད་ཞེན་གྱི་མདངས་ཤིན་ཏུ་གསལ་པ་སྟེ།  ཁ་དོག་དཀར་པོའི་སྐྱེས་སྟོབས་དང་རྟག་བརྟན་མཚོན་པ།  དད་མོས་དང་རིག་གནས་མངོན་པ་སོགས་གཏམ་རྒྱུད་ཀྱི་སྒྲིག་གཞི་ཆིག་རྐྱང་དུ་མེད་པར་སྣ་མང་འོད་མདངས་ཀྱིས་སྤྲོས་ཡག་པའི་མཛེས་དཔྱོད་ཀྱི་ཁམས་ཀྱིས་ཁྱོགས་པ་ཞིག་རེད།

       གློག་བརྙན་«དབུགས་ལྒང»་ལ་མཚོན་ན།  དབུགས་ལྒང་དཀར་པོ་ཐོགས་པའི་བྱིས་པ་གཉིས་དང་མེས་པོ་གསུམ་གྱི་རྟེན་གཞི་རྩྭ་ཐང་ལ་བྱས་པ་ནས་འགོ་བརྩམས་ཤིང་།  དབུགས་ལྒང་དམར་པོ་ཡ་གཅིག་མཁའ་དབྱིངས་སུ་ཤོར་པའི་རྗེས་སུ་བྱིས་པ་གཉིས་ཀྱི་ལྡིང་ཞིང་འཕྱོ་བའི་རྒྱབ་གཟུགས་ནས་མཇུག་བསྡུས་ཡོད།  བྱིས་པ་གཅེར་རྗེན་གཉིས་ཀྱི་རྗེས་སུ་ཁོ་གཉིས་ཀྱི་ཕུ་བོ་རྒྱུག་བཞིན་ཡོད།  དེ་བས།  གཏམ་རྒྱུད་ཀྱི་འགོ་རྔའི་སྣང་བརྙན་འདི་གོ་རིམ་བཞིན་བསྒྲིགས་ཏེ་བལྟས་ཚེ། སྟག་འབུམ་རྒྱལ་གྱི་སྒྲུང་རིང་«རྒུད»་ཀྱི་འགོ་རྩོམ་སྟངས་དང་འདྲ་སྟེ།  ཕ་གཅིག་གི་བུ་གསུམ་གྱི་རུས་རྒྱུད་ལས་ཆད་པའི་གསེར་ཚ་དང་གླིང་ཚ།  སྤྱང་ཚ་གསུམ་ཞེས་གྲངས་ཚད་གསུམ་གྱི་སྣང་ཚུལ་ཟུར་གསུམ་རི་མོའི་དབྱིབས་སུ་བཤམས་ཡོད་ཅིང་། དོན་གྱི་དགོངས་པའི་སྟེང་ལ་དཔྱད་ཚེ།  ནང་སེམས་ན་ཟུག་གི་ཁམས་སུ་སྐྱོ་གདུང་གི་ན་བུན་གཡོ་བར་བྱས་པའི་སྙན་ངག་གི་ཁམས་གྲུབ་པར་བྱས་ཡོད་སྙམ།  དེ་ནི་གཏམ་རྒྱུད་སྤྱིའི་མཁའ་དབུགས་ཀྱི་སྣང་ཚུལ་དང་བརྒྱུས་པའི་རྩོམ་མཁན་གྱི་མི་ཚེ་སྐྱོ་གར་གྱི་ལྟ་བ་དང་སྦྲེལ་ཞིང་།  མིའི་རིགས་ཀྱི་སྐྱེ་རྒྱུད་ཉམས་དམས་ཀྱི་ཚེ་སྲོག་གི་ལྟ་བ་དང་འབྲེལ་བའི་ན་ཟུག་འཕྱུར་ས་ཞིག་རེད་སྙམ།  དེ་འདྲའི་གྲངས་ཚད་ཀྱི་རི་མོའི་ལྟག་རྒྱབ་ཏུ་བསྐུང་པའི་གསང་པ་གཞན་ཞིག་ནི་བླ་སྲོག་རྣམ་ཤེས་གསུམ་གྱི་མངོན་སྟངས་ཡན་གར་དུ་བཀྲལ་པ་ཞིག་ཏུའང་འདོད་དེ།  གློག་བརྙན་དབུགས་ལྒང་གིས་མི་རྣམས་ལ་ཅི་ཞིག་སྟོན་པར་མཛད་པའི་བསམ་འདུན་གྱི་དགོངས་པ་ལྕི་མོ་དེའང་ཡིན།  དབུགས་ལྒང་དམར་པོ་མཁའ་དབྱིངས་སུ་ཤོར་བ་དང་ཨ་སྔོན་གྱི་བང་རིམ་ཡུན་རིང་བསྙེག་རྗེས་སྤྲིན་དཀར་ཚོམ་བུ་ཞིག་དང་འཕྲད་པའི་མཛེས་སྡུག་གི་རྣ་ལོང་སྣང་བརྙན་ལ་བཏབ་ཡོད་པ་འདི་ལས།  ཡུལ་གྱི་སྣེ་དང་འཚོ་བའི་ངོས་མི་གཅིག་པའི་མི་རྣམས་ཀྱིས་མགོ་འཕངས་གྱེན་དུ་བཏེགས་ནས་དབུགས་ལྒང་ལ་བལྟ་བའི་ངང་ཚུལ་ནས་གློག་བརྙན་མཇུག་གྲུབ་པར་བྱས་ཡོད།  དེ་ལྟར་ཁོའི་གློག་བརྙན་དབུགས་ལྒང་གཙོ་བྱས་བརྩམས་ཆོས་གང་ཡིན་ཡང་དཀར་དམར་ཡིད་བརྙན་གྱི་མཛེས་པ་སྡེབ་སྟངས་ཐུན་མིན་དུ་ཡོད་པས།  དཀར་པོའི་རྔམ་བརྗིད་ཀྱི་ཤུགས་སུ་བླ་གནས་དང་དད་མོས་ཀྱི་འཁྲི་ཤིང་བསླངས་ཤིང་།  དམར་པོའི་དྲག་ཟིལ་གྱི་མདངས་ལས་ཚེ་སྲོག་རིན་ཐང་མཐོ་རུ་བསྟད་པས།  རྣམ་པར་བཀྲ་བའི་ཁ་དོག་དཀར་དམར་གྱི་རི་མོ་ཟུང་དུ་བསྡམས་པས་དག་གཙང་རྣམ་ཤེས་འཕོ་ཉུལ་གྱི་མཛེས་པ་མཐོངས་སུ་འདྲེན་པའི་བདེན་པ་རྒྱན་དུ་འཕགས་པར་བྱས་ཡོད།

         ལུག་རྒྱུད་བསྒྱུར་བསམ་དུས་ཨ་མྱེས་གཤེགས་སོང་། ཏག་ཏག་དེ་ནི་ཁྲོམ་རྒན་ཕྱིར་སྤྲད་པའི་དུས་སུ་འཁེལ་དུ་བཅུག་ཡོད།  སྟོབས་ལ་དགའ་བའི་ཨ་མྱེས་འདས་གྲོངས་སུ་གྱུར་པ་དང་སྟོབས་ཀྱི་མཚོན་དོན་བྱས་པའི་ཁྲོམ་རྒན་ཕྱིར་སྤྲད་པའི་སྣང་ཚུལ་གཉིས་ནི་དོན་ལ་ཐོབ་ཤོར་གཉིས་ལས་ཤོར་བའི་སྐྱོ་ཡུས་ཀྱི་སྟེང་ལ་རྒྱུན་ནས་རིག་གནས་ཆག་འཇིག་གི་སྣང་ཚུལ་ཚུར་སྣང་དང་ཉམས་དམས་མངོན་པར་བསྟན་ཡོད།  དེ་བཞིན་སྐབས་འདི་ནས་གྲྭ་བ་རྣམས་བརྙན་མིག་ཏུ་ཤར་དུ་བཅུག་པ་དང་གསུར་མེ་གཟིམ་པར་བྱས་པའི་ཡིད་བརྙན་ངོས་སུ་ཨ་མྱེས་ཀྱི་ཚེ་སྲོག་གི་རྒྱུ་བ་འགག་ཅིང་རྫོགས་པའི་སྣང་ཚུལ་ཕྱི་རོལ་ཡུལ་ལ་རྐྱེན་དུ་བྱས་ནས་འགུལ་བརྙན་གྱིས་བཀྲམ་ཡོད། དཀར་གསུམ་མངར་གསུམ་གྱི་ཆ་ལ་བཏེགས་པའི་གསུར་གྱི་སྣང་ཚུལ་ཁོ་ནའི་སྟེང་དུའང་དཀར་དམར་མདངས་གྱིས་བརྒྱན་པའི་གློག་བརྙན་སྤྱིའི་ཁ་དོག་གི་རིག་གནས་ལ་ཚོན་མདངས་བསྣན་ནས་ཡོད།  ཕྱི་ནང་སྣོད་བཅུད་ཡིད་གཟུགས་ཀྱི་ཆ་ལ་གདབ་པའི་ཐབས་རྩལ་འདི་ལྟ་བུ་པདྨ་ཚེ་བརྟན་ལགས་ཀྱི་བརྩམས་སྒྲུང་གཞན་དག་ནའང་ཡོད་དེ།  «མག་མོག་གི་ནུབ་ཁའི་ཉི་མ»་རུ།  “བཞུད་ལ་ཉེ་བའི་ནུབ་ཁའི་ཉི་མར་བལྟ་བཞིན།  ཁོ་མོའི་ཁྲ་ཆུང་གི་སེམས་པར་བརྗོད་དཀའ་བའི་ཚོར་བ་ཞིག་གིས་ཁེངས་ཤིང་།  རིམ་གྱིས་ཚོར་བ་དེས་མོ་དམ་དུ་འཁྱུད་བྱུང་།”ཞེས་དང་།“ ནམ་མཁར་ཡང་དོ་དགོང་བཞིན་སྤྲིན་ནག་གི་མཐའ་རུ་གསལ་ལ་མི་གསལ་བའི་སྐར་མ་འགའི་འོད་སྣང་འཚེར་བཞིན་འདུག  མོས་དེ་ལྟར་བལྟས་ཀྱིན་བལྟས་ཀྱིན་སྐར་མ་དེ་དག་བུད་མེད་ཅིག་གི་མིག་ཟུང་དུ་གྱུར་སོང་ལ།  མིག་ཟུང་དེའི་ནང་འཛུམ་ཞིག་མངོན་ཡོད།  དེ་ནི་མིའི་ཡིད་དབང་འཕྲོག་ནུས་པ་ཞིག་རེད།  འོན་ཀྱང་དེའི་ནང་དུ་ཞིབ་མོར་བལྟས་ཚེ་ཚོར་དཀའ་བའི་སྐྱོ་གདུང་གི་རྣམ་པ་ཞིག་ཀྱང་ཡིབས་འདུག མོས་རིམ་གྱིས་རིམ་གྱིས་དེ་ནི་ཨ་མའི་མིག་ཟུང་ཡིན་པ་ཡིད་ལ་དྲན་བྱུང་།”[པད་མ་ཚེ་བརྟན་གྱིས་བརྩམས། «བསླུ་བྲིད» མཚོ་སྔོན་མི་རིག་དཔེ་སྐྲུན་ཁང་། 2010ལོ།ཤོག་ངོས་10་སྟེང་།]ཞེས་ཨ་མ་དྲན་པའི་སྐྱོ་གདུང་གི་བསམ་པ་དེ་ནམ་མཁའི་མཐོངས་སུ་ཤར་པའི་སྐར་མའི་འོད་སྣང་གིས་དྲངས་ཤིང་བསྡུས་པའི་ཡིད་གཟུགས་ཀྱི་མཛེས་པས་བརྒྱན་པར་བྱས་ཡོད།  དེ་ནི་གློག་བརྙན་དབུགས་ལྒང་ལས་བྱུང་པའི་ཨ་མྱེས་ཀྱི་སྐྱེ་འཆི་བའི་སྣང་བརྙན་དུ་མཚན་མོར་གསུར་མེ་དམར་པོ་བཏབ་པ་དང་། རླུང་ངོགས་སུ་གསུར་མེ་གཟིམ་པར་བྱས་པའི་ཚེ་སྲོག་གི་རྒྱུ་བ་འགག་པའི་དུས་ཀྱི་རྒྱུད་སྐུད་གློད་སྟངས་དང་ཀུན་ནས་མཚུངས།  དེ་འདྲའི་སྣང་བརྙན་འགེལ་སྟངས་ནི་རྩོམ་པ་པོ་ཁོའི་བརྩམས་ཆོས་སུ་ཁེར་ཚུགས་ཀྱིས་ཡོད་པའི་གཏམ་རྒྱུད་ལ་སྙན་ངག་གི་ཁམས་སྐྲུན་སྟངས་ཤིག་དང་གཏམ་རྒྱུད་ཀྱི་སྒྲིག་གཞིའི་བཀོད་པར་ཕྲ་ཚོན་གདབ་སྟངས་ཤིག་ཀྱང་རེད་སྙམ།        1606374493862399.gif

གཉིས་པ།  མི་སྣ།  བརྩེ་དུང་ཁྲ་ཁྲའི་མདུད་པ།

        མི་སྣ་བཀོད་སྒྲིག་གི་ཆེས་ཐོག་མའི་བཀོད་སྒྲིག་ནི་མི་སྣའི་མིང་གི་བཀོད་སྒྲིག་ཡིན།  གློག་བརྙན་འདི་ལས་གཙོ་འཁྲབ་མི་སྣ་ཕོ་མོ་གཉིས་ཡོད་པ་ལ་དར་རྒྱས་དང་སྒྲོལ་དཀར་ཞེས་མིང་བཏགས་ཡོད། དར་རྒྱས་ནི་ཨ་མྱེས་ཁྲོམ་ལ་དགའ་བའི་ངང་ཚུལ་དུ་བསྲེས་ནས་སྟོབས་ཀྱི་དད་འདུན་སྟེང་བསྒོས་ཡོད་པ་ཞིག་དང་།  དར་ཞིང་རྒྱས་པའི་སྨོན་ལམ་གྱི་སྣེ་མོ་སྟོབས་ཀྱི་དཔལ་ལ་ཟུག་ཏུ་བཅུག་པའི་ནང་སེམས་འཁྲི་ཤིང་གི་རྐྱེན་དུ་བསླངས་ཡོད།  བརྩམས་ཆོས་ཁྲོད་ཀྱི་མི་སྣའི་མིང་འདོགས་ལུགས་ནི་གཟབ་ནན་གྱི་དོན་བྱ་ཞིག་ཡིན་པ་མ་ཟད།  རྩོམ་པ་པོའི་ནང་སེམས་འཇིག་རྟེན་གྱི་བློ་མིག་དང་འཚོ་བའི་མྱོང་སྣེར་གཏད་ཡོད་པའི་མི་ཚེའི་དད་འདུན་དང་བསྡོངས་ནས་ཡོད་དེ།  རྩོམ་པ་པོ་བཀྲ་བྷའི་བརྩམས་སྒྲུང་«བྱིའུ་ཆུང་དམར་པོ»་ལས་ཨ་ཕྱི་དགོ་དགོའི་ཡིད་ཀྱི་འཁྲི་ཤིང་དུ་གྱུར་པའི་མི་སྣ་མགོན་པོ་ལྟ་བུ་དང་།  རྩོམ་པ་པོ་སྟག་འབུམ་རྒྱལ་གྱི་སྒྲུང་རིང་«རྒུད»་ཀྱི་ཁྲོད་དུ་བཞེངས་པའི་དཔའ་བོའི་བསྡུས་གཟུགས་སུ་ཡོད་པའི་མི་སྣ་ཚེ་ལོ་ལྟ་བུ།  ལྷ་བྱམས་རྒྱལ་གྱི་བརྩམས་སྒྲུང་«ལམ་གྱི་ཉི་འོད»་ཁྲོད་དུ་ཡོད་པའི་དུས་ཀྱི་འགྱུར་བག་ཁྲོད་ནས་འགྱུར་སླ་བའི་མི་སྣ་ལྷ་མཛེས་ལྟ་བུ།  མི་སྣའི་མིང་གི་འདོགས་ལུགས་ནི་ཕྱི་ཡི་བརྡ་རྟགས་ཁོ་ན་ཙམ་མ་ཡིན་ཏེ།  མིའི་ནང་སེམས་ཀྱི་འདོད་ཡོན་ལ་བརྒྱུས་པའི་ཆགས་སྡང་དང་ཕུགས་བསམ་ལ་འབྲེལ་ནས་ཡོད་པ་ཞིག་ཡིན།  “«དབུགས་ལྒང»་ནང་གི་མི་སྣ་དེ་དག་ནི་ཅི་འདྲའི་སྙིང་ཉེ་བ་ཞིག་རེད་ཨང་།  དར་རྒྱས་དང་སྒྲོལ་དཀར།  སྟག་འབུམ་རྒྱལ་དང་བྱང་ཆུབ་སྒྲོལ་མ།  ཨ་མྱེས་དང་ཚ་བོ་གཉིས།  དེ་མིན་འཇམ་དབྱངས་དང་སྨན་པ་འབྲུག་མཚོ་ལ་སོགས་པ་ནི་དུས་རབས་འདིའི་བོད་པ་རེ་རེའི་ལས་དབང་གི་རི་མོ་རེ་རེ་ཡིན་པ་དང་།  པད་མའི་གློག་བརྙན་གྱི་པར་མིག་བརྒྱུད་ནས་ང་ཚོར་རང་གིས་རང་ལ་ལྟ་བའི་མེ་ལོང་ཞིག་སྤྲད་བྱུང་།  དེ་བས་ཀྱང་། ང་ཚོ་ཡང་གོ་ལ་ཟླུམ་པོ་འདིའི་སྒང་གི་མི་གཞན་དག་དང་མཚུངས་པར་དུས་རབས་ཀྱི་འཕོ་འགྱུར་ཁྲོད་འགྱུར་ལྡོག་དང་བརྟན་སྲུང་ཡོད་པ།  མདུན་སྐྱོད་དང་ཕྱི་སྣུར་ཡོད་པ།  ཆག་གྲུམ་དང་ཆ་ཚང་ཡོད་པ།  འཛུམ་མདངས་དང་མིག་ཆུ་ཡོད་པའི་མི་ཕལ་བ་འབའ་ཞིག་ཡིན་པ་མངོན་མཚོན་བྱས་འདུག”[« མཚོ་སྔོན་བོད་ཡིག་གསར་འགྱུར»  2020.11.13པར་ངོས་16སྟེང་།]ཅེས་མི་སྣ་དེ་རྣམས་ནི་དངོས་ཡོད་འཚོ་བའི་ངོས་ཀྱི་མི་སེར་ཕལ་བའི་ལས་དབང་གི་བསྡུས་གཟུགས་སུ་བཞེངས་ཤིང་།  སྐྱེ་འཆི་དང་རྣམ་ཤེས།  དད་མོས་དང་ཐོབ་ཤོར།  དངོས་ཡོད་དང་ཕུགས་བསམ་གྱི་འགལ་འདུའི་ཀློང་དུ་འཚོ་གནས་ཀྱི་གནོན་ཤུགས་ཁུར་དུ་བཏེགས་པའི་མིའི་ལས་དབང་ལ་གདུང་ཟུག་ལྷོད་ཡོད།

        དེ་ལྟར།  མི་སྣ་དར་རྒྱས་ནི་ལུག་ཤ་བཟའ་རྒྱུར་དགའ་པའི་མི་ཞིག་ཡིན་ཞིང་།  བཟའ་བཏུང་མང་དུ་སྤྱོད་པའི་ཤུགས་སུ་ཁོའི་སྟོབས་ངོམས་པར་བྱས་ཡོད་པ་དང་།  མཐོང་སྣེ་འདི་སྤྱད་ནས་བསམ་ན་སྒྲོན་དཀར་གྱིས་དར་རྒྱས་ཁྲོམ་ཞིག་དང་འདྲ་བར་སྨྲས་པའི་གཏམ་གྱི་ཁུགས་འགོ་རྙེད་སླ་བ་ཡིན།  སྒྲོལ་མ་ནི་བོད་ཀྱི་བུད་མེད་ཕལ་ཆེའི་མིང་གི་གྲུབ་སྟངས་ཤིག་ཡིན་ལ།  དེ་ཡི་སྔུན་ལ་བྱང་ཆུབ་བསྣན་པས་དམིགས་བསལ་དུ་ཆགས་པའི་མི་སྣ་དམིག་བསལ་པ་ཇོ་མོ་ཆགས་ཡོང་པ་ཡིན།  བྱང་ཆུབ་སྒྲོལ་མ་སློབ་གྲྭའི་ནང་ལ་འཇམ་དབྱངས་ལེན་དུ་འགྲོ་དུས་ཞྭ་མོའི་ཕྱེད་ཙམ་སྒྲིབ་པའི་ངོ་གདོང་ལས་མིག་ཟུང་གཏན་ནས་མཐོང་དུ་མེད།  ནང་སེམས་ཀྱི་ཕྱེད་ཀ་སྡུག་བསྔལ་ཕྱེད་ཀ་དགའ་སྤྲོའི་བཏེགས་པའི་སྣང་བརྙན་འབེབ་སྟངས་འདི་ཡིད་དུ་འོང་པ་ཞིག་རེད།  བྱང་ཆུབ་སྒྲོལ་མས་དཔེ་ཆ་བརྗེད་མི་ཐུབ་པ་དེས། འདས་སོང་གི་གཏམ་རྒྱུད་བརྗེད་མི་ཐུབ་པ་དང་བརྩེ་འདང་ལ་བརྒྱུས་པའི་འདོད་ཡོན་བརྗེད་མི་ཐུབ་པའི་སྣེ་གཞན་དུ་བསྲིངས་ཡོད།  དེ་ནི་མིའི་རིགས་ཀྱི་འཚོལ་སྙེག་གདབ་ས་དང་མི་ཇུས་ཀྱི་གདམ་ག་ངོམས་ས་རེད། དེ་ཡིས་ཁོ་མོས་གཏན་ནས་བརྗེད་མི་ཐུབ་པའི་འདས་སོང་གི་སྐྱོ་གར་དང་ནམ་ཡང་རེ་བའི་དཔེ་ཆའི་གཏམ་རྒྱུད་ལ་སྙེག་པའི་མི་ཚེའི་འགལ་འདུ་མཚོན་པར་བྱས་ཤིང་། མི་གཤིས་ཀྱི་གཏིང་ལ་སྐུལ་པའི་འདོད་ཡོན་གྱི་རབ་ཁ་འཚོལ་དུ་བགྱིས་ཡོད་སྙམ།

           རྫོང་སར་མཁྱེན་བརྩེ་ཚང་གི་གློག་བརྙན་«ཕོར་བ»་དང་།  «ཆང་ཧུབ་ཐེངས་གཅིག་གི་འཁྲུལ་སྣང»« ཧེ་མ། ཧེ་མ»་སོགས་གང་ཡིན་ཡང་མིའི་འདོད་འདུན་དཀྲོལ་གྱིན་པའི་མི་གཤིས་ཀྱི་ཟབ་སར་འཚོལ་སྙེག་བཏབ་ཡོད་པ་ནང་བཞིན།  པད་མ་ཚེ་བརྟན་གྱི་སྒྱུ་རྩལ་བརྩམས་ཆོས་གང་ཡིན་ཡང་རྣམ་ཀུན་མི་སེར་ཕལ་བའི་རང་ལུགས་ཀྱི་འགྲོས་དང་མཉམ་པའི་མི་གཤིས་ཀྱི་མཛེས་པར་འཚོལ་དཔྱོད་བགྱིས་ཡོད་པ་དེ་མཆོག་ཏུ་རྨད།

1606383492106606.gif

            སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་«མེས་པོ་དང་ཁོས་གསོས་པའི་ཁྱི་གུ་དག»་ལས་མེས་པོ་ནི་ཁྱི་ལ་དགའ་བ་ནང་བཞིན། གློག་བརྙན་«དབུགས་ལྒང»་ལས་ཨ་མྱེས་ནི་ཁྲོམ་ལ་དགའ། དེ་ནི་བརྡ་རྟགས་ཤིག་སྟེ། རིག་གནས་ཀྱི་བརྡ་རྟགས་ཤིག་རེད། གོང་ནས་བཤད་པ་བཞིན་རིག་གནས་དད་མོས་ཀྱི་བརྡ་རྟགས་ཤིག་རེད།  སྔ་མ་ནི་འཛིན་སྐྱོང་བདག་གཅེས་ཀྱི་ངོས་སུ་དཔྱངས་པ་ཞིག་དང་།   ཕྱི་མ་ནི་སྐྱེ་འཕེལ་ཤེད་སྟོབས་ཀྱི་སྟེང་ལ་བཅོལ་པའི་འདུ་ཤེས་ཀྱི་རྣམ་པ་མི་འདྲ་བ་རིགས་གཉིས་སུ་བདོག  དེ་བཞིན་སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་«དགུན་ཤ»་ལས་མངོན་པའི་བེའུ་མི་འཛིན་པའི་འབྲི་སྐམ་དང་བྱིས་པ་སྦྲུམ་དུ་མེད་པའི་མནའ་མ། གློག་བརྙན་«དབུགས་ལྒང»་ལས་བསྟན་པའི་སྒྲོན་དཀར་དང་མ་མོ་སོགས་ནི་ཚེ་སྲོག་གི་ལྟ་བར་བརྒྱུས་པའི་རིགས་རྒྱུད་ཀྱི་ཉམས་དམས་དང་ཐོབ་ཤོར་ལ་བརྩེ་བ་འཆིང་སྟངས་ཤིག་ཡིན་སྙམ།  དེ་ལྟར།  པད་མ་ཚེ་བརྟན་གྱི་བརྩམས་ཆོས་ཁྲོད་ན་ལུག་དང་མིའི་བར་གྱི་འབྲེལ་བ་བྲིས་མང་དུ་ཡོད་དེ།  བརྩམས་སྒྲུང་«ང་ནི་ཁྲོམ་ཞིག་ཡིན»་ཞེས་པའི་ནང་དུ་གནམ་གྲུར་སྡོད་མྱོང་པའི་ཁྲོམ་དང་གནམ་གྲུར་སྡོད་མྱོང་པའི་བླ་མའི་རིན་ཐང་གོ་བསྡུར་གྱིས་སྒོས་སུ་བསྟད་པ་ནི་ཚེ་སྲོག་འདྲ་མཉམ་སྟེང་ལ་དབབ་ཡོད་ཅིང་།  བརྩམས་སྒྲུང་«མག་མོག་གི་ནུབ་ཁའི་ཉི་མ»་ལས།  “དེ་ནས་མོ་ལུག་རའི་ནང་དུ་སོང་ནས་ལུག་དཔོན་དེའི་གན་དུ་ཉལ་ལ་རྨི་ལམ་ཡང་སྐྱིད་པོ་ཏག་ཏག་རྨིས།  ལུག་དཔོན་གྱི་ལུས་དྲོད་ཀྱིས་མོའི་ལུས་ཕུང་དྲོན་པོར་བཏང་བས་གོས་ཀྱི་ཉལ་ཐུལ་ནང་ཉལ་འདྲའི་སྣང་བ་ཞིག་བྱིན།”[པད་མ་ཚེ་བརྟན་གྱིས་བརྩམས། «བསླུ་བྲིད» མཚོ་སྔོན་མི་རིག་དཔེ་སྐྲུན་ཁང་། 2010ལོ། ཤོག་ངོས་9སྟེང་།]ཞེས་མི་དང་ལུག་གི་ལུས་སྟེང་ན་ཐུན་མོང་གིས་ཡོད་པའི་བརྩེ་དྲོད་ལས་སྲོག་ལྡན་ཀུན་ལ་ཁྱབ་མཉམ་དུ་ཡོད་པའི་ལྷན་སྐྱེས་ཀྱི་ཡོན་ཏན་མཐོ་རུ་བསྒྲོན་ཡོད་པ་དང་།  བརྩམས་སྒྲུང་«ལུག་རྫི་གཞོན་ནུ་ཞིག་གི་འདས་རྐྱེན»་ལས།“ཁྱོད་ཀྱིས་མ་མོ་འདི་རང་གི་དྲིན་ཆེན་མའི་རྣམ་ཤེས་ཡིན་པའང་མི་ཤེས་སམ།  མོས་སྐྱེ་བ་སྔོན་མར་རི་ཁྲོད་པ་ཞིག་ལ་སྡིགས་མོ་བྱས་པས།  ད་གཟོད་སྐྱེ་བ་འདིར་དུད་འགྲོ་རུ་སྐྱེས་པ་རེད།”[པད་མ་ཚེ་བརྟན་གྱིས་བརྩམས།«བསླུ་བྲིད»མཚོ་སྔོན་མི་རིག་དཔེ་སྐྲུན་ཁང་། 2010ལོ། ཤོག་ངོས་178་སྟེང་།]ཅེས་མི་དང་ལུག་གི་རྣམ་ཤེས་གཅིག་དུ་སྡེབ་པའི་ཚེ་སྲོག་འདྲ་མཉམ་ཀྱི་ལྟ་བ་ཚུར་སྣང་བགྱིས་ཡོད།  གཞན་ཡང་བརྩམས་སྒྲུང་«གངས»་ལས་བྱུང་པའི་ལུག་རྫི་གཅོད་པ་དང་།  གློག་བརྙན་«ཐར་ལོ»་ལས་མངོན་པའི་ལུག་རྫི་ཐར་ལོ་དང་ཨ་མ་སྤྱང་ཀིས་བསད་པའི་ཐར་ལོའི་འགྲོ་རོགས་ལུ་གུ་བཅས་ཁོའི་གློག་བརྙན་དང་བརྩམས་སྒྲུང་གང་ཡིན་ཡང་ལུག་དང་འབྲེལ་བའི་གཏང་རྒྱུད་མང་ཞིང་། ལྷག་པར་དུ་གློག་བརྙན་དབུགས་ལྒང་ལས་སྒྲོན་དཀར་གྱིས་གཟན་ཆས་བྱིན་ནས་གསོ་བཞིན་པའི་མ་མོ་སྐམ་པ་དང་དར་རྒྱས་ཀྱིས་གཞན་ལ་གཡར་ནས་ཡོང་པའི་ཁྲོམ་རྒན་ལ་སོགས་པར་མི་དང་ལུག་གི་བར་ན་འདྲ་མཉམ་དོ་མཚུངས་ཀྱི་ཆ་ཞིག་ཡོད་པ་བརྒྱུད་ནས།  སྲོག་ཆགས་ཀུན་ལ་མངའ་བའི་གཉུག་གཤིས་ཀྱི་འདོད་འདུན་དང་རིགས་རྒྱུད་སྐྱེས་འཕེལ་གྱི་བཀག་རྒྱ་དང་སྡུག་ཡུས་ལ་སོགས་པ་མིའི་རིགས་ཀྱིས་གཅིག་མཐུན་དུ་དོ་སྣང་བྱ་བའི་རིག་གནས་ཀྱི་སེམས་ཁམས་སྟུག་ཅིང་བསམ་བློའི་དཔངས་ཚད་མཐོ་པོ་ཞིག་ཏུ་བསྐྱོན་ཡོད། རང་རེའི་རྣམས་ཀྱིས་གཡང་དཀར་ལུག་ཅེས་དགེ་བ་དང་གཙང་བ།  ཕུན་ཚོགས་ཀྱི་དཔལ་གྱི་དོན་དུ་བལྟ་ཞིང་།  ལྷག་པར་བོན་གྱི་གཏམ་རྒྱུད་ལྟར་ན་གཡང་ཞེས་པའི་ཚིག་དེ་ལུག་དང་སྦྱར་བའི་རྒྱུ་མཚན་ནི་ལུག་གིས་འགྲོ་བ་མིའི་འཚོ་བའི་ནང་གལ་ཆེའི་གནས་བབས་བཟུང་བ་དང་། དེ་ཤིན་ཏུ་བེད་སྤྱོད་ཆེ་བས་ཡིན་ཚུལ་བརྗོད་ཡོད། ལུག་ནི་འགྲོ་བ་མི་ཡི་ཁམས་ལ་ཕན་འདོགས་པར་དགོངས་པའི་ལྷ་ཆེན་ཡེ་སྨོན་རྒྱལ་པོའི་སྨོན་ལམ་གྱི་མཐུ་ལས་བྱུང་བ་དང་།དེ་ཡང་ལུག་ཐོག་མ་དེའི་མིང་ལ་ལུག་ལྷ་བ་བལ་ཆེན་ཟེར་ཞིང་དེ་ནི་ལུག་ལྷའང་ཡིན་ཞེས་འཁོད་ཡོད། གཞན་ཡང་། «མི་བུ་གདོང་དྲུག་གི་རུད་མཛོད་»དུ། “སྒ་ནི་ཤིང་ཁམས་ལུག་ལ་བླ། སྒོ་ནི་མེ་ཁམས་ར་ལ་བླ།  ལྡོང་ནི་ས་ཁམས་ཤ་བར་བླ།  སྦྲ་ནི་ལྕགས་ཁམས་རྐྱང་ལ་བླ། འབྲི་ནི་ཆུ་ཁམས་གཡག་ལ་བླ།”[«བོད་མི་གདུང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་ཞེས་བྱ་བ» མཚོ་སྔོན་མི་རིག་དཔེ་སྐྲུན་ཁང་། 1992ལོ། ཤོག་ངོས་6་སྟེང་།]ཞེས་བོད་ཀྱི་བླའི་རིག་གནས་གླེང་པའི་ཁྲོད།  ལུག་ནི་བླའི་རིག་གནས་སུ་བཀུར་སྲོལ་ཡོད་པ་བཤད་ཡོད།  དེ་བཞིན་ལུག་ནི་བོད་མི་རིགས་མ་ཟད་འཛམ་གླིང་ཤར་ནུབ་གང་ཡིན་ཡང་རིག་གནས་ཁྲོད་དུ་ཡོད་པའི་སྲོག་ཆགས་གལ་ཆེན་ཞིག་ཡིན་སྟེ།  གནའ་བོའི་གྷི་རིག་གི་ཟློས་གར་གྱི་བྱུང་བ་བརྗོད་པའི་དུས་སུ། “ སྐྱོ་གར་གྱི་ལྷ་ཆེན་པོ་ཆང་ལྷར་གསོལ་མཆོད་གཏོང་པའི་དུས་སུ་མི་རྣམས་ཀྱིས་མཆོད་སྟེགས་སུ་ལུག་ཤ་བཤམས་པ་དང་།  ལུས་སུ་ལུག་ལྤགས་གྱོན་པ།  མགོ་ལ་རྭ་ཅོ་འདོགས་པ།  ངག་ལ་གཡང་དཀར་འབའ་གཞས་ལེན་པའི་སྲོལ་ཡོད་པ”[ལིག་ཡེན་ཅོན་གྱིས་བརྩམས།  « ཕྱི་ནང་ཟློས་གར་རིག་པའི་ལོ་རྒྱུས»  ཀྭང་ཞི་དགེ་འོས་སློབ་ཆེན་དཔེ་སྐྲུན་ཁང་།  2018ལོ། ཤོག་ངོས་3་སྟེང་གསལ།]་སོགས་ལ་གཞིགས་ན་ལུག་ནི་འགྲོ་བ་མིའི་རིགས་ཀྱི་ཐུན་མོང་གི་རིག་གནས་བརྡ་རྟགས་ཤིག་ཡིན་ཞིང་། དེ་དག་ནི་མི་ཇུས་ཀྱི་དགོངས་སྙིང་དང་འབྲེལ་ཞིང་བློ་སྲོག་གི་གནས་གསོན་དང་བསྡོངས་ཡོད་པས།  འགྲོ་བ་མིའི་གདོད་མའི་རིག་གནས་དང་འཚོ་གནས་དད་མོས་ལ་བརྒྱུན་ནས་ཡོད་པ་ཤེས་ཐུབ། དེ་བས།  པད་མ་ཚེ་བརྟན་ལགས་ཀྱི་བརྩམས་སྒྲུུང་དང་གློག་བརྙན་སོགས་སྒྱུ་རྩལ་བརྩམས་ཆོས་གང་ཡིན་ཡང་གཡང་དཀར་ལུག་དང་འབྲེལ་བའི་མཚོན་དོན་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་བསམ་བློའི་རྨང་ཟབ་མོར་ཆགས་པའི་རིག་གནས་ཀྱི་གྲུབ་རྒྱུ་གལ་ཆེན་ཞིག་རེད་སྙམ། 

1606374619288313.gif

 གསུམ་པ།  ཁ་དོག  དཀར་པོའི་ཁྲོད་ཀྱི་དམར་པོ།

       གློག་བརྙན་སྤྱིའི་ཁ་དོག་ནི་དབུགས་ལྒང་དཀར་དམར་གྱིས་གྲུབ་པར་བྱས་པའི་གཏམ་རྒྱུད་ཀྱི་མཐོང་སྣེ་ཀུན་གྱིས་མྱོང་སླ་ཞིང་དཔྱད་མཉེས་པ་ཞིག་ཡིན་མོད།  དོན་བྱ་བྱེ་བྲག་པའི་ཁྲོད་ཀྱི་ཁ་དོག་དཀར་དམར་གྱི་སྣང་ཚུལ་དཀྲོལ་སྟངས་ཡན་གར་པ་ཞིབ་གསལ་དུ་འདོན་རྒྱུ་ནི་གློག་བརྙན་འདིའི་མཛེས་དཔྱོད་ཀྱི་ཁམས་གཞན་ཞིག་སྟེ།  གློག་བརྙན་འདི་ལ་སྙན་ངག་གི་ཁམས་ཤིན་ཏུ་སྟུག་པོར་སྣོན་པའི་བསྡུས་གཟུགས་ཀྱི་རི་མོའང་གཞན་ཞིག་སྟེ།  དབུགས་ལྒང་དཀར་དམར་གཉིས་ནི་གློག་བརྙན་གྱི་སྒོ་དང་སྒེའུ་ཁུང་ངམ་མིག་ཟུང་ལྟ་བུར་ཆགས་ཡོད་པས།  གཙོ་གནད་དབུགས་ལྒང་དཀར་པོ་གཉིས་བཀད་པ་ནས་འགོ་བརྩམས་པ་དང་དབུགས་ལྒང་དམར་པོ་གཅིག་ནམ་མཁའི་དབྱིངས་སུ་བཏང་པ་ནས་མཇུག་བསྡུས་ཡོད།

        བོད་ཀྱི་ལོ་རྒྱུས་ཡིག་ཚང་དུ།  “བང་སོའི་ལོགས་སུ་ས་ཁང་བརྩིགས་པ་ཚོས་དམར་པོར་བསྒྱུར་ཡོད་ལ། གྱང་ངོས་ན་སྟག་དཀར་པོ་ཞིག་བྲིས་འདུག  དེ་གར་སྦས་པ་རྣམས་ནི་མི་ཆེན་དང་གཡུལ་དུ་དཔའ་བ་རྣམས་ཀྱི་གདུང་རེད།  ཁོང་ཏ་རྣམས་འཚོ་བའི་སྐབས་སུ་སྟག་པགས་གྱོན་ཞིང་། འདས་པའི་རྗེས་སུ་སྟག་གི་གཟུགས་བརྙན་རི་མོར་བྲིས་ཏེ་དཔའ་བོའི་རྟགས་སུ་ངོམ་པ་འདྲ།”[«ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས» མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།1983ལོ།ཤོག་ངོས104-105སྟེང་།]ཞེས་བོད་བཙན་པོའི་དུས་སུ་མི་རྣམས་ཀྱིས་སྟག་དཀར་པོར་དད་མོས་བྱེད་པ་ནི་དོན་དུ་དཔའ་བོ་ལ་བཀུར་སྟངས་ཤིག་ཡིན་ཞིང་།  དེའི་ཕུགས་སུ་བླའི་རིག་གནས་ཀྱི་གསང་པ་དང་ལྐོག་ཏུ་གྱུར་པའི་འདུ་ཤེས་ཚུར་སྣང་བགྱིས་ཡོད་པ་ཡིན།  དེ་ལྟར་ཁ་དོག་དཀར་དམར་ལས་བོད་མིའི་བླའི་དད་མོས་དང་ཚེ་སྲོག་ཡུན་གནས་ཀྱི་སྨོན་ལམ་གསོལ་པའི་འཚོ་གནས་རིན་ཐང་གི་ལྟ་ཚུལ་ཁེར་ཚུགས་སུ་ཡོད་པའི་རྟགས་མཚན་དུ་མཐོང་།  གཞན་ཡང་། “བཙན་པོ་སྐུ་ལ་སྟག་ལྤགས་དཀར་པོ་གསོལ་། དབུ་ལ་དར་གྱི་ཐོད་དམར་པོ་བཅིངས།”[« ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས » མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1983ལོ། ཤོག་ངོས་49-50་སྟེང་།]ཞེས་སྟག་ལྤགས་དཀར་པོའི་གྱོན་པ་དང་དར་དམར་པོའི་ཐོད་བཅིངས་བཅས་དཀར་དམར་གྱི་ཁ་དོག་སྡེབ་པའི་མཛེས་སྡུག་གཞན་ཞིག་ནི་ཟིལ་ཤུགས་ཀྱིས་བརྟས་དྲགས་པའི་སྣང་བརྙན་ངོམས་སྟངས་ཤིག་རེད།  དེའང་མདོར་དྲིལ་ན་སྟོབས་ཀྱི་དྲག་ཟིལ་མཚོན་ཐབས་ཤུགས་ཀྱང་རེད་སྙམ།  དེ་འདྲའི་རིག་གནས་ཀྱི་དགོངས་གཞི་རྒྱ་ཆེ་ཞིང་གཏིང་ཟབ་པ་ནི་མི་རིགས་རང་གི་ཡུལ་སྲོལ་དད་མོས་དང་མཛེས་དཔྱོད་བློ་ཁམས་ལ་འདྲེས་ནས་ཡོད་པས།  སྒྱུ་རྩལ་རྩོམ་རིག་གི་བླ་སྲོག་སྟེང་ལ་སིམ་ཞིང་འཐིམས་ནས་ཡོད་དགོས་པ་དོན་ལ་གནས་པ་ཞིག་རེད། ཁ་དོག་དཀར་དམར་གྱི་གོ་སྡེབ་སྟངས་དེ་འདྲའི་སྣང་ཚུལ་གློག་བརྙན་«དབུགས་ལྒང»་ཁོ་ན་མ་ཡིན་པར་ཁོའི་བརྩམས་སྒྲུང་«གངས»་ཀྱི་ནང་དུའང་ཡོད་དེ།   “གངས་ནི་ཁ་བའི་དོན་དང་།   བུ་མོ་ཞིག་གི་མིང་ཡང་ཡིན་ཏེ།  ལོ་བཅོ་ལྔའི་སྔོན་གྱི་མཚན་མོ་ཞིག་ལ།  ལུག་རྫི་གཅོད་པས་ཁ་བའི་ཁྲོད་དུ་རྙེད་པའི་བུ་མོ་ཞིག་གི་མིང་ཡིན།”ཞེས་དང་།  ཡང་ན།  “མཚན་མོའི་རྨི་ལམ་ཁྲོད།  ལུག་རྫི་གཅོད་པས་རང་གི་ཆུང་མ་ཡིན་ཟེར་བའི་བུད་མེད་ཅིག་གིས་བྱིས་པ་དམར་རྗེན་ཞིག་པང་ནས་ཁ་བ་ལྷབ་ལྷུབ་འབབ་པའི་ཁྲོད་ཚབ་ཚུབ་ངང་སྐྱོད་པ་རྨིས།”[པད་མ་ཚེ་བརྟན་གྱིས་བརྩམས། «བསླུ་བྲིད» མཚོ་སྔོན་མི་རིག་དཔེ་སྐྲུན་ཁང་། 2010ལོ། ཤོག་ངོས་127་སྟེང་།]ཞེས་ཁ་དོག་དཀར་དམར་སྡེབ་པའི་མཛེས་འཛིན་གྱི་བསམ་བློས་རྩོམ་གྱི་བཀྲགས་མདངས་མཐོ་རུ་བསྟད་པའི་རིན་ཐང་མཐོང་། དེ་ལྟར། གློག་བརྙན་«དབུགས་ལྒང»་ལས་ཁ་དོག་དཀར་དམར་གྱི་སྣང་ཚུལ་བྱེ་བྲག་ཏུ་དབབ་ནས་བཀྲོལ་རྒྱུའང་ཡོད་དེ།  གློག་བརྙན་ལས།  ༡.སྨན་པ་འབྲུག་མཚོ་དང་དབང་མོ་གཉིས་ཀྱི་ལྭ་བའི་ཁ་དོག་དཀར་དམར་དུ་བཏབ་ཡོད།  ༢. བྱང་ཆུབ་སྒྲོལ་མའི་དཔེ་ཆ་དཀར་པོ་ཞིག་བཟུང་ཡོད། གྲྭ་ལྭ་དམར་པོ་གྱོན་ཡོད།  དེབ་དཀར་པོ་དེ་མེ་དམར་པོའི་ནང་ལ་བསྲེགས་པའི་སྣང་ཚུལ་དཀར་དམར་དུ་བཀྲལ་ཡོད།  ༣.སྒྲོན་དཀར་གྱིས་གྱོན་པ་དམར་པོ་གྱོན་པ་དང་ལག་ལ་དཀར་ཡོལ་དང་ཇ་དེམ་དཀར་པོ་བཟུང་ཡོད་ནས་ཇ་ལྡུད་པའི་ངང་ཚུལ།  ༤.བྱིས་པ་ཚོས་པི་པི་དང་དབུགས་ལྒང་བརྗེས་དུས།  པི་པིའི་ལོང་བུ་དམར་པོ་དང་ལྒང་ལི་དཀར་པོ་ཡིན།  བྱིས་པ་གཅིག་གི་ལྭ་བ་དཀར་པོའི་སྟེང་ལ་ཨང་གི་དམར་པོ་ཅན་དུ་བྱས་པའི་རི་མོ།  ༥.ཚི་ལེན་དཀར་པོ་གྱོན་ཞིང་ལྕགས་སྨྱུག་དཀར་པོ་བྲང་ཁར་འཛེར་བ། ཐ་མག་དཀར་པོ་འཐེན་པ། མིག་ཤེལ་དཀར་པོ་གྱོན་པའི་མི་སྣ་སྟག་འབུམ་རྒྱལ་ཁོའི་ཁ་གཏད་དུ་ཡོད་པའི་བྱང་ཆུབ་སྒྲོལ་མའི་སྣང་བརྙན་དམར་པོ་བསྐྲུན་ཡོད།  ༦.ཨ་མྱེས་ཀྱི་བེམ་པོ་བུམ་པ་དཀར་པོར་བཅུག་སྟེ་རླངས་འཁོར་དཀར་པོའི་ནང་ལ་འཁྱེར་དུས་མཚན་མོར་འཁེལ་ཞིང་རླངས་འཁོར་གྱིས་གློག་སྒྲོན་དམར་པོར་བཀར་པའི་འོད་ཀྱི་སྡེབ་ཁ།  ༧.ཞོགས་པའི་སྤྲིན་པ་དམར་སེར་ནི་དོན་ལ་ཁ་དོག་དཀར་དམར་འདྲེས་པའི་བརྡ་རྟགས་ཡིན་ལ།  དེ་ནི་སྨོན་ལམ་གྱི་སྟེང་ལ་གདབ་ནས་ཡོད། ༨.གློག་བརྙན་གྱི་ཆེས་མཇུག་ཏུ་སྨན་པ་འབྲུག་མཚོའི་ལྭ་བ་དཀར་པོ་གྱོན་ཡོད་ཅིང་རྣ་ཐོག་གི་ཕྲ་རྒྱན་བྱུ་རུ་དམར་པོ་བྱས་ཡོད། ༩.སྒྲོན་དཀར་གྱིས་བྱིས་པ་ཆགས་པའི་གཏམ་གསར་ཞུ་རུ་ཡོང་དུས་ཞྭ་མོ་དཀར་པོ་གྱོན་པའི་དར་རྒྱས་སྒེའུ་ཁུང་ཕྱི་རོལ་གྱི་ཤེལ་སྒོའི་འགྲམ་ན་ཡོད།  ཁོས་ཤ་སྐམ་དམར་པོར་བསྡུ་གསོག་རྒྱག་གིན་ཡོད།  དུས་འདིར་བརྙན་མིག་ཁང་པའི་ནང་ལ་བསྐོར་དུས།  བྱང་ཆུབ་སྒྲོལ་མས་དཔེ་ཆ་སྣ་རིང་མདུན་དུ་བཟུང་ནས་ཡོད་པས། དཀར་དམར་གྱི་མདངས་ཇེ་གསལ་དུ་བཏང་ཡོད་པ་ཞིག་རེད།  ༡༠.སྒྲོན་དཀར་ལ་བྱིས་པ་ཆགས་པ་ནས་བཟུང་ཁོ་མོའི་སྟོད་གོས་དཀར་པོར་བརྗེས་ཡོད།  ཁོ་མོའི་གམ་གྱི་བྱང་ཆུབ་སྒྲོལ་མ་དམར་པོའི་མཚོན་དོན་དུ་སྤྲོས་ཡོད། རྒྱབ་ལྗོངས་གྱང་དཀར་པོ་བྱས་ཡོད། སྒེའུ་ཁུང་ནང་ལ་སྤྲིན་དཀར་དང་ཁོ་མོའི་སྟོད་གོས་དཀར་པོ་ཤར་ཡོད། དཀར་པོའི་ཤེད་དེ་ལྟོས་འཇོག་གིས་གཟི་ཉམས་དོད་པ་ཞིག་རེད།  འཁྲབ་ཁྲིད་པའི་ཁ་དོག་དཀར་དམར་གཉིས་སུ་བཏབ་ཡོད་ནའང་།  གཙོ་ཆེར་ཁ་དོག་དཀར་པོའི་ཤུགས་ཀྱིས་ལྕིད་པར་བྱས་ཡོད།  ༡༡.ཆར་བ་ཤག་ཤག་གི་ཁྲོད་དུ་སྣམ་ཕྲུག་དམར་སྨུག་གྱོན་པའི་དར་རྒྱས་ཀྱིས་རྒྱ་བཟའ་ཀོང་ཇོའི་སྐུ་བརྙན་གྱི་མདུན་ནས་ཆུ་འཁྱག་འཐུང་བཞིན་པའི་སྣང་བརྙན།  ༡༢.ཕྱིར་ཡུལ་ལ་ལོག་ཁར། ལམ་སྐྱ་བོའི་འགྲམ་གྱི་ལུག་ཁྱུ་དཀར་པོ་དང་། གྱོན་པ་དཀར་པོ་གྱོན་པའི་བྱིས་པ་གཉིས། དབུགས་ལྒང་དམར་པོ་གཉིས་བཅས་ཀྱི་མདངས་སུ་བསྡུས་ཡོད། ༡༣.མཁའ་དབྱིངས་སུ་ལྒང་ལི་དམར་པོ་དང་སྤྲིན་དཀར་པོ་བསྲེས་ནས་མཇུག་བསྔུས་ཡོད།

         དེ་ལྟར།  ཁ་དོག་དཀར་དམར་གྱི་ཆ་སྡེབ་སྟངས་ནི་བླ་སྲོག་དང་དད་མོས།  སྐྱེ་འཆི་དང་ཕུགས་བསམ།   ཐོབ་ཤོར་དང་རྣམ་ཤེས་སོགས་སུ་བསྡུས་པའི་རིག་གནས་ཀྱི་རྟགས་སུ་ཆེ་བ་དང་།  དེ་ལྟ་བུའི་ཁ་དོག་དཀར་དམར་ལ་རིག་གནས་ལོ་རྒྱུས་ཀྱི་དོན་སྙིང་ཅི་ཡོད་པར་འཚོལ་བ་ལ་སྔོན་གྱི་གཏམ་དང་ཡིག་ཚང་སོགས་སུ་བཤེར་ཚེ་ཤིན་ཏུ་གསལ་ཏེ། མདོ་གཟེར་མིག་ལས། “དེ་ནས་འོད་དཀར་པོ་མདའ་གང་ཙམ་དེ།  ཡབ་ཀྱི་སྤྱི་བོའི་གཙུག་རུམ་ནས།  ཀླད་པ་དུང་གི་རྒྱ་མཚོར་གཤེགས་སོ།  དེ་ནས་ཚིགས་པ་གཡང་དྲུང་གི་ཐེམ་སྐས་ལ་བབས།  རྒྱུངས་པ་འདྲེན་པའི་ཆུ་བོ་ལ་ཞོན་ནས།  ཡབ་ཀྱི་སྟ་ལ་གཤེགས་སོ།  དེ་ནས་ཟེར་དམར་པོ་འཕང་ཙམ་དེ།  ཡུམ་གྱི་སྤྱི་བོའི་གཙུག་རུམ་ནས།  ཀླད་པ་དུང་གི་རྒྱ་མཚོའི་ནང་དུ་གཤེགས་སོ།  དེ་ནས་སྙིང་མཆོང་རི་སྨུག་པོའི་རྩ་བ་དང་།  གློ་བ་པད་མ་འདབ་བརྒྱད་པའི་ཚང་ཚིང་དང་།  སྲོག་རྩ་བའི་ལམ་གྱི་མདོར་བབས་སོ།  སྲོག་རྩ་བའི་སྦུ་གུར་ཁྲིད་ནས།  ཡུམ་གྱི་མངལ་དུ་གཤེགས་སོ།”[དྲང་རྗེ་བཙུན་པ་གསེར་མིག་གིས་བརྩམས། «མདོ་གཟེར་མིག» ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།1991ལོ།ཤོག་ངོས་39་སྟེང་།]ཞེས་དང་། གཞན་ཡང་།  “དེ་ནས་ཡབ་ཀྱི་སྟ་ལ་སེམས་ཀྱི་རྒྱུ།  ཤེལ་ཀང་ཀ་རི་དཀར་པོ་བཅག་པ་འདྲ་བ་དང་།  ཡུམ་གྱི་མངལ་ན་ཡིད་ཀྱི་རྒྱུ་མཚལ་དམར་པོ་ཙ་ཏིལ་སྦྱངས་པ་འདྲ་བ།  དེ་གཉིས་འདྲེས་པ་ཙམ་ན། སེམས་ཉིད་ནི་འོད་རྩེ་མོ་དཀར་བ།  རྩ་བ་དམར་བ།  དཀྱིལ་ལྗང་བ།  མོ་ཁབ་བསྒྲེངས་པ་ཙམ་ཞིག  སྔོན་གྱི་ལས་ཀྱི་ཤུགས་མཐུན་པས།  དཀར་དམར་འདྲེས་པའི་ནང་དུ།  ལས་སྦྱོར་བའི་རླུང་གིས་དེད་ནས།  རྒྱ་མཚོའི་ཉ་དོལ་ལ་འཁྲིས་པ་བཞིན་དུ་རིལ་གྱིས་སོང་ངོ་།  སེམས་དང་ལུས་གཉིས་དང་པོ་ལས་ཀྱིས་དེ་ལྟར་འཕྲད་དོ།།”[དྲང་རྗེ་བཙུན་པ་གསེར་མིག་གིས་བརྩམས། «མདོ་གཟེར་མིག» ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1991ལོ། ཤོག་ངོས་39་སྟེང་།]ཞེས་བོད་མིས་ཁ་དོག་དཀར་དམར་གྱི་རིག་གནས་ཀྱི་ལྟ་གྲུབ་ལས་བོད་མིའི་བླ་སྲོག་རྣམ་ཤེས་གསུམ་གྱི་འདུ་ཤེས་མཚོན་ཡོད་པ་མངོན་པར་གསལ་ཞིང་།  ཁ་དོག་དཀར་པོ་དང་དམར་པོ་གཉིས་སྡེབ་པའི་ཚེ་སྲོག་གི་འདུ་ཤེས་འཛིན་སྟངས་འདི་ནི་ཆོས་ཉིད་དང་འཚམ་ཞིང་ཚན་རིག་དང་མཐུན་པས།  པད་མ་ཚེ་བརྟན་གྱིས་གློག་བརྙན་གྱི་གཟུགས་སུ་ཕབ་ཅིང་བརྙན་དུ་སྡེབ་པ་འདི་དོན་གྱིས་བརྟས་ཤིང་ཉམས་ཀྱིས་ཕྱུག་པ་ཞིག་རེད། 

1606374754107510.gif

བཞི་པ།  མཐའ་སྡོམ།  སྤྲེའུ་དང་བྲག་སྲིན་གྱི་སྣང་བརྙན།

            གློག་བརྙན་གྱི་ཐོག་མཐའ་བར་གསུམ་རྟེན་འབྲེལ་གྱི་ཨ་ལོང་དུ་བཏབ་པའི་ཁྲོད་ལ།  ནམ་མཁའ་དང་ས་གཞི་ཡུག་གཅིག་སྦྲེལ་ཞིང་།  དར་རྒྱས་དང་སྒྲོན་དཀར་གྱི་མི་ཚེའི་འཚོལ་སྙེག  སྒྲོལ་མ་དང་དགེ་རྒན་གྱི་འདས་སོང་གཏམ་རྒྱུད།  བུ་ཆུང་གཉིས་ཀྱི་དབུགས་ལྒང་གི་རྨི་ལམ།  དག་ཞིང་བསྙེགས་པའི་ཨ་ཕྱི་དང་ཨ་མྱེས།  དེ་བཞིན་མ་མོ་དང་ཁྲོམ་རྒན་གྱི་སྣང་བརྙན་ལ་སོགས་པ་དྭངས་གསལ་གྱི་ནམ་མཁའ་དང་ཉི་འོད་ཀྱི་ཀློང་དུ་བརྒྱུན་ནས་འཚེར་ཞིང་འཕྱོ་བའི་འགུལ་ཉམས་ཀྱིས་གསོན་ཤུགས་འཁྱུག་ཅིང་།  སྐྱེ་འཆི་དང་རྣམ་ཤེས་རེས་མོས་སུ་འཁོར་བའི་མཛེས་སྡུག་གི་ཁ་དོག་ནི་དད་མོས་དང་བརྩེ་བ།  ཡིད་ཆེས་ཀྱིས་འཚོ་བར་བརྒྱན་ཡོད་པའི་གཏན་ཚིགས་ཀྱི་འབབ་ཚིགས་ཡིན།  དེ་བཞིན་ཉི་འོད་དང་འདྲེས་པའི་སྟོབས་ཤུགས་དང་སྤྲིན་དཀར་དང་བསྲེས་པའི་གཤིས་ཀ་ལ་སོགས་ནི་རང་བྱུང་དང་མཉམ་དུ་སྦྱར་ཞིང་།  སླར་ཡང་རང་བྱུང་གི་ཁམས་སུ་འཚོ་བའི་ཆོས་ཉིད་དུ་གདབ་ནས་ཡོད།  གནམ་འཁོར་ལོ་རྩིབས་བརྒྱད་དང་ས་པད་མ་འདབ་བརྒྱད་ཀྱི་རྟེན་འབྲེལ་གྱི་ཞགས་པས་མིའི་རིགས་ཀྱི་འདོད་ཡོན་དང་འཚོ་བ་སྦྲེལ་པའི་བསམ་བློའི་ཉིང་ཁུ་དྭངས་མར་བསྙལ་པས།  གློག་བརྙན་འདི་མི་རིགས་ཀྱི་ཡུལ་སྲོལ་དད་མོས་ལས་བསྐྱེད་དེ་མིའི་རིགས་ཀྱི་འཚོ་གནས་དང་སྐྱེ་འཆིའི་ངོས་སུ་བཏེགས་པ་ནི་དབུགས་ལྒང་མཁའ་དབྱིངས་སུ་ཤོར་པའི་མཚེས་སྡུག་གི་སྣང་བརྙན་དང་ཀུན་ནས་མཚུངས།

        ལར་མི་རིགས་རང་གི་རིག་གནས་སེམས་ཁམས་ལ་གཞི་བཅོལ་ཞིང་མཛེས་དཔྱོད་ཀྱི་བློ་མིག་གཡར་ནས་གློག་བརྙན་«དབུགས་ལྒང»་ལ་བལྟས་པའི་དྲན་ཚུལ་ཕྲན་བུ་རི་མོར་བཀོད་པར་གཟུར་གནས་དཔྱོད་ལྡན་ཡོངས་ཀྱིས་བསམ་ཚུལ་དགོངས་འཆར་ཅི་དགར་སྩོལད་ཞུ།  དེས་མཚུངས་སྐུ་ཞབས་པད་མ་ཚེ་བརྟན་ལགས་གཙོ་བྱས་པའི་བོད་བརྙན་གྱི་འཕྲིན་ལས་ཀུན་ནས་རྒྱས་ཏེ་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཁྱབ་པའི་སྨོན་ལམ་འདེབས་སོ།།

2020/11/25ཉིན།

  • རྩོམ་པ་པོ་ངོ་སྤྲོད། 

         དཔལ་ལྡན་རྒྱ་མཚོ། རྩོམ་རིག་ཆེད་ལས་ཀྱི་འབུམ་རམས་པ། ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན། སྔ་ཕྱིར«བོད་ཁུལ་ཡུལ་སྲོལ་རིག་གནས་རྟོག་དཔྱོད།» «ཁེར་ཚུགས་དང་ཀུན་གཤིས་ཀྱི་དབུས་མཐའ།» «ཉི་ཟླའི་སྒོ་དར་ཁྲ་ཁྲ།» «རྩོམ་རིག་སྐད་ཆའི་སྒྲིག་གཞི་བཀྲོལ་སྟངས།» «སྙན་ངག་གསར་བའི་ཞིབ་རྟོག»བཅས་པར་དུ་བསྐྲུན་ཡོད། 

  • ཟུར་བཀོད། 

        དགོས་དབང་གིས་གཏགས་ནོར་དང་ཆད་ལྷག་རེ་ཟུང་བཅོས་པ་ལས་གཞན་མ་རྩོམ་ལྟར་ཇི་བཞིན་བཀོད་ཡོད། 

        

གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས། 


དཔྱད་མཆན་ཡོད།