ད་ལོའི་བོད་ཀྱི་གློག་བརྙན་སྐོར་གླེང་བ།

 

       ད་ལོའི་ལོ་མགོ་འདིར་བོད་ཀྱི་སློབ་ཆེན་པ་གཙོ་བྱས་པའི་གློག་བརྙན་ལ་སྤྲོ་བ་ཡོད་པའི་ལས་མི་དག་གིས་གློག་བརྙན་ཐུང་བ་སྐོར་ཞིག་དྲ་བའི་སྟེང་དུ་བཀོད་ཡོད་པ་མཐོང་བ་དང་ཐོས་པའི་སྐལ་བ་ལྡན་པར་གྱུར། ཐེངས་བཅོ་བརྒྱད་པའི་པེ་ཅིན་སློབ་ཆེན་སློབ་མའི་གློག་བརྙན་འགྲན་སྡུར་དུ་ཡང་འགྲན་ཞུགས་གློག་བརྙན་གསུམ་མཐོང་བར་གྱུར། དེ་དག་ནི་གསེར་གྱི་ལི་མ་དང་། གཟའ་ཉི་མ། ཤེས་རབ་ཀྱི་འཛུམ་མདངས་བཅས་རེད། གཤམ་དུ་ངས་དེ་དག་ལ་དཔྱད་པ་ཅུང་ཙམ་རེ་བྱ།

       MMES0KSD4TD1P3B7_SUY@1T.jpgགསེར་གྱི་ལི་མ་ཞེས་པའི་གློག་བརྙན་འདི་ནི་ཁོ་བོས་ད་ལོའི་བོད་ཀྱི་གློག་བརྙན་ཐུང་བ་དག་གི་ཁྲོད་ཀྱི་ཅུང་ལེགས་ཤོས་སུ་འཇོག་རྒྱུ་ཡིན། དེའི་རྒྱུ་མཚན་ཅི་ཡིན་ཟེར་ན། དེ་ནི་གཙོ་བོ་བརྙན་རིས་ཀྱི་མཛེས་པ་དང་རྒྱབ་ལྗོངས་རོལ་མོ། རྒྱབ་ལྗོངས་ཀྱི་སྐད་ཆ་དང་མི་སྣའི་སྐད་ཆ་སྒྲར་ཕབ་པ་གསལ་བ་དང་དོ་མཉམ་པ་བཅས་ཀྱི་སྟེང་ནས་འཇོག་རྒྱུ་ཡིན།  སྤྱིར་ན་གློག་བརྙན་ཞིག་ཡིན་ཚེ་རྒྱབ་ལྗོངས་རོལ་དབྱངས་ནི་འོས་ཤིང་འཚམ་པ་ཞིག་ཡིན་དགོས་ལ། དེ་བཞིན་དུ་བརྙན་རིས་ཀྱི་བརྩེ་དུང་གི་འཕྱོ་འཇགས་དང་བསྟུན་ནས་གྲག་དགོས་པ་ཞིག་ཡིན་པ་རེད། གསེར་གྱི་ལི་མ་ཞེས་པའི་གློག་བརྙན་འདི་ལས་རྒྱབ་ལྗོངས་རོལ་དབྱངས་དང་བརྙན་རིས་བསྡེབས་པ་ཅུང་ལེགས་པར་མཐོང་། དེར་མ་ཟད། འདི་ནི་བོད་ཀྱི་གློག་བརྙན་ལས་རྒྱབ་ལྗོངས་སྐད་ཆ་ཆེས་མང་ཤོས་སམ། ཡང་ན་ཆེས་ཐོག་མ་དེ་རེད། འདིའི་ཡར་སྔོན་དུ་རྒྱབ་ལྗོངས་སྐད་ཆ་ཡོད་པའི་བོད་ཀྱི་གློག་བརྙན་ཞིག་ཕལ་ཆེར་མེད་པ་འདྲ། གློག་བརྙན་འདིའི་ཆེས་ཆེ་བའི་སྐྱོན་ཆ་ནི་ནང་དོན་གྱི་ཆ་ན་ཡོད་པར་བསམ། གལ་ཏེ་ཆེས་མཐའ་མཇུག་གི་ལབ་ཙེ་སྒང་དུ་གྲོགས་པོ་ཞིག་དང་མཉམ་དུ་ལབ་གླེང་བྱེད་པ་དེ་མེད་ཚེ། གློག་བརྙན་འདིར་ནང་དོན་གྱི་ཆ་ནས་ཆེན་པོ་ཞིག་མེད་པར་མཐོང་། ཡིན་ནའང་ཆེས་མཐའ་མཇུག་གི་ལབ་གླེང་དེས། བོད་མི་ཤེས་ལྡན་པ་སུ་ཞིག་ཡིན་ཀྱང་སེམས་པར་ཟུག་གཟེར་ཞིག་ཅིས་ཀྱང་སྦྱིན་ངེས་རེད།

        འདིའི་ནང་གི་མི་སྣ་གཙོ་བོ་ཕྱིར་རང་ཡུལ་དུ་ལོག་དུས་མ་ཎི་འཁོར་ལོ་སྐོར་གྱིན་སོང་བའི་བརྙན་རིས་དེ་ནི་ལྷག་མ་ཞིག་ཡིན་པར་བསམ་སོང་། སྤྱིར་ན་དེ་ལ་ཡང་དེའི་མཛེས་པ་ཞིག་ཡོད་པ་བསྙོན་དུ་མེད་ནའང་། དེས་ནི་ཡུན་རིང་ཕ་ཡུལ་དུ་མ་ལོག་པའི་ཡུལ་གྱར་བ་ཞིག་ཕྱིར་ཕ་ཡུལ་ལ་ལོག་དུས་ཀྱི་སེམས་པའི་བྲེལ་འཚུབ་དང་དགའ་མགུ་ཅི་ཡང་མཚོན་མི་ཐུབ་ལ། དེ་མཚོན་པ་ལ་རོགས་རམ་དང་སྐུལ་འདེད་ཡང་ཅི་ཡང་བྱ་མི་ཐུབ་པར་བསམ། དེ་ནི་གཙོ་བོ་འཁྲབ་ཁྲིད་པས་བརྙན་རིས་ཀྱི་ངོགས་སུ་བོད་ཀྱི་རིག་གནས་བརྡ་རྟགས་ཤིག་བྱུང་དུ་འཇུག་པར་འདོད་པ་དེ་ཙམ་ཡིན་འདུག་ལ། དེ་ཡིས་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ཤིག་དང་འཚོ་གནས་བྱེད་སྟངས་ཤིག་གསལ་ལ་མི་གསལ་བར་མཚོན་འདོད་ཡོད་པ་རེད་མོད། དེ་ནི་གླུ་དབྱངས་

བརྙན་སྡེར་གྱི་བརྙན་རིས་ལ་འོས་ཆེ་བ་ཙམ་ལས་གསེར་གྱི་ལི་མ་ཞེས་པའི་གློག་བརྙན་འདིའི་བརྗོད་བྱ་དང་ཐབས་རྩལ་ལ་འབྲེལ་བ་ཆེར་མེད་པར་མཐོང་།

       ~IM%EMH@J~%4$2(MT{7{]BI.jpg གློག་བརྙན་འདི་ཡང་ཅུང་ལེགས་པོ་ཞིག་འགྲུབ་འདུག་སྟེ། དེ་ཡང་གཙོ་བོ་ནང་དོན་གྱི་ཆ་ནས་འཇོག་དགོས་པར་འདོད་དེ། གློག་བརྙན་འདི་ལས་བོད་ཀྱི་སློབ་ཆེན་པ་ཞིག་གིས་ལས་བྱ་འབྲི་འདོད་པའི་བསམ་འདུན་ཆུང་ཆུང་ཞིག་ཁོར་ཡུག་གིས་བསམ་བཟོས་ནས་རྨེག་མེད་དུ་བཏང་བ་བརྒྱུད་དེ། བོད་ཀྱི་མི་རབས་ཤིག་གིས་གྲོང་ཁྱེར་གྱི་བཞི་མདོ་ན་རང་ཉིད་བོར་ཞིང་འབོར་གྱིན་པའི་ཉེན་ཚབ་ལ་འབོད་པ་བཏང་ཡོད་པར་བསམ། གློག་བརྙན་འདིའི་ནང་གི་བརྙན་རིས་ཆེས་མཛེས་པ་དེ་ནི་འཁྲབ་སྟོན་པ་བུ་མོ་དེས་རྒྱ་སྲང་ནས་ཁ་པར་ལེན་པ་དེ་ཡིན་པར་བསམ་ཡོད་དེ། དེ་ནི་གློག་བརྙན་ཆེ་གྲས་ཤིག་གི་བརྙན་རིས་ཕབ་ལེན་བྱེད་སྟངས་ཀྱི་ཁྱད་ཆོས་འདུག་པས། ཤིན་ཏུ་ཡག་པོར་མཐོང་སོང་། ཡིན་ནའང་། སློབ་ཆེན་པ་དེ་མ་ཅང་རྩེ་རུ་སོང་བ་དེར་རྒྱུ་མཚན་ཆེར་མི་འདུག་སྟེ། གློག་བརྙན་ལས་མི་རབས་ཤིག་གི་ཉམ་ཆུང་དང་ཐབས་རྡུགས་ཀྱི་གནས་བབ་མཚོན་པ་དང་ལྷན་དུ། སྐྱེ་བོ་འགའ་རེས་རང་གི་ལངས་ཕྱོགས་ལ་ཨུ་ཚུགས་བྱེད་ཐུབ་པའི་མི་གཤིས་ཀྱི་མཛེས་པ་རེ་ཡང་ཅིས་ཀྱང་མངོན་ཆོག་པར་བསམ་ཡོད།

        གལ་ཏེ། སློབ་ཆེན་པས་བློ་ཐག་རྦད་ཆོད་ཀྱིས་མ་ཅང་རྩེ་རུ་མི་འགྲོ་ཞེས་བཤད་ཅིང་ཨུ་ཚུགས་བྱས་ཏེ་སྡོད་ཐུབ་པ་བྱུང་ཚེ། དེས་ནི་བལྟ་མཁན་གང་གི་སེམས་ལ་ངར་ཤུགས་སྟེར་ཐུབ་ལ། མི་སྣའི་ལས་དབང་ལ་གདུང་སེམས་སྐྱེས་པ་དང་མཉམ་དུ་བརྩེ་དུང་ཡང་ཆགས་པར་འགྱུར་ཏེ། མི་སྣའི་གཤིས་ཀ་སྔར་ལས་མཛེས་པར་གྱུར་བ་དེས། གློག་བརྙན་ཀྱང་ཚད་ངེས་ཅན་ཞིག་གིས་རིན་ཐང་ཅན་དུ་འགྱུར་ངེས་རེད།               

                      $B_WY{6@UXSA4L}]{UO9(5H.jpg གློག་བརྙན་འདི་ལས་རི་གྲོང་གི་སློབ་གྲྭའི་དགེ་རྒན་ཞིག་གི་རྨི་ལམ་བརྒྱུད་ནས། དེ་དག་གི་དཀའ་སྡུག་མཚོན་ཡོད་ལ། དེ་བཞིན་དུ་ཁོ་ཚོའི་ཆེས་མཐའ་མཇུག་གི་དགའ་སྤྲོ་ཉག་གཅིག་པོ་དེ་ཡང་མཚོན་པར་བྱས་ཡོད། སྤྱིར་ན་གློག་བརྙན་འདིས་ཀྱང་ཁོ་བོའི་སེམས་པ་སྒུལ་བྱུང་ལ། དེ་ནི་གཙོ་བོ་ཁོ་བོས་སེམས་ཀྱིས་མྱངས་པས་ཡིན་རྒྱུ་རེད། ཧ་ཧ། དེ་ཀུ་རེ་ཡིན། གང་ལྟར། གློག་བརྙན་ཡག་པོར་མཐོང་སོང་།དེ་ཡང་གཙོ་བོ་དགེ་རྒན་རྐང་ཐང་ལ་འགྲོ་བ་དང་འབྲོག་པ་དག་སྦག་སྦག་འཁོར་ལོར་ཞོན་ནས་འགྲོ་བ་གཉིས་བསྡུར་བ་བརྒྱུད་ནས། ཟླ་ཕོགས་ལེན་མཁན་ཞིག་དང་ཕྱུགས་ཟོག་འཚོ་མཁན་གཉིས་ཀྱི་གོ་ས་ལ་འགྱུར་བ་བྱུང་གིན་པ་མཚོན་གྱིན་ཡོད། དེ་ནི་གློག་བརྙན་གྱི་བརྗོད་བྱ་གཙོ་བོ་མིན་ནའང་། དེ་ཡིས་ཀྱང་གློག་བརྙན་ཧྲིལ་བོར་ནུས་པ་མི་དམན་པ་ཐོན་ཡོད་པར་བསམ།དེ་ལས་དགེ་རྒན་སློབ་གྲྭའི་སྒོ་ཆེན་བརྒྱུད་ནས་འགྲོ་བའི་བརྙན་རིས་དེ་ནི་ཅུང་མི་འཚམ་པར་སྙམ། རྒྱུ་མཚན་ནི་གོང་དུ་ཤར་དུས་དེ་ནི་རི་གྲོང་གི་སློབ་གྲྭ་ཞིག་ཡིན་པ་ཤེས་ཐུབ་ལ། འཚོ་བ་དང་སློབ་ཁྲིད་ཀྱི་ཆ་རྐྱེན་གང་ལ་མཚོན་ན་ཡང་ཤིན་ཏུ་ནས་ཐབས་རྡུགས་ཤིག་ཡིན་པ་ཤེས་ཐུབ། དེར་མ་ཟད་དགེ་རྒན་ཕྱིར་མལ་ཁང་དུ་ལོག་དུས་ཁ་མར་འཁོར་ནས་ཤུགས་རིང་ཞིག་འཐེན་ལ། དེའི་སྐབས་སུ་སློབ་གྲྭའི་མདུན་ཐད་ནི་ཡུལ་སྟོང་ཞིག་ཡིན་པ་དང་། དེ་རུ་གྲང་ལྷགས་ལྡང་གིན་པ་མཐོང་ཐུབ། ཡིན་ནའང་། དགེ་རྒན་སློབ་མ་འཚོལ་དུ་འགྲོ་དུས། སྒོ་ཆེན་ཞིག་བརྒྱུད་ནས་ཡོང་ལ། དེའི་རྒྱབ་ལྗོངས་སུ་ཐོག་ཁང་ཞིག་ཀྱང་མངོན་པས། དེ་ནི་ནང་དོན་དང་འབྲེལ་བ་མེད་པའི་བརྙན་རིས་ཤིག་ཡིན་པར་བསམ་སོང་།

       མདོར་ན། གོང་གི་གློག་བརྙན་འདི་གསུམ་པོ་ཁོ་བོར་མཚོན་ན་ཡག་པོར་མཐོང་སོང་སྟེ། དེ་ཡང་གཙོ་བོ་རང་ཉིད་ཀྱང་གློག་བརྙན་ལག་ལེན་བྱེད་མྱོང་བའི་མི་ཞིག་ཡིན་པའི་ཆ་ནས། གློག་བརྙན་ཞིག་དེ་ཙམ་འགྲུབ་རྒྱུ་ཡང་ཤིན་ཏུ་དཀའ་མོ་ཞིག་ཡིན་པ་རང་ལ་གསལ། སྤྱིར་ན་བོད་ལ་དཔལ་འབྱོར་གྱི་རྨང་གཞི་མེད་པས་དོན་དག་གང་ཞིག་བསྒྲུབ་ཀྱང་དཀའ་མོ་ཞིག་ཡིན་འདུག་སྟེ། དེ་ལས་ཀྱང་གློག་བརྙན་ནི་འགྲོ་སོང་ཤིན་ཏུ་ཆེ་བའི་སྒྱུ་རྩལ་གྱི་རིགས་སུ་ཐེ་བས། གློག་བརྙན་ལེགས་པོ་ཞིག་འགྲུབ་རྒྱུ་ནི་རེ་བ་ཙམ་བཏོན་པས་འགྲུབ་ཐུབ་པ་ཞིག་གཞར་ཡང་མ་རེད། གྲོགས་པོ་ལ་ལས་གློག་བརྙན་འདི་དག་ལ་བལྟས་རྗེས། ནང་དོན་ལ་དོན་སྙིང་མི་འདུག་ཟེར་མཁན་དང་། བརྙན་རིས་ལ་མཛེས་པ་མི་འདུག་ཟེར་མཁན་ཤིན་ཏུ་མང་མོད་ཀྱི། དེ་དག་གིས་གཅིག་ན་དངོས་ཡོད་མ་མཐོང་བས་དང་། གཉིས་ན་སེམས་ཀྱིས་མ་མྱངས་པ། གསུམ་ན་ནུབ་གླིང་དང་རྒྱ་ནག་གི་གློག་བརྙན་ཚད་ཤིང་ཁྱེར་ཡོང་བས་ལེགས་པོར་མ་མཐོང་ཡིན་པར་བསམ་ཡོད།

        སྤྱིར་ན་ཁོ་བོ་ནི་གློག་བརྙན་དཔྱད་བརྗོད་པ་ཞིག་མིན་ལ། བྱེད་འདོད་ཀྱི་ཕུགས་བསམ་ཀྱང་མེད་མོད། དེ་རིང་གློག་བརྙན་འདི་གསུམ་པོར་བལྟས་པ་དང་། དེ་ནས་གྲོགས་པོ་དག་གི་དཔྱད་བརྗོད་ཐོས་དུས། འདི་ལྟ་བུ་ཞིག་འབྲི་འདོད་བྱུང་བ་ལ་དྲ་གྲོགས་དག་གིས་དགོངས་འཆར་ལྷུག་པོར་གནང་བར་ཞུ།

དཔྱད་མཆན་ཡོད།