བོད་ཀྱི་གློག་བརྙན་ལ་འདི་འདྲ་ཞིག་བཤད་འདོད་བྱུང་།

                                                                                   

        བོད་རིགས་ན་གཞོན་མང་པོས་གློག་བརྙན་གྱི་ལས་རིགས་འདི་ལ་དོ་སྣང་དང་མཐོང་ཆེན་བྱེད་ཀྱིན་འདུག ཡིན་ནའང་། གློག་བརྙན་ནི་ཕབ་ཆས་བེད་སྤྱོད་བྱེད་ཤེས་པ་ཙམ་གྱིས་འགྲུབ་ཐུབ་ཞིག་མ་ཡིན་པར། ལས་རིགས་འདིའི་ཕྱིའི་རྣམ་པ་དང་ནང་ལོགས་ཀྱི་གོ་དོན་རིགས་ཆ་ནས་ཤེས་རྟོགས་ཟབ་མོ་ཡོང་དགོས། ཕྱིའི་རྣམ་པའི་ཐོག་ནས་བརྙན་རིས་ཕབ་ཚུལ་དང་། བརྙན་རིས་མཐུད་སྦྱོར། བརྙན་རིས་སོ་སོའི་བར་གྱི་འབྲེལ་བ་སོགས་ལས་གཞན་ད་དུང་སྒྲའི་སྦྱོར་མཚམས་དང་། སྒྲ་དང་བརྙན་རིས་བར་གྱི་འབྲེལ་བར་ངེས་ཆ་གསལ་བོ་ཡོང་དགོས། འདི་ནི་གློག་བརྙན་ཕབ་སྐབས་མ་མཐའ་ཡང་གློག་བརྙན་ནི་ཅི་ཞིག་ཡིན་པ་ཤེས་པའི་རྨང་གཞི་ཡིན་ལ། དེ་ནས་ད་གཟོད་གློག་བརྙན་དེའི་བརྗོད་བྱར་ཐད་ཀར་འབྲེལ་བ་ཡོད་པའི་འཁྲབ་སྟོན་མི་སྣའི་སེམས་ཁམས་དང་རྣམ་འགྱུར་ལ་དག་ཐེར་བྱེད་པའི་གོ་རིམ་བརྒྱུད་དེ། གཞི་ནས་གློག་བརྙན་གྱི་བརྗོད་སྙིང་སྟོན་པར་འཇུག་དགོས། བདག་གིས་བསམ་ན་གློག་བརྙན་ནི་བརྩམས་སྒྲུང་འབྲི་བ་དང་། གནའ་གཏམ་བཤད་པ། སྙན་ངག་རྩོམ་པ་ལྟ་བུ་མིན་པར། དེ་དག་དང་བར་ཁྱད་ཅུང་ཟད་ཆེ་བ་ཞིག་ཡིན་ལ། དེ་དག་གི་གོ་དོན་གཞི་གཅིག་ཏུ་བསྡུས་ནས་འགྲུབ་དགོས་པའི་ལས་ཀ་རིགས་ཤིག་རེད། དེ་ཡིན་པའི་རྐྱེན་གྱིས་གློག་བརྙན་ནི་རྩོམ་རིགས་མིན་ཏེ། རྩོམ་རིགས་ཀྱི་ཕྱི་གོས་གྱོན་ནས་རྩོམ་པ་པོ་རྣམས་འཁྲུལ་དུ་འཇུག་པའི་ལས་རིགས་ཤིག་ཡིན། གློག་བརྙན་ནི་འཁྲབ་གཞུང་ལ་བརྟེན་ནས་བྱུང་བ་དང་། འཁྲབ་གཞུང་དེ་ཡང་གློག་བརྙན་གྱི་མ་ཡིག་ཏུ་འགྱུར་བར་འཁྲབ་ཁྲིད་པ་སོ་སོའི་ཁྱད་ཆོས་ལ་རེག་ལས་ཡོད། དེ་ལྟར་ན། འཁྲབ་གཞུང་གཅིག་ལའང་འཁྲབ་ཁྲིད་པའི་ཕབ་སྟངས་མི་འདྲ་བ་འབྱུང་ངེས་ཡིན། ཇི་བཞིན་དུ་གློག་བརྙན་ལྟད་མོ་བ་ཚོས་ཀྱང་གློག་བརྙན་གཅིག་ལ་ལྟ་སྐབས་སོ་སོའི་སེམས་ངོར་བསྐྲུན་པའི་ཚོར་བ་མི་འདྲ་དང་། མྱོང་བརྒྱུད་རྩ་བ་ནས་མི་འདྲ་བ་ཡོང་གིན་ཡོད། ད་སྐབས་མངོན་སལ་དོད་པོས་མཐོང་ཐུབ་པ་ཞིག་ནི། གློག་བརྙན་ལ་རིགས་ཆེན་པོ་གཉིས་ཀྱི་སྣང་ཚུལ་བྱུང་བ་སྟེ། ཚོར་རར་དམིགས་པའི་གློག་བརྙན་དང་སྒྱུ་རྩལ་ལ་དམིགས་པའི་གློག་བརྙན་ཡིན་ལ། ཚོང་རར་དམིགས་པའི་གློག་བརྙན་ནི་མིའི་རིགས་སྤྱི་སེམས་ཁམས་ཀྱི་མྱོང་ཚོར་གཙོ་བོར་བཟུང་ནས་ཕབ་སྐྲུན་བྱས་པ་ཞིག་དང་། སྒྱུ་རྩལ་ལ་དམིགས་པའི་གློག་བརྙན་ནི་འཁྲབ་ཁྲིད་པ་རང་ཉིད་དང་རང་ཉིད་དང་རིགས་འདྲ་བའི་སྒྱུ་རྩལ་གྱི་ལྟ་ཚུལ་ཅན་ཁག་ཅིག་གི་ཚོར་བ་གནད་དིུ་བཟུང་ནས་ཕབ་སྐྲུན་བྱེད་པ་ཞིག་རེད།

          mmexport1369380766020.jpgཡིན་ནའང་། རིགས་ཆེན་པོ་འདི་གཉིས་ལ་མཚོན་ནའང་བརྙན་རིས་སྡེབ་སྦྱོར་གྱི་རྨང་གཞིའི་ཤེས་བྱ་ལས་འདའ་ཐབས་མེད་པས། བརྙན་རིས་ཀྱི་བརྡ་སྤྲོད་ཐབས་ལ་རྒྱབ་འགལ་བྱས་ཏེ་གློག་བརྙན་སྐྲུན་ཞིག་མིག་སྔར་མཐོང་དུ་མི་འདུག ངས་བསམ་ན། གླ྄ོག་བརྙན་ཕབ་སྐྲུན་ལ་མོས་པ་ལྡན་པ་ཚོས་གློག་བརྙན་ཐུང་གྲས་གྱི་རིགས་ལ་བརྟེན་ནས་སོ་སོའི་དགའ་མོས་མངོན་འགྱུར་ལ་རྨང་གཞི་བསྐྲུན་རྒྱུ་ནི་གལ་ཆེན་རེད་སྙམ། གློག་བརྙན་ནི་དུས་ཚོད་རིང་ཐུང་གི་ཁྱད་པར་ཐོག་ནས་ཚད་ལྡན་ཡིན་མིན་དབྱེ་བ་ཡོད་པ་ཞིག་ཡིན་ནའང་། བྱ་རྒོད་པོ་ཞིག་ལ་ཚང་བ་དེ་བྱེའུ་ཉམ་ཆུང་ཞིག་ལའང་ཚང་དགོས་པས། ཐོག་མར་གློག་བརྙན་ཐུང་གྲས་ཀྱི་བློས་སློང་ངམ་ཕབ་སྐྲུན་གྱི་ཐོག་ནས་བརྙན་རིས་ཀྱི་སྡེབ་སྦྱོར་དང་དེར་བརྟེན་པའི་ནང་དོན་སྟོན་ཚུལ་གྱི་བསླབ་པ་གཞིར་བྱས་ཚེ་ངེས་ཤེས་གང་ལེགས་བསྐྱེད་ཐུབ་ལ། དེ་ནས་ད་གཟོད་འགྲོ་གྲོན་ཆུད་མི་ཟ་བར་གློག་བརྙན་ནམ་བརྙན་འཕྲིན་གང་ལེགས་ཤིག་འགྲུབ་ངེས་ཡིན། ང་ཚོས་ངེས་པར་ཏུ་ཤེས་དགོས་པ་ཞིག་ལ། གློག་བརྙན་ནི་འཛམ་གླིང་རང་བཞིན་དུ་དར་ཁྱབ་བྱུང་ཡོད་པ་ཞིག་དང་། དེར་དཔྱད་བསྡུར་མཁན་དང་ཆེད་མཁས་པ་ཡོད་པ། མི་སྣ་དེ་དག་གིས་དབུ་སྐྲ་དཀར་པོར་འགྱུར་རེག་བར་གློག་བརྙན་སྣོག་ནས་བསྡད་ཡོད་པས། གློག་བརྙན་ནི་ཧོལ་རྒྱུགས་ཙམ་དང་ཁ་ཕོ་ཙམ། ང་རྒྱལ་ཙམ་གྱིས་འགྲུབ་ཐུབ་པ་ཞིག་མ་རེད།

          བོད་ལ་མཚོན་ན་གློག་བརྙན་ལས་རིགས་འདི་འདས་པའིས་དུས་སམ་སྤྱི་ཚོགས་རྙིང་པའི་ནང་ཅུང་ཟད་དར་མགོ་ཚུགས་མོད། འོན་ཀྱང་འཕེལ་རྒྱས་ཀྱི་གོ་སྐབས་མེད་པར་གྱུར། དེང་སྐབས་འཁྲབ་ཁྲིད་པ་སྐུ་ཞབས་པད་མ་ཚེ་བརྟན་ལགས་གཙོས་གློག་བརྙན་ལ་དགའ་མཁན་ཁག་ཅིག་གི་བཀའ་དྲིན་ལས་སྒྱུ་རྩལ་གློག་བརྙན་གྱི་ཤན་ཤུགས་ཆེ་བ་རེ་གཉིས་ཕབ་སྐྲུན་བྱུང་ལ། ལས་རིགས་འདི་མུ་མཐུད་དུ་དར་ཁྱབ་ཏུ་འགྲོ་བའི་མགོ་ཚུགས་ཡོད། ཡིན་ནའང་། གློག་བརྙན་ནི་བོད་ཁོ་ནར་དམིགས་བསལ་དུ་གནས་པ་ཞིག་མིན་པས། འཛམ་གླིང་གི་གློག་བརྙན་ཁོར་ཡུག་ནང་སླེབས་ཚེ། མི་རིགས་ལ་དབྱེ་བ་མེད་པར་གློག་བརྙན་རང་ངོས་ཀྱི་ཁྱད་ཆོས་ཐོག་ནས་འགྲན་བསྡུར་གྱི་གོ་སྐབས་བསྙེག་དགོས་ཤིང་། དེའི་སྐབས་སུ། ངའི་གློག་བརྙན་ནི་བརྙན་རིས་ཕབ་སྟངས་འགྲིག་མེད་ཀྱང་ནང་དོན་ཆེན་པོ་ཡོད་ཟེར་རྒྱུའི་དུས་ཤིག་ནམ་ཡང་ཡོང་མི་སྲིད། གློག་བརྙན་ནི་གློག་བརྙན་དེ་ལ་ལྟ་མཁན་གྱི་ཁོར་ཡུག་ཡོད་མེད་གྱི་ཆ་ནས་གྲུབ་ཡོད། རྒྱ་གར་གྱི་གློག་བརྙན་ནི་ཚད་དམའ་བའི་གློག་བརྙན་གྱི་རིགས་ཤིག་ཡིན་པ་རྒྱ་གར་བ་ཁོ་ཚོས་ཀྱང་མ་མཁྱེན་པ་ག་སྲིད་ཀྱང་། ཁོ་ཚོར་ཁོ་ཚོའི་གློག་བརྙན་གྱི་ཁོར་ཡུག་ཡོད། ཧོ་ལེ་བོ་ཌིའི་གློག་བརྙན་ཡང་ཚད་མཐོའི་རིགས་སུ་འགྲོ་ཐབས་མེད་པ་ཁོ་ཚོས་ལོས་ཤེས། ཡིན་ཡང་ཁོ་ཚོའི་གློག་བརྙན་ལ་ལྟ་མཁན་དང་དགའ་མཁན་འཛམ་གླིང་གི་མི་ཕལ་མོ་ཆེ་རེད།

     shishapangma__himalayas_china__tibet_.jpgའདི་ནི་ད་གཟོད་གློག་བརྙན་གྱི་ཁོར་ཡུག་ཡིན་ལ། འདི་ནི་ད་གཟོད་གློག་བརྙན་ལས་རིགས་འདིར་འཇུག་མཁན་གྱི་ཐོག་མའི་ཤེས་བྱ་རེད། བོད་མི་གློག་བརྙན་བཟོ་རྒྱུར་དགའ་མཁན་ཚོར་མཚོན་ན། སྟོབས་ཤུགས་ཧ་ཅང་ཆེ་བའི་འགྲན་རྩོད་པ་དེ་འདྲས་སྒུག་ཡོད་པས། མ་མཐའ་ཡང་གློག་བརྙན་གྱི་ཁ་ཕྱོགས་ལ་ཤེས་རྟོགས་ཡོད་དགོས་པ་དང་། རང་ལ་འཚམ་པའི་གློག་བརྙན་གྱི་ཁོར་ཡུག་གང་དུ་ཞུགས་རྒྱུ་དང་། རང་རེར་འཚམ་པའི་གློག་བརྙན་གྱི་ཁོར་ཡུག་ཇི་འདྲ་བསྐྲུན་རྒྱུར་འབད་ན། ནམ་གྱི་ཚེ་འབད་པ་ཆུད་མི་ཟ་བ་སྨོས་མ་དགོས། ངས་སེམས་ན། བོད་ཀྱི་གློག་བརྙན་ནི་རང་གི་ཁོར་ཡུག་ནང་གསོན་ཐུབ་པ་དང་འཕེལ་ཐུབ་པ་བྱེད་རྒྱུ་གལ་ཆེན་པོ་རེད། གལ་སྲིད་རང་སྐྱ་ཐུབ་པའི་གློག་བརྙན་གྱི་ཁོར་ཡུག་དེ་འདྲ་གྲུབ་དགོས་ན། གློག་བརྙན་གྱི་ཆེད་ལས་ཤེས་བྱ་སྦྱོང་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། དེ་འདྲའི་ཁོར་ཡུག་དང་སྲོལ་རྒྱུན་ཞིག་གྲུབ་རྒྱུར་བརྙན་འཕྲིན་ཁང་སོ་སོས་དོ་སྣང་ཡོང་རྒྱུ་གཙོ་བོ་ཡིན་ཞིང་། དེ་ཡང་ཕབ་ཆས་བཀོལ་ཤེས་པ་ཙམ་གྱི་གློག་བརྙན་འདྲ་བོ་སྒྲོག་གཏོང་གནང་རྒྱུར་འབད་པ་ལས། གློག་བརྙན་ཐང་གྲས་ཚད་ལྡན་དུ་བསྒྱུར་བའི་རྨང་གཞིའི་སྟེང་ནས་ལམ་ག་འདི་སྤུས་དག་མོ་ཡོང་དུ་འཇུག་རྒྱུ་དང་། བརྩམས་རྣམས་གོ་བསྡུར་ངེས་ཅན་ལ་བརྟེན་ནས་གློག་བརྙན་གྱི་བྱ་བཞག་འདི་སྤྱིར་བཏང་ཞིག་མ་ཡིན་པར་སློབ་པའི་གོ་རིམ་ལྡན་པ། ཆུ་ཚད་བཟང་ངན་ཡོད་པ། མཐོར་འདེགས་ངེས་ཅན་བདོག་པའི་ཆ་ཅན་གྱི་ལམ་ག་ཡང་དག་པ་ཞིག་ཏུ་གྱུར་ཚེ། ད་གཟོད་བོད་ཀྱི་གློག་བརྙན་ཡང་རྫོབ་ཆུ་ལ་དྭངས་སྙིགས་ཕྱེས་ཏེ། གཙང་བོ་ཆེན་པོའ་ནང་བཞུར་བའི་བསྐལ་བ་ལྡན་ངེས།

 

དཔྱད་མཆན་ཡོད།