བོད་བརྙན་སྐོར་གྱི་རྩོད་གླེང་ཞིག

 


ཤིང་བུ། IP: 125.72.60.* 

སེའུ་ཙེར་གྱི་བོད་པ་ལགས།ད་ཆུ་ཚད་འདི་འདྲ་ཞིག་གིས་ཆོག་གོ  ད་ནི་ཡར་རྒྱས་གོང་འཕེལ་དུ་འགྲོ་མི་དགོས་སོ་ཞེས་པ་ངས་བཤད་ཀྱང་མེད་ལ།མ་འོངས་པར་ཡང་བཤད་མི་སྲིད།ལྷག་པར་དུ་རེ་བ་མེད་ལ་མཐའ་གཅིག་ཏུ་བགག་གསོད་གཏོང་དགོས་པའི་སྐད་ཆ་ངས་ཀྱང་བཤད་མེད་ན།ཉིད་ནས་ཀྱང་བྲེལ་བ་མི་བྱེད་པར་༼ཨ་མའི་བུ་དལ་དགོས་པའི་༽དཔེ་བཞིན།ཡུན་གྱིས་སྒུག་སྟེ།དལ་གྱིས་ལྟོས་དང་།བདག་གིས་ཁོར་ཡུག་འདི་འདྲའི་ཉམས་ཞན་གྱི་འོག་ཏུའང་བོད་ཀྱི་གློག་བརྙན་ལ་རེ་བལྟས་ཆེན་པོ་འཆང་གི་ཡོད་དེ།བོད་ཀྱི་ན་གཞོན་དག་གིས་ཀྱང་འཛམ་གླིང་གི་མི་རིགས་གཞན་དག་དང་འདྲ་བར།ལེགས་ཆ་བདམས་གསེས་ཡོད་པ་དང་སྐྱོན་ཆ་ཁ་གསབ་ཡོད་པ།ལས་དོན་ལ་ཞིབ་ཆ་ཡོད་པ།ཆེད་ལས་ལ་བྱང་ཆ་ཡོད་པའི་སྒོ་ནས་གྲུབ་འབྲས་གྱ་ནོམ་པ་ཞིག་ལོན་པར་ཡིད་ཆེས་ཀྱིས་ཁེངས་པར་བྱས་ཡོད།འཛམ་གླིང་མིའི་རིགས་ཀྱི་གློག་བརྙན་སྒྱུ་རྩལ་ཅི་འདྲའི་འཕེལ་རྒྱས་སུ་ཕྱིན་ཡོད་ཀྱང་།དེ་ལ་རང་ཉིད་ཀྱིས་མ་འཇོན་པ་ལས་ལེ་བདའ་བྱེད་ས་གཞར་ཡང་མེད་པས།ཡོད་ཚད་ཀྱིས་ཡར་མར་གྱི་གླ་བཙགས་ནས་འདུག་པ་ལས་འཕྱར་བ་གྲུ་འདེགས་ཀྱི་ཚུལ་དུ།རང་གིས་འཇོན་མདོག་དང་རང་གིས་ཤེས་མདོག་བསྟན་ནས་མི་འདུག་པར།ཤེས་བྱ་ཕྲ་མོ་ཙམ་ཞིག་གམ།རྒྱབ་སྐྱོར་ཉུང་ཙམ་རེ།ཡང་ན་སྐུལ་མ་ཕྲན་ཙམ་རེ་བྱས་ཀྱང་མི་སེམས་ཁབ་དང་སྐུད་པ་རེད་པས།འུ་ཚོས་ཅི་ཡང་ནུས་ཀྱིན་མེད་པ་ཀུན་གྱིས་ཤེས་ཡོད།ཇི་ལྟར་འཇོན་དགོས་པའི་ཐབས་ལམ་འཚོལ་རྒྱུ་ནི་སྔར་བཞིན་གལ་ཆེན་ནང་གི་འགངས་ཆེན་མ་ཡིན་ནམ། 

2013-10-22 12:08:09སེའུ་ཙེར་གྱི་བོད་པ། IP: 103.31.149.* 

ཤིང་བུ་ཞེས་པར་ཁ་གསབ།
གུད་ཡངས་དང་གདུང་སེམས་ལ་གོམས་དྲགས་ཚེ།  སྒྱིད་ལུག་དང་ཕྱི་ནུར་གྱི་བསམ་བློ་ཡང་རྒྱུད་ལ་ངང་གིས་བསྐྱེད་འགྲོ་བ་ཤེས་པར་མཛོད།  སོམས་དང་། གློག་བརྙན་འཛམ་གླིང་སྒང་དར་ནས་ལོ་བརྒྱ་དང་བཅོ་བརྒྱད་ལྷག་ཕྱིན་ཡོད་པ་རེད། དེའི་རིང་གློག་བརྙན་གྱི་ལམ་བུར་འཇུག་མཁན་དག་གིས་སྔ་མ་ལས་ཕྱི་མ་བཟང་བ་དང་ཁ་སང་གི་ལག་རྩལ་ལས་དེ་རིང་གི་དེ་སྔོན་ཐོན་ཡིན་པའི་ཐབས་ཤེས་མང་པོར་རྟོག་འཇུག་བྱ་བཞིན་ཡོད་པ་རེད། བོད་ནང་དུ་གློག་བརྙན་དར་དུས 3D ལག་རྩལ་ཀྱང་མཐོང་ཆོས་སུ་ཡོད་པའི་དུས་ཤིག་སྟེ། མདོར་ན་གློག་བརྙན་ལག་རྩལ་དང་འཁྲབ་གཞུང་བཅོས་བསྒྲིགས་སོགས་གྲ་རྒྱས་ཕུན་ཚོགས་ཤིག་ཕྱིན་པའི་དུས་འདི་འདྲ་ཞིག་ལ། བོད་ནང་ནས་བརྙན་ཐུང་ཁ་ཤས་ཐོན་པ་དེ་དག་གི་བརྙན་ལེན་སྟངས་དང་བསམ་བློ་སོགས་ཧ་ཅང་གིས་སྐྱོ་བོ་ཞིག་ཏུ་ཆགས་དོན་བསམ་ཞིབ་ནན་མོ་ཞིག་གཏོང་དགོས་པའི་ཆ་ཞིག་མི་འདུག་གམ།  མདོར་དེད་ན་མིག་རྒྱང་མི་རིང་བ་དང་ལས་ལ་ཧུར་སེམས་ཀྱིས་མ་ཞུགས་པས་རེད།
༡   གློག་བརྙན་གྱི་བློ་སྦྱོང་དང་དེ་འབྲེལ་ཤེས་བྱའི་སྐོར་མི་ཤེས་པ།
༢  སྒྱུ་རྩལ་སྒྱུ་རྩལ་ཉིད་དུ་མི་གོ་བ།  
༣  བསམ་བློའི་འཁོར་རྒྱ་ཆུང་བ་དང་ཀླད་པ་སྟབས་བདེ་ཞིག་ལས་མེད་པ་སོགས་མདོར་དེད་ན་སྐྱོ་བའི་གཞི་མ་ཤ་སྟག་ཏུ་འདུག
ད་དུང་ཡང་རྐུན་མར་དཔའ་དར་འཐེན་ནས། ཕ་བསད་པ་ལ་རྒྱལ་རྔ་བརྡུང་ནས་འདུག་གམ།  མགོ་འཐོམས་ནས་མ་འདུག  ཡར་བལྟས་ཡར་ན་བལྟ་ས་མང་པོ་ཡོད་རེད།

2013-10-21 18:34:33ཤིང་བུ། IP: 125.72.60.*

སེའུ་ཙེར་གྱི་བོད་པ་ལགས།ཁྱེད་ཀྱི་འདོད་པ་ནི་འགན་མི་འཁུར་བའི་དྲན་ཚུལ་དེའི་རིགས་ཤིག་ལས་གང་ཡང་མ་ཡིན་ཏེ།རྒྱ་མིའི་ཁ་དཔེ་ལ་༼ལངས་བསྡད་དེ་སྐད་ཆ་བཤད་ན་སྐེད་པ་མི་ན་བའི་༽དཔེ་རུ་གྱུར་ཡོད།འོ་ན་ཁྱེད་ཀྱིས་གློག་བརྙན་ཞིག་ལས་དགོས་པའི་དབང་དུ་བཏང་ན།ཅི་འདྲ་ཞིག་ལས་སྲིད་དམ།ཇི་ལྟར་ལས་རྒྱུ་ཡིན་ནམ།གང་ནས་མགོ་རྩོམ་རྒྱུ་ཡིན་ནམ།གང་ཞིག་སྟོན་རྒྱུ་ཡིན་ནམ།དེ་དང་དེ་ལྟ་བུའི་དྲི་བ་མང་པོ་ཞིག་ཁྱེད་ཀྱི་བསམ་པའི་རྒྱུད་ལ་དྲན་ཨེ་མྱོང་།དོན་དག་གང་ཞིག་ཡིན་རུང་རང་གཞན་མཉམ་བརྗེ་ཡིས་བསམ་གཞིགས་བྱས་ན།ད་གཟོད་དོན་དག་གང་དེའི་ལེགས་ཉེས་དང་ཡིན་མིན་མཐའ་དག་གསལ་ལ་མ་ནོར་བའི་སྒོ་ནས་ཡིད་དུ་འདྲོངས་ངེས།དེ་མིན་ན་གཞན་གྱི་སྐྱོན་བཤད་དུས་འཛེམ་བག་ཏིལ་འབྲུ་ཙམ་ཡང་མེད་ཀྱང་།རང་ཐོག་ཏུ་བབས་དུས་གང་ཡང་མི་ནུས་པར་བྱས་ན་ངོ་ཚ་བྱེད་རེད།ཁྱོད་ཀྱིས་ཅི་ཡང་མི་ནུས་པ་དེ་བཞིན་དུ་གཞན་གང་དེར་ཡང་དེ་མཚུངས་ཀྱི་དཀའ་ཁག་ལ་འཕྲད་སྲིད་པ་ཁོ་ཐག་ཡིན་པས།༼མྱི་ཐོག་བབས་མ་ཁ་མཁས་༽ཀྱི་ཚད་དུ་མི་འགྲོ་རོགས།དེ་ལས་གསར་སྐྱེས་ཀྱི་ན་གཞོན་གློག་བརྙན་ལ་དགའ་མཁན་དག་ལ་རང་ཚོད་ཀྱིས་མཛུབ་སྟོན་དང་གློག་བརྙན་སྐོར་གྱི་ཤེས་བྱ་ཁ་ཁེར་རེ་ཁོ་ཚོའི་རྒྱུད་ལ་འཇོག་ཨེ་ཐུབ་བལྟས་ན་མི་ལེགས་སམ།མཐའ་གཅིག་ཏུ་རེ་བ་མེད་པར་བཤད་པ་ནི་ཧ་ཅང་འཇིགས་སུ་རུང་བ་ཞིག་གོ།   འགན་མི་ཁུར་བའི་སྐད་ཆ་ཇེ་ཉུང་དང་ཡུན་གྱིས་རྩ་བ་ནས་མི་བཤད་པར་མཁྱེན།།   

2013-10-19 21:48:25སེའུ་ཙེར་གྱི་བོད་པ། IP: 103.31.149.*

ཤིང་བུ་ཞེས་པའི་མཚན་ཅན་ལ།
ཁྱེད་ནས་བསམ་མནོ་ཡག་པོ་གཏོང་དང་། བོད་ཀྱི་བརྙན་ཐུང་བཟོ་བཞིན་པའི་མི་དག་གི་ནང་ན་གློག་བརྙན་སྐོར་གྱི་བློ་སྦྱོང་དང་། མཚན་ཉིད་རིག་པའི་བསམ་བློ། བོད་ཀྱི་འཚོ་བའི་གནས་སྟངས་ལ་སེམས་ཞིབ་མོས་འཇུག་མཁན་ག་ཚོད་འདུག  བློ་སྦྱོང་སྤྲོད་ས་མེད་པ་མ་རེད་དེ། གཙོ་བོ་མི་དེ་ཚོར་ཡར་འགྲོའི་བསམ་བློ་མི་འདུག བསམ་གཞིག་གི་རྒྱ་ཆུང་ཆུང་རེད། སྒྱིད་ལུག་ཆེན་པོ་རེད། རྩོམ་རིག་ཀྱང་དེ་རེད། ཕྱི་མིར་བསྟན་ན་ངོ་ཚ་བྱེད་རེད། རང་གིས་རང་མགོ་བསྐོར་ནས་བསྡད་ཡོད་ཀི  ང་ཚོ་འཛམ་གླིང་གི་དཔུང་གྲལ་དུ་ཡོད་པ་ཡང་ཤེས་ཀྱིན་མེད་པ་འདྲ། དེ་འདྲའི་ན་གཞོན་པའི་སྡེ་ཞིག་ལ་རེ་བ་ཅི་ཞིག་འདུག 
 

2013-10-19 10:37:17ཤིང་བུ་ནས། IP: 125.72.60.*

གོང་གི་དཔྱད་བརྗོད་འཇོག་མཁན་ཀྱི་སེའུ་ཚེར་གྱི་བོད་པ་ལགས།མཐའ་གཅིག་ཏུ་རེ་བ་མེད་ཀི་མ་ཟེར་དང་།དེས་ན་ཁྱེད་ཀྱིས་བོད་ཀྱི་གློག་བརྙན་བློ་སྦྱོང་བྱེད་སའི་ཁོར་ཡུག་ཅིག་དང་ཆ་རྐྱེན་བློ་ཡིད་མགུ་བ་ཞིག་མཁོ་འདོན་གནོངས་དང་།གློག་བརྙན་ལ་སྤྲོ་བ་ཡོད་པའི་བོད་པའི་ན་གཞོན་དག་གཅིག་རྗེས་གཉིས་མཐུད་ཀྱིས་ཁྱེད་ཀྱི་སར་ཡོང་བར་ཐེ་ཚོམ་མེད།དེ་ཨེ་ནུས་སམ།དེ་མི་ནུས་ན་གཞན་གྱི་ཕུགས་བསམ་དང་ལག་ལེན་གྱི་གྲུབ་འབྲས་ལ་བརྡོག་རྫིས་དང་དགག་པ་མི་རྒྱགས་རོགས།ཡང་མིན་ན།རང་གིས་རང་གཞན་ཀུན་གྱི་བློ་ཡིད་འཚིམས་པའི་གློག་བརྙན་ཞིག་ལས་ཏེ་སྟོནད་དང་།ངེད་ཀྱིས་བསྟོད་པའི་མཐེ་བོང་དགུང་དུ་སྒྲེང་ངེས་པ་ཁོ་ཐག་ཡིན།།

2013-10-18 21:20:53སེའུ་ཙེར་གྱི་བོད་པ། IP: 103.31.149.*

འཁྲབ་གཞུང་བཅོས་པ་བློར་འབབ་ཞིག་མ་རེད།  གློག་བརྙན་ཕབ་བསམ་པ་ཙམ་གྱིས་ཕབ་ཐུབ་པ་ཞིག་ག་ལ་ཡིན། ད་སྐབས་ན་གཞོན་མང་པོར་གློག་བརྙན་གྱི་བློ་སྦྱོང་ཅི་ཡང་མེད་པ་གཞིར་བཞག་སྒོས་གློག་བརྙན་ཕབ་རྒྱུར་རྔམ་གྱིན་འདུག  ལོ་ངོ་ཁ་ཤས་འགོར་ཀྱང་ད་དུང་ཡར་རྒྱས་ཏིལ་ཙམ་ཡང་བྱུང་མི་འདུག  འདི་ཚོར་སྦི་རག་འཇིབས་པ་ལས་ཅི་ཡང་མི་ཤེས།  དེ་ཚོར་རེ་བ་མེད་ཀི


                              ངེད་དྲ་བར་བཀོད་པའི་བདེ་སྐྱིད་ཚེ་རིང་གི ༼བུ་མོ་གསལ་སྒྲོན༽ཞེས་པའི་གློག་བརྙན་དེའི་དཔྱད་གཏམ་དུ། གོང་གི་མི་འདི་གཉིས་ཀྱིས་བོད་ཀྱི་གློག་བརྙན་སྐོར་བརྗོད་བྱར་བཟུང་ནས། འདི་འདྲའི་རྩོད་པ་ཞིག་བྱས་འདུག ཀུན་ལ་དཔྱད་གཞིའི་ཚུལ་དུ་ཕུལ་བ་ཡིན།  ལུགས་ལྡོག་སྒོས་ཀློག་པར་བྱ།

དཔྱད་མཆན་ཡོད།