གློག་བརྙན་ནི་ཤེས་བྱའི་ཡོང་ཁུངས་གཙོ་བོར་གྱུར་ཡོད་པའི་ཁ་སང་དེ་རིང་གི་དུས་འདིར། བོད་ལའང་ལྟོས་བཅོས་ཀྱི་གློག་བརྙན་དར་བའི་ཚ་རླབས་ཤིག་འཕྱུར་ཡོང་། གློག་བརྙན་སྒྱུ་རྩལ་གྱི་ལམ་ཁར་ད་སོ་མ་ཞུགས་བཞིན་པའི་འུ་ཚོར་མཚོན་ན་གློག་བརྙན་སྒྱུ་རྩལ་གྱི་ཚད་ཐིག་ལ་མཇལ་རིན་ཡོད་པའི་གློག་བརྙན་ཞིག་ཀྱང་འདྲེན་རྒྱུ་དཀའ་ཚོད་རེད་མོད། ཉེ་བའི་ལོ་འགའི་སྔོན་ནས་བཟུང་བོད་ལ་གློག་བརྙན་དར་བའི་དབུ་བརྙེས་ཤིང་བོད་ཀྱི་ཡུལ་གྲུ་ཀུན་དུ་ས་ཁྱབ་རྡོ་ཁྱབ་དུ་གྱུར། འདི་ནི་འུ་ཚོར་མཚོན་ན་ཤིན་ཏུ་དགའ་འོས་པའི་དོན་དག་ཅིག་ཅི་ལ་མིན་ཨང་།
བོད་ལ་གློག་བརྙན་རེ་འགའ་ཡོད་པ་ནི་པད་མ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པས༼ ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ ༽དང༼ ཁྱི་རྒན ༽སོགས་དང། གཞན་ཟོན་ཐར་རྒྱལ་གྱིས་འཁྲབ་ཁྲིད་བྱས་པའི་༼དབུས་ལམ་གྱི་ཉི་མ ༽སོགས་རེ་འགའ་ཡོད། འདི་དག་ལྟོས་བཅོས་ཀྱིས་བཤད་ན་ཅུང་ཡག་ཤོས་ཡིན་པ་དང་། བོད་ཀྱི་གློག་བརྙན་ཚམ་མཚོན་ཅན་རེ་འགའ་འདྲེན་དགོས་ཚེ་ཀྱང་འདི་དག་ལས་མེད་ཚོད་ རེད། འདི་དག་བོད་ཀྱི་གློག་བརྙན་ཅུང་རིང་གྲས་དག་ཡིན་ལ། གློག་བརྙན་ཐུང་གྲས་དག་བོད་ལ་ཤིན་ཏུ་མང་ཏེ། མཛུབ་མོ་ནང་བཀུག་བྱས་ཏེ་བརྩིས་ཀྱང་གྲངས་ཀ་ཁྱོན་ནས་མི་ལོན། བོད་ལ་ཡོད་པ་ནི་བལྟ་སྲོལ་ཁྱོན་ནས་མེད་པའི་གློག་བརྙན་ཐུང་གྲས་དག་ཡིན་ལ། ཏག་ཏག་བོད་ལ་ཡོད་པའི་གློག་བརྙན་དག་ནི་འདི་དག་ཡིན། འདི་དག་ནི་བོད་ཀྱི་གློག་བརྙན་དག་ཡིན་ནོ།།
སྤྱིར་ང་རང་གློག་བརྙན་ལ་བལྟ་རྒྱུར་དེ་འདྲའི་དགའ་བོ་མེད་ཀྱང་། དེང་གི་དུས་འདིར་གློག་བརྙན་ནི་ཤེས་བྱའི་ཡོང་ཁུངས་གཙོ་བོ་ཞིག་ཏུ་གྱུར་བཞིན་པའི་ངང་ཚུལ་འདི་མཐོང་རྗེས། ངས་ཀྱང་སློབ་གསེང་གི་ཁོམ་པར་བསྟེན་ནས་གློག་བརྙན་དག་ལ་བལྟས་པ་ཡིན། ངས་བལྟས་མྱོང་བའི་གློག་བརྙན་མང་མང་ཅིག་དགྱ་ནག་གི་གློག་བརྙན་ཡིན་ལ། ཏག་ཏག་འུ་ཅག་གིས་རྒྱུན་དུ་བལྟ་བའི་གློག་བརྙན་དག་ནི་མང་ཆེ་ཆེར་དགྱ་ནག་གི་ཡིན། ང་རང་ཉིད་ལ་མཚོན་ན་བརྗོད་གཞིར་ཕོ་མོའི་བར་གྱི་བརྩེ་དུང་ཅན་གྱི་གློག་བརྙན་ལ་བལྟ་བར་ཤིན་ཏུ་དགའ། བརྗོད་བྱ་དེ་འདྲ་ཅན་གྱི་གློག་བརྙན་དག་གི་ཕྱོགས་ལ་དུས་ཚོད་མང་པོ་བཏང་ཏེ་བལྟས་པ་ཡིན་ལ། ངས་ནི་མཚམས་མཚམས་སུ་དཔེ་ཆར་བལྟ་བ་ལས་གློག་བརྙན་བལྟ་བའི་ཕྱོགས་ལ་དུས་ཚོད་མང་པོ་ཤོར་འགྲོ་བའི་ངང་ཚུལ་ཀྱང་མང་མང་ཡིན། བདག་གི་གྲོགས་པོ་མང་ཤས་ཀྱང་དཔེ་ཆར་བལྟ་བ་ལས་གློག་བརྙན་ལ་བལྟ་བ་མང་ཞིང་། གློག་བརྙན་བལྟ་བའི་ཕྱོགས་ལ་དུས་ཚོད་མང་པོ་གཏོང་མཁན་ཤིན་ཏུ་མང་ལ། མཚན་གང་བོར་གློག་བརྙན་ལ་བལྟ་བ་དང་ཉིན་གང་བོར་གློག་བརྙན་ལ་བལྟ་མཁན་ཀྱང་རེ་འགའ་འདུག ངས་ནི་སློབ་གྲོགས་དེ་དག་ལ་དྲི་བ་འདི་འདྲ་བཏོན་མྱོང་སྟེ། ཁྱོད་ཀྱིས་ཅི་ཞིག་ལ་དཔེ་ཆར་ཉུང་ཉུང་བལྟ་བ་དང་གློག་བརྙན་མང་མང་བལྟ་བའི་རྒྱུ་མཚན་གང་ཡིན་ཞེས་དྲིས། སློབ་གྲོགས་ལ་ཤས་ཀྱིས་དེང་གི་དུས་འདིར་གློག་བརྙན་ནི་ དཔེ་ཆའི་ཚབ་བྱེད་ཀྱིན་ཡོད་པའི་རྐྱེན་གྱིས་གློག་བརྙན་ལ་མང་མང་བལྟས་པ་ཡིན་ཟེར་ནས་ལན་སྟབས་བདེ་འདི་འདྲ་བྱིན་ཡོང་ལ། ཡང་སློབ་གྲོགས་ལ་ཤས་ཀྱིས་ང་རང་ཆུང་དུས་ནས་བཟུང་གློག་བརྙན་ལ་བལྟ་རྒྱུ་དགའ་བའི་དབང་གིས་གློག་བརྙན་མང་མང་ལ་བལྟས་པ་ཡིན་ཟེར། ཡང་སློབ་གྲོགས་ལ་ཤས་ཀྱིས་ཁྱོད་ལ་འདྲི་རྒྱུ་ལས་རྒྱུ་མང་གི་ང་སུན་གི་ཟེར་ནས་ཁ་ཡ་མི་བྱེད་མཁན་ཀྱང་ཡོད་མྱོང་། སློབ་གྲོགས་འདི་དག་གིས་བཤད་པའི་ལན་དེ་དག་ལ་དེ་འདྲའི་ཡིད་འཚིམས་པ་ཞིག་མིན་མོད། འུ་ཅག་གི་ངོས་ཐད་ནས་བཤད་ན་དེ་ཡང་ཅུང་འཁྱོངས་ཡོད་པའི་ལན་ཞིག་དང་གནད་དུ་འཁེལ་བའི་ལན་ཞིག་ཡིན་པར་འདོད་པ་ནི། དེང་གི་དུས་འདིར་གློག་བརྙན་ནི་དཔེ་ཆའི་ཚབ་ བྱེད་ཀྱིན་ཡོད་པའི་རྐྱེན་གྱིས་གློག་བརྙན་ལ་མང་མང་བལྟས་པ་ཡིན་ཟེར་བའི་སྐད་ཆ་དེ་ངས་ནི་བལྟས་ན་ཅུང་འགྲིག་འདོད་ཡོད་པར་འདོད། དོན་གྱིས་བཤད་ནའང་དེང་དུས་འདིར་དཔེ་ཆའི་ཚབ་དུ་གློག་བརྙན་བྱེད་པ་ཀྱང་ཡོད།
གཞན་ང་རང་ཆུང་དུས་ནས་བཟུང་གློག་བརྙན་ལ་བལྟ་རྒྱུ་དགའ་བའི་དབང་གིས་གློག་བརྙན་མང་མང་ལ་བལྟས་པ་ཡིན་ཟེར་བའི་སྐད་ཆ་འདི་ཚད་ཅུང་མཐོ་ས་ཞིག་ནས་བལྟས་ན་རིན་ཐང་དེ་འདྲ་མེད་མོད། འོན་ཀྱང་ངས་ནི་སྐད་ཆ་འདི་ལ་འདི་ལྟར་བལྟ་གི་ཡོད་དེ། ཁོས་བཤད་པའི་སྐད་ཆ་འདི་ནི་གཡོ་རྫུན་གྱིས་ཅི་ཡང་མ་བསླད་པར་དྲང་བོ་དྲང་བཞག་གི་ལམ་ནས་སྦ་གསང་མེད་པར་བཤད་པ་ཡིན་པས་དངོས་ནས་ང་ལ་བློ་བསྐྱེད་མང་པོ་བྱིན་ཞིང་། གནས་ལུགས་མང་པོ་ཞིག་ངོ་སྤྲད་ཅིང་གནད་དོན་མང་མང་ཅིག་གསལ་ཁ་བྱིན། སྐད་ཆ་འདི་ལ་རིན་ཐང་ཡོད་མེད་རེ་ཞིག་སྐྱུར་ཞོགས་དང་། སྐད་ཆ་འདི་ཁོའི་སེམས་གཏིང་གི་དྲང་གཏམ་ཡིན་པའི་ངོས་ཐད་ནས་དངོས་ནས་བལྟས་ན་འུ་ཅག་ལ་དངོས་ནས་ཞིབ་འདང་རྒྱག་རྒྱུ་ཤིན་ཏུ་མང་པོ་འདུག ངག་ནས་ཚིག་གཅིག་བཤད་ཀྱང་གཡོ་དང་རྫུན་གྱིས་ཕྱེད་ཀ་ཟིན་ཡོད་པའི་སྐད་ཆ་འདི་འདྲ་བཤད་མཁན་མི་བུ་དེ་དག་ལ་མཚོན་ན་དངོས་ནས་སྐད་ཆ་འདི་ལ་བསམ་བློ་གཏོང་རྒྱུ་མི་འདུག་གམ། འུ་ཅག་མང་མང་ཅིག་ལ་མཚོན་ན་གློག་བརྙན་ལ་བལྟ་བ་ནི་ཉི་མ་འཁྱོལ་ཐབས་བྱེད་ཐབས་ཙམ་དང་དུས་ཚོད་གཏོང་ཐབས་ཙམ་དང་རང་སེམས་གསོ་ཐབས་ཙམ་དུ་བལྟ་ཡི་ཡོད་པ་ནི་མངོན་སུམ་མིག་མཐོང་ཡིན་པའི་བཤད་ཅི་དགོས། འུ་ཅག་གིས་གློག་བརྙན་ཞིག་ལ་བལྟ་བའང་འདི་ཙམ་གྱི་ཆེད་ཡིན་ཚེ་ངས་ནི་རིན་ཐང་ཞིག་རྦད་ནས་མཐོང་གིན་མེད་དོ།།
ཕྱིར་སྐད་ཆ་དངོས་ཀྱི་སྟེང་དུ་བབས་ན། ད་ལྟ་བོད་ཀྱི་སློབ་ཆེན་དག་ནས་ཕབ་སྐྲུན་བྱས་པའི་གློག་བརྙན་ཅུང་གྲས་མང་པོ་གཅིག་འཕྲོར་གཅིག་ལ་མཐུད་ནས་འུ་ཅག་མིག་ལམ་དུ་ཐོན་ཀྱིན་ཡོད། དེ་དག་གི་གྲས་ན་ཅུང་ཡག་ཤས་སུ་སྣང་བའི་གློག་བརྙན་རེ་འགའ་ཀྱང་ཡོད་མོད། ཏག་ཏག་མང་ཤས་ཤིག་ཁྱོན་ནས་བལྟ་སྲོལ་མི་འདུག ངས་ཀྱང་ལོ་གཅིག་གི་སྔོན་ནས་བཟུང་རང་གིས་འཁྲབ་གཞུང་ཞིག་འབྲི་ཁུལ་བྱས་ཏེ་གློག་བརྙན་ཅུང་གྲས་ཤིག་ཕབ་སྐྲུན་བྱེད་རྒྱུའི་སྐོར་ལ་གྲ་སྒྲིག་གང་མང་བྱས་ཤིང་དེའི་སྐོར་བསམ་བློ་ཀྱང་གང་མང་བཏང་མྱོང་། རྒྱུ་རྐྱེན་ག་གེ་མོའི་དབང་གིས་ད་དུང་ཀྱང་གློག་བརྙན་ཐུང་གྲས་དེ་བལྟ་མཁན་དག་གི་སྤྱན་ལམ་དུ་བསྟར་མ་ཐུབ། འབྱུང་འགྱུར་བདག་གིས་ཕབ་སྐྲུན་བྱེད་རྒྱུའི་གློག་བརྙན་ཐུང་གྲས་དེ་བལྟ་མཁན་དག་གི་སྤྱན་ལམ་དུ་བསྟར་རྒྱུར་བརྩོན་པ་ཆུ་བོའི་རྒྱུན་བཞིན་བྱེད་ཀྱིན་ཡོད་མོད། དཔལ་འབྱོར་ཟེར་བའི་བཀག་རྡོ་དེ་ལྟ་བུ་ཞིག་གིས་ནམ་ཡང་ང་ལ་གཅུན་སྡོམ་བྱས་ཡོད། གློག་བརྙན་ཕབ་སྐྲུན་བྱེད་པ་ནི་དཔེ་ཆ་དཔར་སྐྲུན་བྱེད་པ་ལྟ་བུའི་ལས་སླ་མོ་ ཞིག་ཁྱོན་ནས་མ་ཡིན་ཏེ། དཔལ་འབྱོར་གྱི་འགྲོ་སྒོ་མང་པོ་གཏོང་དགོས་པ་ཞིག་རེད། དོན་དམ་དུ་སྐད་ཆ་དམར་རྗེན་ཞིག་བཤད་ན་བལྟ་སྲོལ་མི་འདུག་པའི་གློག་བརྙན་ཐུང་གྲས་དེ་དག་ནི་དཔལ་འབྱོར་བརླགས་པ་ལས་གང་ཡང་མི་འདུག ཉེ་ལམ་བྱུང་དང་འབྱུང་བཞིན་པའི་བོད་ཀྱི་གློག་བརྙན་ཐུང་གྲས་དག་གི་བརྗོད་བྱ་ནི་ཆིག་རྐྱང་བ་དང་སྣ་གཅིག་ཡིན་ཏེ། ཕོ་མོ་བར་གྱི་བརྩེ་བ་ཞིག་གམ་ཕོ་མོ་བར་གྱི་འགལ་བ་རེ་བརྗོད་པ་དང་། ཡང་མིན་ན་གནས་ཚུལ་གང་རུང་ཞིག་ལ་དགག་རྒྱག་བྱེད་པ། འདི་གཉིས་ནི་ཉེ་ལམ་བྱུང་དང་འབྱུང་བཞིན་པའི་བོད་ཀྱི་གློག་བརྙན་ཐུང་གྲས་དག་གི་བརྗོད་བྱ་ཡིན་ལ། དེ་མིན་པའི་བརྗོད་བྱ་གཞན་ཅན་གྱི་གློག་བརྙན་ཐུང་གྲས་ཤིག་མི་འདུག་ཅེས་ཁ་ཚོན་གཅོད་ནུས་ཏེ་དོན་གྱིས་ཀྱང་མེད་པས་སོ།།
ཕོ་མོའི་བརྩེ་དུང་བརྗོད་བྱར་བཟུང་བའི་གློག་བརྙན་དེ་དག་བདག་ལ་མཚོན་ན་ཤིན་ཏུ་བལྟ་བར་མོས་མོད། འོན་ཀྱང་བརྗོད་བྱ་བརྩེ་དུང་རྐྱང་རྐྱང་ཡིན་ཚེ། རྒྱ་ཁྱོན་ཧ་ཅང་ཆེ་བའི་ར་སྐོར་ཅིག་ཏུ་ནང་དུ་མེ་ཏོག་སྣ་གཅིག་བཏབ་ཡོད་པ་དང་ཇི་འདྲའི་མཚུངས་ཨང་། དཔེར་ན་ར་སྐོར་ནང་དུ་མེ་ཏོག་དཀར་པོ་རྐྱང་དང་ཡང་ན་མེ་ཏོག་དམར་པོ་རྐྱང་ཡིན་ན་ འུ་ཅག་གི་མིག་ལམ་ནས་དེ་འདྲའི་མཛེས་སྡུག་ལྡན་པ་ཞིག་ཡིན་མི་སྲིད། རྒྱུ་མཚན་ནི་མེ་ཏོག་ཡོད་ཚད་སྣ་གཅིག་ཡིན་པའི་ར་སྐོར་ནང་ཡོད་ཚད་དཀར་ལམ་མེར་དང་དམར་ལམ་མེར་སེར་ལམ་མེར་རྐྱང་རྐྱང་ཡིན། དེ་ལས་ར་སྐོར་ནང་མེ་ཏོག་སྣ་ཚོགས་བཞད་ཡོད་པ་ཡིན་ཚེ་འུ་ཅག་གི་མིག་ལམ་ནས་ཀྱང་ཧ་ཅང་མཛེས་ཤིང་བལྟ་འདོད་ཡོད་ངེས་ཡིན། དེ་མིན་ཚེ་སྣ་གཅིག་ཁོ་ན་ཡིན་ཚེ་དེ་འདྲའི་བལྟ་འདོད་དང་མཛེས་སྣང་ཡོད་མི་སྲིད། དེ་བཞིན་དུ་བོད་ཀྱི་གློག་བརྙན་དག་གི་བརྗོད་བྱ་ཀྱང་སྣ་གཅིག་ཁོ་ན་ཡིན་ཚེ་བལྟ་འདོད་དང་བལྟ་རིན་ཀྱང་རྦད་ནས་ཡོད་མི་སྲིད། གོང་ནས་དྲངས་པའི་དཔེ་དེ་བཞིན་ཡིན་ནོ།།
གཞན་བརྗོད་བྱར་བོད་ཡུལ་གྱི་གནས་ཚུལ་གང་རུང་ལ་དགག་པ་རྒྱག་པའི་གློག་བརྙན་དེ་རིགས་བདག་ཧ་ཅང་དགའ་བོ་ཡོད། འུ་ཅག་བོད་ཀྱི་ཡུལ་གྲུ་དག་ན་ནམ་རྒྱུན་གནས་ཚུལ་མི་ལེགས་མང་པོ་བྱུང་དང་བྱུང་བཞིན་ཡོད་པ་དག་ལ་དགག་པ་རྒྱབ་སྟེ་རྣག་ཐོག་ལ་ཁབ་གཙེགས་བྱས་ན་ཇི་འདྲའི་དགའ་བོ་ ཞིག་རེད་ཨང་། འོན་ཀྱང་བོད་ཀྱི་གློག་བརྙན་ཐུང་གྲས་དེ་དག་གིས་དགག་པ་རྒྱག་ཤེས་ཀྱིན་མི་འདུག དངོས་ནས་ཁོ་ཅག་གིས་དགག་པ་གཏོང་ཤེས་ཀྱིན་མི་འདུག ཁོ་ཅག་གིས་གནས་ཚུལ་གང་རུང་དེ་དག་ལ་སྒྲོ་རེ་བཏགས་ཏེ་དགག་པ་གཏོང་གིན་འདུག དོན་དམ་གྱིས་ཁོ་ཅག་གིས་དངོས་ཡོད་ལ་མ་བལྟས་པར་དགག་པ་གཏོང་གིན་འདུག འདི་ནི་དོན་གྱིས་སྐྱུག་བྲོ་བའི་བྱ་སྤྱོད་ཅིག་རེད། དཔེར་ན་གློག་བརྙན་ཐུང་གྲས་མང་ཤས་ཤིག་གི་ནང་ན་བོད་ཀྱི་སློབ་ཆེན་སློབ་མའི་འགྲོ་འདུག་སྤྱོད་གསུམ་དགག་པ་གཏོང་བ། ཁོ་ཅག་གིས་མཐའ་གཅིག་ཏུ་དགག་པ་གཏོང་བ་ནི་སློབ་མའི་དུ་བ་འཐེན་པ་དང་ཆང་འཐུང་བ། ནང་མ་ཁང་སོགས་ལ་འགྲོ་བར་དགག་པ་གཏོང་བ། ཉིན་མཚན་དུས་དྲུག་ཏུ་ཆང་ཁང་དང་ནང་མ་ཁང་སོགས་ན་འཁྱམས་ནས་བསྡད་ཡོད་རབས་དང་། ཉིན་གཅིག་ལའང་སློབ་ཁྲིད་དུ་མི་འགྲོ་བ་སོགས་མང་པོ་ལ་དགག་པ་གཏོང་གིན་འདུག་མོད། ཁོ་ཅག་གིས་མཐའ་གཅིག་ཏུ་མི་ལེགས་པའི་དོན་དེ་ལ་སྒྲོ་བཏགས་ཏེ་དགག་པ་གཏོང་བ། ངས་ནི་སློབ་ཆེན་དུ་སློབ་ཁྲིད་གཅིག་ལའང་མི་འགྲོ་བར་རྒྱུན་དུ་ཇ་ཁང་ཆང་ཁང་དུ་འཁྱམས་ནས་བསྡད་ཡོད་པའི་སློབ་མ་ཞིག་གཞི་ནས་མ་མཐོང་། སློབ་ཆེན་དུ་སློབ་ཁྲིད་ལ་གཅིག་ཀྱང་མི་འགྲོ་བར་རྒྱུན་དུ་ཇ་ཁང་ཆང་ཁང་དུ་འཁྱམས་ནས་བསྡད་ཡོད་པའི་སློབ་མ་ཞིག་ཡོད་ཚེ་དེ་དག་ནི་འཁྲབ་སྟོན་བྱེད་མཁན་གྱི་ ཁྱོད་ཅག་ཁོ་ན་ཡིན་ནོ། དེ་མིན་ཚེ་དེ་འདྲའི་སློབ་མ་ཞིག་གང་ནའང་མེད་ཅེས་ངས་ནི་ཁ་ཚོན་གཅོད་ནུས། སྤྱིར་གཟའ་ཉི་མའི་དུས་ཚོད་སོགས་བེད་སྤྱད་དེ་ཇ་ཁང་ཆང་ཁང་དུ་འགྲོ་མཁན་གྱི་སློབ་མ་ཡོད་དེ། དེ་ནི་ཧ་ཅང་མཚམས་ཤིང་ཤིན་ཏུ་འོས་མོད་ཅིག་མ་ཡིན་ནམ་ཡིན་ནོ།འདི་དག་གློག་བརྙན་ ཐུང་གྲས༼ གཟའ་ཉི་མ ༽སོགས་ཀྱི་ནང་ན་ཤིན་ཏུ་གསལ། དེ་མ་མིན་པའི་འབྲོག་ཕྱོགས་རོང་ཕྱོགས་ས་ཁུལ་གྱི་ས་རྩོད་ཆུ་རྩོད་དང་རྐ་ཆུ་རྩོད་པ་དང་ཞིང་ས་རྩོད་པ་སོགས་ལའང་དགག་པ་གཏོང་བའི་གློག་བརྙན་ཀྱང་མང་མང་རེད་མོད། ཁ་སང་དེ་རིང་བོད་གཞི་རིམ་དམངས་ཚོགས་དག་གི་གོ་རྟོགས་ཀྱང་ཅུང་འཕེལ་སོང་འདུག་པས། ད་ནི་དེ་ཅུང་ཞི་འཇགས་སུ་གྱུར་འདུག་རྐྱེན་དགག་པ་བཏང་ཀྱང་འཕྱི་སོང་བ་མ་ཡིན་ནམ། འུ་ཅག་གིས་དགག་པ་གཏོང་ཀྱང་འདི་འདྲ་མ་གཏོགས་དགག་པ་གཏོང་ས་མེད་སོང་བ་ཡིན་ནམ། དེ་ནི་རྦད་དེ་མིན་ནོ།། འུ་ཅག་ལ་མཚོན་ན་ཁ་སང་དེ་རིང་དགག་པ་ནན་མོ་གཏོང་དགོས་སའི་གནད་དོན་མང་པོ་འདུག་མོད། དེ་དག་གི་ཁྲོད་ནས་སློབ་ཆེན་སློབ་མའི་འགྲོ་འདུག་སྤྱོད་གསུམ་དང་བོད་གཞི་རིམ་མང་ཚོགས་དག་གི་ས་རྩོད་ཆུ་རྩོད་བྱེད་པ་གཉིས་ཡང་སྙིང་ཅི་ཞིག་གི་རྐྱེན་གྱིས་དགག་པ་གཏོང་དགོས་སོང་བ་རེད། དེ་ནི་ཤིན་ཏུ་སླ་སྟེ། སློབ་ཆེན་སློབ་མའི་འགྲོ་འདུག་སྤྱོད་གསུམ་ལ་དགག་ན་མཐོ་མཐོ་ཆེ་ཆེ་དང་རྔམ་རྔམ་རྫིག་རྫིག་ལ་དགའ་བའི་དགེ་རྒན་ཆེན་མོ་ཡིན་ཟེར་མཁན་གྱི་དེ་དག་གིས་བཟང་བསྟོད་ཐོབ་འོངས་ལ།དགེ་རྒན་དེ་དག་གི་མིག་ནང་ནས་སློབ་མ་བཟང་བོ་ཞིག་ཏུ་གྱུར་འགྲོ་བའི་རྐྱེན་སློབ་ཆེན་སློབ་མའི་འགྲོ་འདུག་སྤྱོད་གསུམ་ལ་དགག་པ་རེད། གཞན་བོད་གཞི་རིམ་དམངས་ཚོགས་དག་གི་ས་རྩོད་ཆུ་རྩོད་ལ་དགག་པ་བཏང་ན། དེ་མ་རེད་ཟེར་ཐུབ་མཁན་གྱི་དམངས་ཚོགས་གཅིག་ཀྱང་ཁྱོན་ནས་ཡོད་མི་སྲིད་ལ། ཕྱིར་དགག་པ་གཏོང་མཁན་ཞིག་ཀྱང་རྦད་ནས་ཡོད་མི་སྲིད་པས། སེམས་བདེ་ལ་བབས་ཏེ་དགག་པ་གཏོང་རྐྱང་ཡིན། དེ་མིན་པའི་བླ་སྤྲུལ་སོགས་ལ་དགག་པ་གཏོང་རྒྱུའི་སྙིང་སྟོབས་ཤིག་ཁོ་ཚོའི་ རིགས་ལ་ཞར་ནས་མེད་དོ།།ཉེ་བའི་ལོ་འདི་དག་གི་རིང་ལ་བོད་དུ་གློག་བརྙན་དར་བའི་ཚ་རླབས་ཤིག་འཕྱུར་སོང་། དེ་ནི་ལུང་བ་ཁ་རུབ་ན་འཚོ་བའི་འུ་ཅག་ལ་མཚོན་ན་ཤིན་ནས་ཤིན་ཏུ་དགའ་འོས་པ་ཡིན་མོད། བོད་ཀྱི་གློག་བརྙན་འདིའི་འབྱུང་འགྱུར་གྱི་ལམ་བུར་མཚར་སྡུག་འོད་སྟོང་དང་ལྡན་པ་ཞིག་འབྱུང་ཕྱིར་ནམ་ཡང་འུ་ཅག་གི་གོམ་ཁ་འདི་རྒྱང་ལ་སྤོ་དགོས། འུ་ཅག་གི་གོམ་ཁ་འདི་འདི་ཙམ་ལས་སྤོ་མ་ཐུབ་ཚེ། ནམ་ཡང་འུ་ཅག་གི་གློག་བརྙན་གྱི་ལམ་ཁ་འདི་མཚར་སྡུག་འོད་སྟོང་ལྡན་པ་ཞིག་ཁྱོན་ནས་ལྡན་མི་སྲིད་དོ།།
དཔྱད་མཆན་ཡོད།