གློག་བརྙན་བརྙན་འཕྲིན་སྒྱུ་རྩལ་བྱུང་ཚུལ་དང་དེའི་འཕེལ་རྒྱས།
དུས་རབས་༡༩པའི་དུས་སྨད་དུ། མིའི་རིགས་སྤྱི་ཚོགས་གློག་ཤུགས་དུས་རབས་སུ་སླེབས་པ་དང་། ཚན་རིག་ལག་རྩལ་ཡར་རྒྱས་ཆེན་པོ་བྱུང་བ་དེས་གློག་བརྙན་འབྱུང་བར་ལག་རྩལ་དང་དངོས་པོའི་ཕྱོགས་ཀྱི་རྨང་གཞི་བཏིང་། དུས་རབས་༡༩པའི་དུས་མཇུག་ཏུ། ཧྥ་རན་སེའི་ལི་སྨི་ཨེར་གཅེན་གཅུང་གཉིས་ཀྱིས་པར་ལེན་དང་བརྙན་སྟོན་ནུས་པ་ཉིས་ལྡན་གྱི་འགུལ་བདེའི་གློག་བརྙན་འཕྲུལ་ཆས་གསར་བཟོ་བྱས། ༡༨༩༥ལོའི་ལོ་མཇུག་ཏུ། ཁོ་གཉིས་ཀྱིས་མང་ཚོགས་ལ་རང་གིས་པར་བླངས་པའི་གློག་བརྙན་ཐོག་མར་བསྟན་ཅིང་། དེ་ལས་གློག་བརྙན་བྱུང་བ་མཚོན། དུས་རབས་༢༠པའི་འགོར། ཨ་རི་པ་ཀོ་ལི་ཧྥེ་སིས་གཏམ་རྒྱུད་དང་སྒྱུ་རྩལ་རང་བཞིན་གཞི་གཅིག་ཏུ་འདུས་པའི་གློག་བརྙན་བརྩམས་ཆོས་ཏེ། དཔེར་ན་༼རྒྱལ་ཁབ་ཅིག་དབུ་བརྙེས་པ༽སོགས་པར་ལེན་དང་འཁྲབ་ཁྲིད་བྱས། ཡིན་ནའང་དང་ཐོག་གི་གློག་བརྙན་བརྩམས་ཆོས་ནི་ཚོན་མདངས་དང་སྒྲ་མེད་པའི་གློག་བརྙན་ཡིན་པས། ༼སྒྲ་མེད་གློག་བརྙན༽ཟེར། དུས་སྐབས་དེར་སུའུ་ལེན་གྱི་གློག་བརྙན་ལས་དོན་དཔྱིད་ཀྱི་དཔལ་མོ་རྒྱས་པ་བཞིན་འཕེལ་རྒྱས་བྱུང་སྟེ། ༼པོ་ཅང་ཅིན་རྟགས་ཅན་གྱི་འཐབ་གྲུ༽ཞེས་པ་སོགས་གློག་བརྙན་པར་བླངས།༡༩༢༧ལོར། ཨ་རིས་སྒྲ་དང་སྐད་ཆ། རོལ་མོ། གླུ་དབྱངས་བཅས་འཛོམས་པའི་སྒྲ་ལྡན་གློག་བརྙན་པར་བླངས་པ་ཐོག་མར་ལེགས་འགྲུབ་བྱུང་བས། གློག་བརྙན་ནི་སྒྲ་ལྡན་གློག་བརྙན་གྱི་དུས་རབས་སུ་སླེབས། ༡༩༣༥ལོར། འཛམ་གླིང་གི་ཚོན་ལྡན་གློག་བརྙན་དང་པོ་སྟེ་༼རྒྱས་སྤྲོས་ཀྱི་འཇིག་རྟེན༽ཞེས་པ་པར་བླངས་ནས་ལེགས་འགྲུབ་བྱུང་། འཁྲུག་ཆེན་ཐེངས་གཉིས་པའི་རྗེས་སུ། ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་དང་བསྟུན་ནས་གློག་བརྙན་ལག་རྩལ་ལ་ཉིན་རེ་བཞིན་རྣམ་པ་གསར་བ་མངོན་ཏེ། ཡོལ་ཆེན་གློག་བརྙན་དང་འབུར་གཟུགས་གློག་བརྙན་སོགས་གཅིག་རྗེས་གཉིས་མཐུད་དུ་བྱུང་།
དུས་རབས་༢༠པའི་ལོ་རབས་༢༠པའི་དུས་དཀྱིལ་དུ་བརྙན་འཕྲིན་བྱུང་། ༡༩༢༩ལོར་དབྱིན་ཇིའི་ལོན་ཏོན་དུ་བརྙན་འཕྲིན་ལེ་ཚན་ཐོག་མར་བཏང་བ་དང་། ལོ་རབས་༣༠པར་འཛམ་གླིང་གི་བརྙན་འཕྲིན་ཟློས་གར་དང་པོ་བཏང་སྟེ། ཉིན་རེར་དུས་ཚོད་གཉིས་རིང་གི་བརྙན་འཕྲིན་རྒྱང་བསྒྲགས་ཐོག་མར་གསར་སྒྲུབ་བྱས། ལོ་རབས་༣༠པའི་མཇུག་ཏུ། དབྱིན་ཇི་རུ་བརྙན་འཕྲིན་འཕྲུལ་ཆས་ལྡན་པའི་ཁྱིམ་ཚང་ཉིས་ཁྲི་ལ་སླེབས་ཤིང་། ལོ་རབས་༤༠ པའི་མགོར། ཨ་མེ་རི་ཁས་ཚོན་ལྡན་བརྙན་འཕྲིན་ལེ་ཚན་ཚོད་གཏོང་བྱེད་པའི་མགོ་བརྩམས། འཁྲུག་ཆེན་ཐེངས་གཉིས་པ་མཇུག་བསྒྲིལ་རྗེས། ལག་རྩལ་གསར་བརྗེ་ཐེངས་གསུམ་པའི་སྐུལ་འདེད་འོག་ཏུ་བརྙན་འཕྲིན་ནི་གཞི་ཁྱོན་ཆེན་པོས་ཁྱབ་གདལ་དང་ཉེར་སྤྱོད་བྱེད་པའི་དུས་རིམ་དུ་སླེབས་པ་སྟེ། བརྙན་འཕྲིན་ལེ་ཚན་ཐད་གཏོང་བྱེད་པ་ནས་གནས་ཚུལ་དངོས་བརྙན་འབེབས་བརྒྱུད་སྒྲོག་བྱེད་པར་འཕེལ་བ་དང་། ཐབས་ལམ་སྣ་མང་གིས་བརྒྱུད་གཏོང་བྱེད་པ་ནས་འཁོར་སྐར་ལས་བརྒྱུད་གཏོང་བྱེད་པར་འཕེལ། བརྙན་འཕྲིན་ལེ་ཚན་གྱི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་ཤིང་བརྙན་འཕྲིན་བརྒྱུད་གཏོང་གི་ཁྱབ་རྒྱ་ཤིན་ཏུ་ཆེ། མི་ལ་ལས་བརྙན་འཕྲིན་སྒྱུ་རྩལ་ལ་སྒྱུ་རྩལ་ཁྱིམ་རྒྱུད་ཆེན་པོའི་ནང་གི་༼སྒྱུ་རྩལ་བརྒྱད་པ༽ཞེས་ཟེར།
གློག་བརྙན་བརྙན་འཕྲིན་སྒྱུ་རྩལ་གྱིས་མིའི་རིགས་ཀྱི་ཚན་རྩལ་ལག་རྩལ་ཕྱོགས་ཀྱི་ཡར་རྒྱས་ཚུར་སྣང་བྱས་ཡོད་པར་མ་ཟད། ཤེས་ཚོར་རྣོན་པོས་ཐད་ཀར་ཤེས་རིག་འཕེལ་རྒྱས་དང་སྤྱི་ཚོགས་དར་སྲོལ་གྱི་འགྱུར་ལྡོག་ལའང་ཁ་གཏད་ཅིང་ཤན་ཞུགས་བཟོས་ཏེ། མི་རྣམས་ཀྱི་མཛེས་དཔྱོད་དང་བསམ་བློའི་འདུན་པ་སྣ་ཚོགས་ཚིམ་པར་བྱས་པས། སྤྱི་ཚོགས་འཚོ་བའི་ཤུགས་རྐྱེན་ཉིན་རེ་བཞིན་ཆེ་རུ་ཕྱིན་ནོ། ། (ཤ167-169)
གློག་བརྙན་ནི་རིམ་གྱིས་སྒྱུ་རྩལ་གསར་རྐྱང་ཞིག་དང་ཡོངས་ཁྱབ་ཏུ་དར་བའི་རོལ་རྩེད་ཀྱི་རྣམ་པ་ཞིག་ཏུ་གྱུར། མི་ལ་ལས་དེ་ལ་སྙན་ངག་དང་རོལ་མོ། ཞབས་བྲོ། མཛེས་རྩལ། བཟོ་བཀོད། ཟློས་གར་བཅས་ཀྱི་རྗེས་སུ་མིའི་རིགས་ཀྱིས་གསར་གཏོད་བྱས་པའི་༼སྒྱུ་རྩལ་བདུན་པ༽ཟེར། གློག་བརྙན་བྱུང་ནས་ལོ་ངོ་བརྒྱ་ལྷག་འགོར་བའི་རིང་དུ་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས། (ཤ168)
གློག་བརྙན་བརྙན་འཕྲིན་སྒྱུ་རྩལ་ལ་རོལ་རྩེད་རང་བཞིན་དང་སྒྱུ་རྩལ་གྱི་གཟིགས་དཔྱད་རང་བཞིན་ཧ་ཅང་དྲག་པོ་ལྡན་པས། མིའི་རིགས་ཀྱི་འཚོ་བར་ཤུགས་རྐྱེན་ཐེབས་ཡོད། (ཤ169)
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༡ལོའི་ཟླ་༥པར་གཞི་དང་པོ་༢༠༡༡ལོའི་ཟླ་༦པར་ཐེངས་དང་པོར་དཔར་བའི་༼ལོ་རྒྱུས༽ངེས་སྦྱོང་ལས་བཏུས་ལ། ཁ་བྱང་རྗེས་ནས་སྦྱར་བའོ། །
ངེད་དྲ་བའི་པར་དབང་དགོལ་མི་རུང་།
དཔྱད་མཆན་ཡོད།