བོད་ཀྱི་གློག་བརྙན་སྐོར་གླེང་བ།

——— ངྷ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ལྔ་བར་ཕུལ།


སྔོན་གླེང་།

བདུན་ཕྲག་གཉིས་ཙམ་སྔོན་ལ། རྒན་ཆབ་གྲགས་ཕོ་ཉ་དང་གྲོགས་གསལ་ལེ་རྒྱལ་གཉིས་མཉམ་དུ། ཧྥ་རན་སིར་གནས་སྡོད་བུ་མོ་བསྟན་འཛིན་ཟླ་གསལ་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་ཞིག་ལ་ལྟ་རུ་ཕྱིན། ཐེངས་དེ་ཡོངས་ཁྱབ་ཀྱི་གཟིགས་འབུལ་ཞིག་མིན་པར། གློག་བརྙན་ཁྲོམ་རར་མ་བཀྲམ་སྔོན། འཁྲབ་ཁྲིད་པས་རང་གི་བརྩམས་ཆོས་ལ་ལེགས་ཉེས་གྱི་བསམ་ཚུལ་བསྡུ་ལེན་ཆེད་བསྐངས་པའི་”དཔྱད་གླེང་གཟིགས་འབུལ་”ཙམ་རེད།

གློག་བརྙན་དེའི་མིང་ལ་«རཱོ་ཡལ་ཁཱ་ཧྥེ»ཟེར། བཙན་བྱོལ་སྤྱི་ཚོགས་ཀྱི་རྒྱུན་ལྡན་སྣང་ཚུལ་སྟེ། རྩ་དོན་འཐབ་རྩོད་དང་ཆོས་ལུགས་དད་འདུན་གཉིས་བརྙན་ངོ་ནས་རིང་དང་ཟུར་དུ་བཞག་སྟེ། རྒྱལ་ས་ཕ་རི་སིའི་ནང་། དུས་རྒྱུན་བོད་མི་ཚོ་འཛོམས་སའི་རཱོ་ཡལ་ཁཱ་ཧྥེ་ཟ་ཁང་(Royal Cafe Restaurant) གློག་བརྙན་གྱི་རྒྱབ་ལྗོངས་བྱས་ནས། ཧྥ་རན་སིར་གནས་སྡོད་བོད་པ་གཞོན་སྐྱེས་ཚོའི་སྐྱབས་བཅོལ་གནས་སྟངས་དང་། འཚོ་བའི་དཀའ་སྡུག སྤྱི་ཚོགས་བཀག་རྒྱ། བསམ་བློའི་འགལ་འདུ། མི་ཚེའི་མདུན་ལམ། མ་འོངས་རྨི་ལམ། ཡིད་ཆད་དང་བརྩོན་ལེན་བཅས། མི་སྒེར་འཚོ་གནས་བརྗོད་དོན་དུ་བཟུང་བའི་གློག་བརྙན་ཞིག་རེད།

ཟླ་གསལ་ལགས་ཀྱི་བརྩམས་ཆོས་གསར་པ་འདི། བརྗོད་དོན་གཅིག་བུ་གསར་པ་ཙམ་མིན་པར། བརྙན་ཕབ་དང་སྒྲིག་སྦྱོར་གྱི་ཐད་ནས་ཀྱང་། དེ་སྔའི་བཙན་བྱོལ་གློག་བརྙན་གཞན་དག་དང་བསྡུར་ན། བརྙན་མིག་གཏོད་སྟངས་དང་། བརྙན་ངོ་བསྐོར་སྟངས། བྱུང་རིམ་སྒྲིག་སྟངས། གཏམ་རྒྱུད་མངོན་སྟངས་སོགས་ལ་རང་ཚོད་ཀྱི་ཐུན་མིན་ཁྱད་ཆོས་ལྡན་ཞིང་། སྐད་རིགས་སྣ་མང་ནང་བརྙན་ཡིག་ཕབ་སྟངས་དང་། ལྷག་པར། འཁྲབ་སྟོན་མི་སྣ་འཚོལ་སྟངས་ལེགས་གྲུབ་ཏེ། གཞི་རིམ་མང་ཚོགས་ཁྲོད་ནས་ཡོང་བའི་འཁྲབ་སྟོན་པ་ཚོས། སྐབས་ཐོག་གི་འཁྲབ་ཚན་ནང་། རང་རང་གི་མི་སྣ་གསར་བཞེངས་བྱེད་སྟངས་ཀྱང་། ལུས་ངག་གི་རྣམ་འགྱུར་བཙན་གྱིས་བཙིར་བ་ལྟར་མིན་པར། ཧ་ཅང་གི་རྒྱུན་ལྡན་དང་རང་བྱུང་གི་ཉམས་ཡག་པོ་ཐོན་འདུག་པས། གློག་བརྙན་དེར་དགའ་ཚོར་གང་འཚམ་བྱུང་།

 གཅིག གློག་བརྙན་དང་དཔྱད་བརྗོད།

གློག་བརྙན་གསར་པ་རེ་ཕབ་སྐྲུན་གྲུབ་རྗེས། ཧྥ་རན་སིར་ཆེད་དུ་ཕེབས་མཁན་པདྨ་ཚེ་བརྟན་དང་ལྗང་བུ། རྣམ་རྒྱལ་ལྷ་མཛེས། ཡང་ན། འཁྲབ་ཁྲིད་པ་དང་བརྙན་འགྲེམ་པ་(ཟོན་ཐར་རྒྱལ་སོགས་)དངོས་སུ་ཕེབས་མ་ཐུབ་ཀྱང་། ཁོ་ཚོའི་གློག་བརྙན་བརྩམས་ཆོས་ཁག་ལ་བསྡུས་པའི་དཔྱད་གླེང་གཟིགས་འབུལ་ལ་སོང་དྲག་པས་མིན་ནམ། གློག་བརྙན་ལྟ་རྒྱུར་དགའ་བའི་ང་ལ། འདས་པའི་ལོ་གཉིས་གསུམ་རིང་འགྱུར་ལྡོག་མངོན་གསལ་བ་ཞིག་བྱུང་། བལྟས་ཚར་རྗེས་སྔོན་མ་ལྟར་རོལ་རྩེད་དང་དགའ་མོས་ཙམ་མིན་པར། དེ་རིང་རང་གིས་སྣང་བར་འགྲོ་བའི་གློག་བརྙན་ཞིག་ལ་བལྟས་པ་ཡིན་ན། ཡིན་གཅིག་མིན་གཉིས། སང་ཉིན་དེ་འབྲེལ་གྱི་བཅར་འདྲི་དང་བགྲོ་གླེང་། དཔྱད་བརྗོད་སོགས་ཡིག་ངག་བརྙན་གསུམ་དྲ་ཐོག་ན་གང་ཡོད་བསྔོགས་ནས། ལྟ་ཀློག་ཉན་གསུམ་བྱེད་དགོས་པ་ཞིག་ཏུ་གྱུར།

༢༠༡༥ལོའི་ཕྱི་ཟླ་༩ཚེས་༡༥ཉིན། ཝི་ནེ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་”བརྙན་ཕུད་”བསྟན་པ་ནས། པདྨ་ཚེ་བརྟན་གྱི་གློག་བརྙན་«ཐར་ལོ»ལ་རྒྱལ་སྤྱིའི་རང་བཞིན་གྱི་རྟགས་མ་གང་མང་ཐོབ་ཅིང་། གློག་བརྙན་དེའི་མཚན་སྙན་ཡང་གོ་ལ་ཟླུམ་པོ་འདིའི་ཟ་ཟུར་གང་མང་ཞིག་ལ་ཁྱབ། («ཐར་ལོ།»ནི་ལོ་རྒྱུས་ཐོག་རྒྱལ་སྤྱིའི་རྟགས་མ་མང་ཤོས་དང་མཚན་སྙན་རྒྱས་ཤོས། དཔྱད་བརྗོད་མང་ཤོས་ཀྱི་བོད་ཀྱི་གློག་བརྙན་དང་པོ་དེ་ཆགས་ཡོད་སྙམས།) དེར་མཐུད་ནས་གློག་བརྙན་དེའི་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་སོགས་ལ། གློག་བརྙན་ཕབ་སྐྲུན་དང་འཁྲབ་སྟོན། ནང་དོན་དང་མཚོན་སྟངས། གཏམ་རྒྱུད་དང་མི་སྣ། ཁོར་ཡུག་དང་བསམ་བློ། འཁྲབ་སྟོན་པས་རང་གི་འཁྲབ་ཚན་ནང་གི་མི་སྣར་ལྟ་ཚུལ་དང་ངོས་འཛིན། མི་སྣ་དེ་འཁྲབ་སྟོན་ལེགས་གྲུབ་ཡོང་བར་དཀའ་ཁག་དང་འབད་བརྩོན་སོགས་ཀྱི་ཐད་ལ། སོ་སོའི་མྱོང་ཚོར་དང་འབྲེལ་བའི་ཁ་བརྡ་རང་བཞིན་གྱི་བགྲོ་གླེང་གང་མང་ཞིག་ཀྱང་དྲ་ཐོག་ཏུ་ཐོན་ཞིང་། ལྷག་པར་དུ་དབྱིན་རྒྱའི་སྐད་ཡིག་ནང་དཔྱད་བརྗོད་གང་མང་ཐོན་ཡོད།

དཔྱད་བརྗོད་དེ་དག་ལས་ད་ལོའི་ཕྱི་ཟླ་དྲུག་པའི་ནང་ཚུན་སྟེ། ཉེ་དུས་ཀྱི་དཔྱད་བརྗོད་ཁག་ནི། ཨལ་བྷེར་ལགས་ཀྱི་«བོད་ངོ་མ་བརྙན་ངོས་སུ་འདྲེན་མཁན་དང་མཇལ་བ»དང་། (Meet The Man Bring The Real Tibet To The Big screen-by Albert) ཀྲང་ལིན་ལགས་ཀྱི་«བླངས་མ་ཚར་བའི་”ལ་གཞས།”-གློག་བརྙན་ཐར་ལོ།>གླེང་བ།» (未尽的”拉伊” 评电影<塔洛>-张泠) བན་ངྷེ་ཨེ་ཊི་ལགས་ཀྱི་«བོད་ཀྱི་རྟོག་སྒྲུང» (A Tibetan Fable-by Wendy IDE) ཚེ་རིང་ཤཱཀྱ་ལགས་ཀྱི་«ཐར་ལོ།»(The One Who Escaped-by Tsering Shakya)བཅས་རེད།

གློག་བརྙན་འགྲེམས་རྒྱུག་ནི་གཙོ་བོ་སྐད་ཡིག་སྒང་ནས་དགར་གྱིན་ཡོད་པར་ལྟར། དེའི་དཔྱད་བརྗོད་དག་ལའང་སྐད་ཡིག་གི་ཁྱབ་ཁོངས་སོ་སོ་ནས་ལྟ་ཚུལ་དང་བསམ་ཚུལ། ངོས་འཛིན་དང་རྣམ་བཞག་སོགས། དབྱེ་ཞིབ་ཀྱི་འབབ་ས་ལ་ཐུན་མོང་གི་འདྲ་ས་དང་། ཐུན་མིན་གྱི་མི་འདྲ་ས་གཉིས་ཡོང་གི་ཡོད། གོང་གསལ་«ཐར་ལོ»དང་འབྲེལ་བའི་དཔྱད་བརྗོད་དེ་ཚོའང་འབབ་ས་འདི་གཉིས་ལས་འདས་མེད། འདྲ་ས་ནི། གློག་བརྙན་སྤྱི་མཚུངས་ཀྱི་དཔྱད་བརྗོད་ལྟར། ཚང་མས་དང་པོ་གློག་བརྙན་ནང་གི་མི་སྣ་གཙོ་བོ། ཐར་ལོའི་གཏམ་རྒྱུད་དམ་”བོད་ཀྱི་གཏམ་རྒྱུད་”གླེང་ནས་གློག་བརྙན་གྱི་ནང་དོན་ལ་དབྱེ་ཞིབ་དང་། གཉིས་པ། དེའི་མཚོན་སྟངས་སྟེ། གཏམ་རྒྱུད་དེ་བརྙན་ངོར་འདྲེན་སྟངས་ལ། གཙོ་བོ་གློག་བརྙན་རིག་པའི་”རྣམ་དཔྱོད་”སྤྱད་ནས་དབྱེ་ཞིབ་བྱས་ཡོད་པ་དེ་ཡིན།

མི་འདྲ་ས་ནི། རང་རང་གི་སྐད་ཡིག་གི་ཁྱབ་ཁོངས་ནས། རིག་གཞུང་དང་འཚོ་གནས། བསམ་བློ་དང་འཛིན་སྟངས། ལྟ་ཚུལ་དང་ངོས་འཛིན་ཡན་གར་བ་རེ་ཡོད་པ་ལྟར། (སྲིད་དོན་གནས་བབ་ཀྱི་རྒྱབ་ལྗོངས་ཡང་འདྲེས་ཡོད།)ཤུགས་རྐྱེན་དང་བག་ཆགས་དེའི་འོག་ནས། གློག་བརྙན་དེའི་གཏམ་རྒྱུད་དང་བྱུང་རབས། མི་སྣ་བཅས་ལ་ངོས་འཛིན་ཐ་དད་པ་རེ་བྱས་རྗེས། ཡང་བསྐྱར། རང་རང་གི་སྐད་ཡིག་ཁྱབ་ཁོངས་ནང་ཡོད་པའི་ཀློག་མཁན་ཚོར། སྣང་བརྙན་དང་རིས་བྲིས་ཐ་དད་པ་རེ་ངོ་སྤྲོད་བྱེད་ཀྱིན་པ་དེ་རེད། ཐ་ན། ཁོང་ཚོར་ཐར་ལོའི་མི་ཚེའི་བྱུང་བ་དེ་དག དངོས་སྒྲུང་དང་རྟོག་སྒྲུང་གང་ཡིན་ལའང་ངོས་འཛིན་མི་མཐུན་པ་བྱུང་ཡོད།

གཉིས། བོད་ཡིག་གི་བརྙན་དཔྱད།

སྐད་ཡིག་གི་ཁྱབ་ཁོངས་ནས་བཤད་ན། «རཱོ་ཡལ་ཁཱ་ཧྥེ» དང་«ཐར་ལོ།» དེ་མིན་ད་དུང་། «གཙང་བོ།» «ཁྱི་རྒན།»«མཐུན་པ་སྤུན་བཞི» «འཚོལ།» «རྨི་ལམ་ལྷ་ས།» «དབུས་ལམ་གྱི་ཉི་མ།» «གཡང་མདའ།» «ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ།»སོགས། འདས་པའི་ལོ་ངོ་བཅུ་ཚན་ནང་། བོད་ཕྱི་ནང་གཉིས་སུ་བོད་སྐད་གློག་བརྙན་ནམ། བོད་ཀྱི་གློག་བརྙན་གང་མང་ཞིག་ཐོན། མི་རིགས་དང་སྐད་ཡིག་གཞན་པའི་གློག་བརྙན་ལྟར། དུས་ཡུན་འདི་དག་གི་ནང་། གློག་བརྙན་འདི་དག་ལའང་། བོད་ཡིག་གི་”བརྙན་དཔྱད་”ཅིག་ངེས་པར་ཐོན་ན་ཆོག་མོད། ད་བར་ཐོན་ཐུབ་མེད། བོད་ལ་གློག་བརྙན་མ་དར་བའི་སྔོན་ལ་འདི་སེམས་ཁུར་བྱ་ཡུལ་ཞིག་མིན་ནའང་། བོད་བརྙན་དར་བའི་མི་ལོ་འདི་དག་གི་རིང་ལ་མཚོན་ན། འདི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ཁྲོད་ཀྱི་སྟོང་ཆ་ཞིག་ཆགས་ཡོད།

«ཐར་ལོ»དང་«རཱོ་ཡལ་ཁཱ་ཧྥེ»གཉིས་གང་ཡིན་རུང་། གལ་སྲིད་ཁྱོད་ང་རང་ནང་བཞིན། བོད་ནས་སྐྱེས་ཤིང་འཚར་ལོངས་བྱུང་བ་དང་། ལྷག་པར་”རིག་གནས་གསར་བརྗེ་”དང་དེའི་ཤུལ་རྗེས་གསལ་བའི་ལོ་རབས་ནང་གི་མི་ཞིག་དང་། ཡང་ན། བོད་ནས་སྐྱེས་ཤིང་འཚར་ལོངས་བྱུང་རྗེས་རྒྱ་གར་ནང་སླེབས་ཤིང་། དེ་ནས་ཡང་བསྐྱར་ཧྥ་རན་སིར་སྐྱབས་བཅོལ་དུ་ཡོང་ནས་མི་ཚེ་རྒས་མཁན་ཞིག་ཡིན་ཚེ། “ཐར་ལོ་”ནི་རྟོག་སྒྲུང་དང་བཅོས་སྒྲུང་གི་མི་སྣ་གང་ཡང་མིན་པར། སྐབས་དེར་ཁྱོའི་འཚོ་བའི་ཁྲོད་ཀྱི་མི་སྣ་སྟེ། ཁྱོད་ཀྱི་ཐག་ཉེ་ན་ཡོད་པའི་ཨ་བ་དང་ཨ་ཁུ་ཚོ་ཆགས་ཡོད། ངས་«ཐར་ལོ»ལ་ཐེངས་གཉིས་བལྟས་པ་ཡིན། ལྟ་ཐེངས་རེར་དྲན་ངོགས་ལ་ཐོན་ཡོང་བ་ནི། ངའི་ཞང་པོ་སྟེ། “ཨ་རྒྱ་བསྟན་ཁོ”རེད། ། “ཐར་ལོ” དང་” ཨ་རྒྱ་བསྟན་ཁོ” གཉིས་ལ་རོང་འབྲོག་གི་ཁྱད་པར་ཙམ་ལས། མི་ཚེའི་མྱོང་བ་ནི་གཅིག་པ་གཅིག་རྐྱང་རེད་འདུག དེ་བཞིན། «རཱོ་ཡལ་ཁཱ་ཧྥེ»ནང་གི་བོད་པ་གཞོན་སྐྱེས་ཚོའི་བྱུང་བའང་། ངས་མི་ལོ་བཅུའི་རིང་མྱངས་བའི་དགའ་སྡུག་གི་གཏམ་རྒྱུད་དང་། ད་དུང་མི་ཚེ་ལྷག་མའི་ནང་མཇུག་བསྐྱང་རྒྱུའི་གཏམ་རྒྱུད་ཆགས་ཡོད།

བོད་ཡིག་གི་བརྙན་དཔྱད་ཅིག་འབྲི་སྐབས། རང་ཉིད་ལ་འབྲེལ་འདྲིས་དང་རྒྱུས་མངའ་ཡོད་རྐྱེན། ང་ཚོས་«ཐར་ལོ»དང་«རཱོ་ཡལ་ཁཱ་ཧྥེ»ཡིས་མཚོན་པའི་བོད་བརྙན་དེ་ཚོའི་ནང་དོན་དང་གཏམ་རྒྱུད། མི་སྣ་དང་ཡུལ་ལྗོངས། འཚོ་གནས་དང་བྱུང་རབས་སོགས། སྐད་ཡིག་གཞན་པའི་བརྙན་དཔྱད་ལས་ཀྱང་ཧ་ཅང་གི་མཚར་སྡུག་ལྡན་པ་ཞིག་བཞེངས་སྐྲུན་ཐུབ་ནའང་། གློག་བརྙན་ནི་ནང་དོན་གཅིག་བུས་གྲུབ་པ་མིན་སྟབས། དེའི་མཚོན་སྟངས་ནི་བརྙན་དཔྱད་ལ་མཚོན་ན། ནང་དོན་ལས་ཀྱང་གལ་འགངས་ཆེ་བའི་མ་ལག་ཅིག་ཆགས་ཡོད།

རང་གི་གློག་བརྙན་སྔོན་མ་བཞི་བོ་དང་མི་འདྲ་བར། པདྨ་ཚེ་བརྟན་གྱིས་«ཐར་ལོའི»བརྙན་མདངས་ལ་ཚོན་ཁྲ་ལས་དཀར་ནག་སྤྱད་ཡོད་ལ། བསྟན་འཛིན་ཟླ་གསལ་གྱིས་ཀྱང་«རཱོ་ཡལ་ཁཱ་ཧྥེ»ནང་། སྣོལ་འཛིང་ཐེབས་པའི་གཏམ་རྒྱུད་གྱི་བྱུང་རིམ་མི་འཁྲུག་ཆེད། ཕྱིར་དྲན་རིགས་ཀྱི་བརྙན་མདངས་ལ་དཀར་ནག་དང་། དེ་མིན་ལ་ཚོན་ཁྲ་སྤྱད་ཡོད། “ཐར་ལོ”ནི་ཧ་ཅང་གི་མི་སྟབས་བདེ་ཞིག་སྟེ། ཁོས་དོན་དག་གང་ཡིན་ཡང་། དེ་ལ་བཟང་ངན་དང་དཀར་ནག་ལས་གཞན་པའི་དབྱེ་བ་འབྱེད་མི་ཤེས་སྟབས། འཁྲབ་ཁྲིད་པས་བརྙན་མདངས་དཀར་ནག་སྤྱད་ནས། ཁོའི་མི་གཤིས་དང་སེམས་གཤིས་རྣལ་མ་དེ་བརྙན་ངོ་ནས་ཕྱིར་མངོན་ཐབས་བྱས་ཡོད།

འཆར་ཡན། དར་སྲོལ། རྒྱས་སྤྲོས། མཚར་སྡུག རྒྱལ་ས་ཕ་རེ་སི་ནི་འདོད་ཡོན་རྫོགས་ལྡན་གྱི་གྲོང་ཁྱེར་ཅིག་ཡིན། ཡིན་ཡང་། སྐྱབས་བཅོལ་བོད་མི་ཚོར་མཚོན་ན། དེ་ལས་ལྡོག་སྟེ་དཀའ་སྡུག བཀག་རྒྱ། འགལ་འདུ། ཡིད་ཆད། མགོ་འཛུགས་ཀྱི་གནས་ཤིག་ཆགས་ཡོད། བསྟན་འཛིན་ཟླ་གསལ་གྱིས་གྲོང་ཁྱེར་ཕ་རི་སའི་ས་གནས་འཛོར་ཤོས་དང་སྡུག་ཤོས། ལྷག་པར་གཏམ་རྒྱུད་བརྙན་ངོར་ཚོར་ཤུགས་ཀྱིས་འདྲེན་སླད། བརྙན་ཕབ་ཀྱི་དུས་ཚོད་ཀྱང་ཉིན་ཐུང་ལ་མཚན་རིང་ཞིང་། ཉིན་གང་བོར་དུད་སྨུག་དང་སྤྲིན་སྨུག་གིས་ཁེངས་ཤིང་། མིའི་སེམས་ལ་གནོན་ཤུགས་དང་སུན་བཙིར་བྱེད་པའི་ཕ་རེ་སིའི་དགུན་དུས་དེ་འདེམས་ཡོད།

གློག་བརྙན་གང་ཡིན་ཡང་། གཟུགས་བརྙན་དང་འགུལ་བསྐྱོད་ཀྱི་ལྷན་དུ་རོལ་དབྱངས་ཀྱི་རེམ་འདེགས་ཡོད། ང་ལ་མཚོན་ན་«ཁྱི་རྒན»ནི་བོད་བརྙན་ཚོའི་ནང་ནས་རོལ་དབྱངས་ཀྱི་མཚམ་སྦྱོར་སྣང་བར་འགྲོ་ཤོས་དེ་ཡིན། རོལ་མོ་བ་དང་རོལ་དབྱངས་སྡེ་ཚན་གྱིས་འབུལ་རྡུང་དཀྲོལ་གསུམ་བྱས་པའི་འགྱུར་ཁུག་དེ་མེད་པར། མི་ཚོགས་ཀྱི་ཅག་སྒྲ་དང་རླངས་འཁོར་གྱི་ཙུར་སྒྲ། འཛུགས་སྐྲུན་གྱི་ཁྲོག་སྒྲ་དང་འདམ་སྙིག་གི་ཉིལ་སྒྲའི་ཁྲོད། འཚོ་གནས་ལ་ཨ་ཐང་ཆད་པའི་མི་སྣ་གཙོ་བོས། སྲོལ་རྒྱུན་དང་རིག་གཞུང་ལ་འགལ་བ་མ་ཟད། རང་གི་ཕ་རྒན་གྱིས་དགག་བྱ་དང་ངོ་རྒོལ་ལ་མ་འཛེམ་པར། ཁྱི་རྒན་བརྐུས་ནས་རྒྱ་ཁྲོམ་ལ་བཙོང་བར་འགྲོ་སྐབས། སྣང་བརྙན་དེའི་འགལ་ཟླར་ལངས་བའི་”རོལ་དབྱངས་”སྟེ། རྒྱ་སྲང་གི་ཚོང་ཁང་དང་ཟ་ཁང་ཁག་གི་སྒྲ་སྡུད་འཁོར་ལོ་ལས་གྲགས་འོང་བའི་འགྱུར་ཁུག “བྱང་སེམས་དང་སྙིང་རྗེའི་”བདག་ཉིད་དུ་གྱུར་བའི་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་དང་། “དཔའ་བོའི་སྙིང་སྟོབས་”གླུ་རུ་ལེན་པའི་གེ་སེར་སྒྲུང་གི་བཤད་པ་སོགས་ཡིན། བརྙན་དབྱངས་ཁ་གཏད་དུ་ལངས་ཤིང་གོ་ལྡོག་པའི་མཚོན་ཐབས་འདིས། གློག་བརྙན་ལ་ཚོར་ཤུགས་གསོན་པོ་ཞིག་བསྣན་ཡོད།

བརྙན་མདངས་ལ་དཀར་ནག་དང་ཚོན་ཁྲ་སྤྱོད་སྟངས། གཏམ་རྒྱུད་དང་འབྲེལ་ནས་ཁོར་ཡུག་དང་དུས་ཚོད་འདེམས་སྟངས། གཟུགས་བརྙན་དང་རོལ་དབྱངས་མཚམས་སྦྱོར་སྟངས། གློག་བརྙན་རིག་པའི་ཐད་ནས་བཤད་ན། འདི་དག་ཆེས་མ་མཐའི་རྒྱུན་ཤེས་ཙམ་རེད། ཡིན་ཡང་། བོད་ཡིག་ནང་དེ་རིགས་ཀྱི་བརྡ་ཆད་ཀྱང་ད་བར་ཐོན་ཐུབ་མེད།

པདྨ་ཚེ་བརྟན་དང་བསྟན་འཛིན་ཟླ་གསལ། སོན་ཐར་རྒྱལ། བསྟན་འཛིན་བསོད་ནམས་སོགས་གློག་བརྙན་བརྩམས་ཆོས་མང་བའི་འཁྲབ་འཁྲིད་པ་ཚོར་མཚོན་ནའང་། གློག་བརྙན་རིག་པའི་སློབ་སྦྱོང་ནི་སྐད་ཡིག་གཞན་དང་། མི་རིགས་གཞན་པའི་སློབ་གྲྭའི་ནང་སྦྱངས་ཤིང་། ད་དུང་འཁྲབ་ཁྲིད་པ་རེ་འགས། བོད་བརྙན་གྱི་འཁྲབ་གཞུང་ཡང་སྐད་ཡིག་གཞན་པའི་ནང་འབྲི་བཞིན་པར་བསམ་ན། ད་བར་བོད་ཡིག་ནང་བརྙན་དཔྱད་ཚད་ལྡན་ཞིག་ཐོན་མ་ཐུབ་པའམ། གློག་བརྙན་རིག་པའི་རྣམ་དཔྱོད་སྤྱད་པའི་བརྙན་དཔྱད་ཅིག་ཐོན་མ་ཐུབ་པའང་། བཟང་ཕྱོགས་ནས་བཤད་ན་བསམ་ཤེས་ཐུབ་པ་ཞིག་རེད།

གསུམ། བོད་བརྙན་གྱི་འཚོ་གནས་དང་གདོང་ལེན།

དང་པོ་དང་གཉིས་པ། ངས་དེང་གི་གཞོན་སྐྱེས་འཁྲབ་ཁྲིད་པ་འདི་ཚོ། བོད་ཀྱི་གློག་བརྙན་གྱི་མི་རབས་གང་ཞིག་ལ་བགྲང་གི་ཡོད་མེད་མི་ཤེས། ཡིན་ཡང་། ཁོང་ཚོའི་གློག་བརྙན་གྱི་ཁ་ཕྱོགས་དང་སྒྱུ་རྩལ་། ནང་དོན་དང་མཚོན་ཐབས། ལྷག་པར་སྒྱུ་རྩལ་འཚོལ་སྙེག་དང་བརྩམས་ཆོས་གསར་རྩོམ་ལ་བཅངས་པའི་བརྩེ་བ་དང་ཡིད་ཆེས། ངར་ཤུགས་བཅས་ནི། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་ནང་གི་རྒྱ་ནག་གློག་བརྙན་གྱི་མི་རབས་ལྔ་བ་སྟེ། སྐབས་དེའི་རྒྱ་ནག་གི་གཞོན་སྐྱེས་འཁྲབ་ཁྲིད་པ་ཀྲང་ཡེའུ་མོ་(张艺谋)དང་། ཁྲིན་ཁཱེན་ཀིའུ་(陈凯歌)སོགས་དང་འདྲ་ས་མང་། མི་རབས་འདིས་རྒྱ་ནག་གི་གློག་བརྙན་གྱི་ཁ་ཕྱོགས་བསྒྱུར་བ་མ་ཟད། གློག་བརྙན་ལ་ལྟ་སྟངས་དང་འདུ་ཤེས་འཛིན་སྟངས། རིན་ཐང་སྤྲོད་སྟངས་བཅས་ལ་འགྱུར་བ་བཏང་ཞིང་། ཐེངས་དང་པོར། ལོ་རྒྱུས་རང་བཞིན་སྟེ། རྒྱའི་གློག་བརྙན་རྒྱལ་སྤྱིའི་སྡིངས་ཆའི་ཐོག་སླེབས་ཐུབ་པ་བྱས་ཡོད།

“ལོ་སུམ་ཅུ་དང་བཞི་ཅུ་སྟེ། ཁྲོམ་རའི་གློག་བརྙན་གྱི་རྦ་རླབས་མ་ཡོང་བའི་སྔོན་ལ། ང་ཚོས་སེམས་རྣལ་དང་ལྷོད་ལ་བབ་ནས་གློག་བརྙན་ཞིག་མཇུག་རྫོགས་པར་ལྟ་ཐུབ་ཀྱི་ཡོད། འོན་ཀྱང་། དེང་གི་རྒྱ་ནག་གི་ལྟད་མོ་ཚོ་ཧོ་ལེ་ཝོ་ཊིས་(Hollywood) ལས་སླ་བོར་སྟངས་འཛིན་དང་དབང་བསྒྱུར་བྱེད་ཐུབ།”ཀྲང་ཡེའུ་མོས་(张艺谋)ཉེ་ཆར་གྱི་བཅར་འདྲི་ཞིག་གི་ནང་འདི་ལྟར་བཤད་ཡོད། ཡོད་ཚད་ཁྲོམ་ར་ཅན་དུ་འགྱུར་བཞིན་པའམ། ཁྲོམ་རའི་གློག་བརྙན་དར་ཁྱབ་འགྲོ་བཞིན་པའི་སྐབས་འདིར། རྒྱ་ནག་གི་གློག་བརྙན་ལ་འཚོ་གནས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་ཚེ། དར་ཡུན་ཐུང་ཞིང་གྲངས་འབོར་ཉུང་བའི་བོད་བརྙན་གྱི་འཚོ་གནས་ནི། ང་ཚོས་མ་བཤད་ཀྱང་བསམ་ཐུབ་པའི་ཚོད་ཡིན།

གློག་བརྙན་བརྩམས་ཆོས་ནི། ཡིག་རྩོམ་ལྟར་བྲིས་ཚར་རྗེས་རྩོམ་སྒྲིག་ཁང་གང་རུང་ལ་བསྐུར་ན་འགྲིག་འགྲོ་བ་དེ་འདྲ་མིན། མ་དངུལ་ནི་འགག་རྩ་ཆགས་ཡོད། «ཐར་ལོའི»མ་དངུལ་ལ་རྒྱ་སྒོར་ཁྲི་ཉིས་བརྒྱ་ཡས་མས་དང་། «རཱོ་ཡལ་ཁཱ་ཧྥེ»ནི་ཚང་མ་དྭངས་བླངས་ཡིན་སྟབས། མ་དངུལ་འཕོན་ཆེན་པོ་མིན། འོན་ཀྱང་། དུས་ཡུན་ཆུ་ཚོད་གཉིས་ཡོད་པའི་བརྙན་རིང་«ཐར་ལོ»ཉིན་ཉེར་ལྔའི་ནང་ཕབ་སྐྲུན་གྲུབ་ཡོད་པ་དང་། སྒྲིག་སྦྱོར་སོགས་མཇུག་སྐྱོང་ཡང་ཟླ་གཅིག་ནང་ཚར་ཐུབ་ཡོད། དུས་ཡུན་སྐར་མ་བཞི་བཅུ་ལས་མེད་པའི་བརྙན་ཐུང་«རཱོ་ཡལ་ཁཱ་ཧྥེ»ལེགས་གྲུབ་བྱུང་བར་སྔ་ཕྱི་ལོ་ལྔ་འགོར་ཡོད། ཁྲོམ་རའི་གློག་བརྙན་གྱི་དུས་རབས་འདིིར། ང་ཚོས«ཐར་ལོ»དང་«རཱོ་ཡལ་ཁཱ་ཧྥེ»ལྟ་བུའི་”རང་མོས་གློག་བརྙན་”གྱི་འཁྲབ་གཞུང་འཁྱེར་ནས་མ་དངུལ་འཚོལ་དགོས་ཚེ། པདྨ་ཚེ་བརྟན་ནང་བཞིན་རླུང་རྟ་རྒྱུག་མཁན་མང་པོ་མིན་པ་ཤེས་ཐུབ།

༢༠༡༣ལོའི་རྒྱ་ནག་གི་གློག་བརྙན་ཡག་ཤོས་འཚོང་འགྲེམ་ནི། རྒྱ་སྒོར་དུང་ཕྱུར་ཉིས་བརྒྱ་བཅུ་བདུན་ཡིན་ཞིང་། ༢༠༡༢ ལོའི་གློག་བརྙན་དང་བསྡུར་ན། བརྒྱ་ཆའི་ཉི་ཤུ་རྩ་བདུན་འཕར་ཡོད། དེང་རྒྱལ་སྤྱིའི་སྒང་ནས་དགའ་མོས་དང་གདེང་འཇོག་ཐོབ་བཞིན་པའི་བོད་བརྙན་སྟེ། «གཙང་བོ»དང«ཐར་ལོ»ལྟ་བུའི་ཚོང་འགྲེམ་ཡོང་འབབ་ག་ཚོད་ཡིན་ནམ། བོད་བརྙན་དེ་དག་ལ་དགའ་མོས་དང་གདེང་འཇོག་ཐོབ་པ་ལྟར། རྒྱལ་སྤྱིའི་གློག་བརྙན་ཁང་ག་ཚོད་གྱི་སྒོ་འགྲམ་བརྒྱུད་ཐུབ་ཡོད། འཚོ་གནས་ཀྱི་ཐད་ནས་བཤད་ན། འདི་ཚོ་ཡང་དོ་སྣང་དང་སེམས་ཁུར་བྱ་ཡུལ་ཞིག་ཆགས་ཡོད།

མཇུག་བྱང་།

ངས་གསར་དུ་དར་བཞིན་པའི་བོད་ཀྱི་གློག་བརྙན་ལས་རིགས་འདི་ལ་རྨི་ལམ་ཞིག་གཏོང་གི་ཡོད། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་ནང་། བོད་ཀྱི་དེང་རབས་རྩོམ་རིགས་དར་སྟངས་ལྟར། དང་པོ་སྙན་ངག་དང་སྒྲུང་གཏམ་བྲིས། རིམ་པས་དེ་ལ་དཔྱད་བརྗོད་སྤེལ། ཐ་མར་རིང་ལུགས་དང་གཞུང་ལུགས་ཅན་དུ་གྱུར་ནས། དེང་སང་རིག་སྒོ་ཞིག་གི་ངོ་བོའི་ཐོག་འཆད་ཁྲིད་དང་སློབ་སྦྱོང་བྱེད་བཞིན་པ་ལྟར། བོད་ཀྱི་གློག་བརྙན་ལས་རིགས་དང་གློག་བརྙན་རིག་པ་ཡང་། ཁོའི་རང་གི་འབྱུང་འགྱུར་གྱི་ལོ་རྒྱུས་ལ། འདི་ལྟར་ཁ་ཕྱོགས་ཐུབ་པའི་རྨི་ལམ་ཞིག་གཏོང་གི་ཡོད།

—————————————— 

ཞར་བྱུང་། བརྙན་རིགས་ཐ་སྙད་ཤན་སྦྱར། (ཚོད་ལྟ།)

1.Dramatic movie 剧情片 ཟློས་གར་གློག་བརྙན།

2.Theoretical 理论片 བརྗོད་དོན་གློག་བརྙན།

3.Life film 生活片 འཚོ་བའི་གློག་བརྙན།

4.Comedian film 喜剧片 དགོད་བྲོ་གློག་བརྙན།

5.Romance film 爱情片 བརྩེ་དུང་གློག་བརྙན།

6.War movie (film) 战争片 དམག་འཁྲུག་གློག་བརྙན།

7.Documentary film 纪录片 དངོས་བཤུས་གློག་བརྙན།

8.Feature film 故事片 གཏམ་རྒྱུད་གློག་བརྙན།

9.Art film 艺术片 སྒྱུ་རྩལ་གློག་བརྙན།

10.Fantasy 奇幻电影 འཆར་ཡན་གློག་བརྙན།

11.Horror 恐怖片འཇིགས་སྣང་གློག་བརྙན།

12.Action 动作片དྲག་རྩལ་གློག་བརྙན།

13.Adventure 冒险片ཉེན་མཆོང་གློག་བརྙན།

14.Animation 动画片འགུལ་རིས་གློག་བརྙན།

15.Biography 传记片རྣམ་ཐར་གློག་བརྙན།

16.Comedy 喜剧片དགོད་བྲོ་གློག་བརྙན།

17.Crime 犯罪片ཉེས་གསོག་གློག་བརྙན།

18Family 家庭片ཁྱིམ་ཚང་གློག་བརྙན།

History 历史片 ལོ་རྒྱུས་གློག་བརྙན།

19.Musical 音乐剧 རོལ་མོ་གློག་བརྙན།

20.Mystery 解密剧 ལྐོག་གྱུར་གློག་བརྙན།

22.Sci-Fi 科幻 ཚན་རྩལ་རྫུ་འཕྲུལ་གློག་བརྙན།

23.Short 短剧 གློག་བརྙན་ཐུང་བ།

24.Sport 运动 ལུས་རྩལ་གློག་བརྙན།

25.TV mini-series电视系列片མུ་འབྲེལ་སྒྲུང་ཐུང་བརྙན་འཕྲིན།

26.Western 西部片ནུབ་གླིང་གློག་བརྙན།

27.Erotic movie 情色电影 འདོད་སྲེད་གློག་བརྙན།(བརྙན་ཆུང་།)

28.porn movie 色情电影 འཁྲིག་སྤྱོད་གློག་བརྙན། (བརྙན་ཆེན།)


(ཞར་བྱུང་འདི་ཡིག་སྒྱུར་ལ་རོགས་ཕན་གནང་མཁན་གྲོགས་ཆུང་ཚེ་རིང་དང་འཇམ་དབྱངས་དཀར་པོ། མང་རའི་གངས་ཐིགས་བཅས་ལ་བཀའ་དྲིན་ཆེ་ཞུ།)

དཔྱད་མཆན་ཡོད།