«གློག་བརྙན་གྱི་ན་ཚ།»

  གློག་བརྙན་གྱི་ན་ཚ།

  ཟླ་ཚང་དཔལ་མཁར་རྒྱལ།

  མིའི་འཚོ་བ་དང་རྩོལ་བ་གཞི་གཅིག་ཏུ་གྲུབ་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་རིག་གནས་ཀྱི་གོད་ཆག་དང་སྒྱུ་རྩལ་གྱི་ནག་ཉེས། བསམ་བློ་ཡི་ཡམས་ནད། གོམས་སྲོལ་གྱི་གད་སྙིགས།འཚོ་གནས་ཀྱི་དམུ་རྒོད་བྱུང་བ་ནི་རྒྱུན་ལྡན་གྱི་ཚུར་སྣང་ཞིག་ཡིན་མོད། དེ་ལ་བདེན་པ་དང་དཔྱོད་ཤེས་ཀྱི་ལམ་ནས་སྒྲོ་སྐུར་གྱི་རླུང་འཚུབ་འགོག་རྒྱུ་ནི་གནད་ཀྱི་དམ་པ་ཡིན།

  གློག་བརྙན་འཕེལ་བའི་གློག་བརྙན་གྱི་ཐོན་སྐྱེད་དང་ཚོང་ར། གློག་བརྙན་གྱི་བསམ་གཞིགས་དང་འཚོ་གནས། གློག་བརྙན་གྱི་སྐད་ཆ་དང་རིག་པ་ལའང་ནད་ཚ་འགོས་ཀྱིན་པ་དེ་ནི་གློག་བརྙན་བཟོ་སྐྲུན་པ་དང་ཁོར་ཡུག་དེ་ལས་བསྐྱེད་པའི་མིའི་ཤེས་རྟོགས་ལྡོངས་བ་ལ་འབྲེལ་ཡོད། འདིར་གློག་བརྙན་ལས་ནད་ཚ་ཅན་གྱི་གློག་བརྙན་དག་རིགས་དབྱེ་ཕྱེ་ནས་བརྗོད་པ་ལ། ལང་ཚོ་གློག་བརྙན青春片དང་དམངས་ཁྲོད་གློག་བརྙན། 民间片ལས་གཞིའི་གློག་བརྙན། 项目片ཉལ་ཐ་གློག་བརྙན།鸦片电影 སློབ་ཆེན་བརྙན་ཐུང大学短片བཅས་སུ་འདུ་བ་ཡིན།

  གཅིག དེ་ཡང་ལང་ཚོ་གློག་བརྙན་ཞེས་བ་ནི་གློག་བརྙན་གྱི་རིགས་དབྱེ་ཞིག་གི་གོ་དོན་ཡིན་ལ། དེ་ནི་དོན་བརྗོད་ཀྱི་རྣམ་པ་ཞིག་ཡིན་ཞེས༼ལང་ཚོའི་གློག་བརྙན་གྱི་ལག་དེབ༽青春电影手册 ལས་བརྗོད་མོད། ལང་ཚོའི་གློག་བརྙན་གྱི་རང་ངོས་ལ་ནང་དོན་གཉིས་སུ་དབྱེ་བ་ཡིན་ཏེ། འཁྲབ་ཁྲིད་པའི་བརྙན་མིག་ལས་བབས་པའི་བརྗོད་བྱ་ཏག་ཏག་ན་གཞོན་གྱི་འཚོ་བ་དང་ལོ་ཟླའི་བར་གྱི་ངར་ཤུགས་དང་གསོན་ཤུགས་ཀྱིས་ཁེངས་བའི་བརྙན་རིས་སུ་སྣང་བའི་གཏམ་རྒྱུད་ཀྱི་རིགས་སུ་ཡིན་ལ། ཅིག་ཤོས་ནི་འཁྲབ་ཁྲིད་པའི་བརྙན་མིག་ལ་བརྟེན་ནས་འཇིག་རྟེན་བྱ་དངོས་ཀྱི་བདེན་པ་མང་པོ་ལ་སྙིང་སྟོབས་དང་རྣམ་དཔྱོད་ཀྱིས་འཇལ་བའི་བརྙན་རིགས་ལ་ལང་ཚོའི་གློག་བརྙན་དུ་གོ་བ་ལ་འཇུག འོན་ཀྱང་།ན་གཞོན་མང་པོ་ཞིག་གིས་བརྙན་མིག་གི་གཏམ་རྒྱུད་གང་ཞིག་བརྗོད་པར་གློག་བརྙན་རང་ངོས་ཀྱི་ཆོས་ཉིད་དང་འགལ་བ་དང་སྲོལ་རྒྱུན་རིག་གནས་སུ་འཛིན་པའི་བརྙན་རིས་ཀྱི་གཏམ་རྒྱུད་ལ་དགོད་སྒྲུང་གི་ལེའུ་མང་པོ་འཁྲབ་པས། གློག་བརྙན་ལོ་རྒྱུས་སུ་རྫོབ་བརྙན་གྱི་ནག་ཐིགས་བབས་པ་ལྟ་བུ་རེད།

  གཉིས། དམངས་ཁྲོད་གློག་བརྙན་ནི་ཆེད་ལས་མ་ཡིན་པའི་གློག་བརྙན་གྱི་སྡེ་དང་བརྙན་མིག་གི་གོ་བརྡ་དམའ་རིམ་ཅན་གྱི་སྡེ་ནས་བྱུང་བའི་གློག་བརྙན་གྱི་དཔུང་ཁག་ཅིག་ཡིན། འདི་ལའང་སྤང་བླང་གི་སྒྱུ་རྩལ་ཚད་རིམ་དང་ལེགས་ཉེས་ཀྱི་བརྙན་ཚགས་ཟིན་ཐོ་ནི་མཆིས་མོད། མང་པོ་ཞིག་གི་སྣང་ངོར་གློག་བརྙན་ནི་ལས་སླ་མོ་རུ་འཁྲུལ་བའི་གློག་བརྙན་གྱི་དཔུང་འཇུག་དེ་ཉིད་ནད་ཚ་ཅན་གྱི་གློག་བརྙན་དུ་འགྲོ། རྒྱུ་མཚན་གློག་བརྙན་གྱི་མ་མཐའི་བརྙན་མིག་གི་སྐད་བརྡ་དང་བརྙན་ཐབས་ཀྱི་རིག་པ། བརྙན་རིས་ཀྱི་གྲུབ་སྟངས། བརྙན་ཕབ་ཀྱི་ཚད་རིམ། གཏམ་རྒྱུད་ཀྱི་མཚོན་ཐབས། བརྙན་མིག་གི་ཚོན་མདངས། མདོར་ན།གློག་བརྙན་རིག་པ་དང་འབྲེལ་བའི་རྟོགས་པ་དང་ཆེད་ཞིབ་ཞིག་མེད་ཚེ། གློག་བརྙན་གྱི་སྡེ་ནི་ཡིག་རྨོངས་བ་དང་ཆེད་ལས་མ་ཡིན་པ། ཉམས་ཞིབ་མེད་པ་དག་གི་མཐོང་ལམ་ནས་དམངས་ཁྲོད་གློག་བརྙན་གྱི་རང་ངོས་ནས་ནད་ཚ་འབྱུང་སྲིད་པ་ཡིན། གློག་བརྙན་ལ་གསར་རྩོམ་གྱི་བློ་འབྱེད་དང་མཐོང་ཚོར་བསྐྱོམས་སུ་འདྲེན་པའི་བརྙན་རིས་གསར་བའི་གྲུབ་པ་དབེན་པ་དེ་ནི་གློག་བརྙན་རང་ངོས་ནས་ཀྱང་གྱོང་དང་རྒུད་ཀྱི་རྩ་བ་ཡིན།

  གསུམ། ལས་གཞིའི་གློག་བརྙན་ནི་དམིགས་ཚད་གཉིས་ཡོད་དེ། གཅིག་ནི་སྤང་བླང་དང་རྣམ་དཔྱོད་ཀྱི་བརྙན་མིག་གི་ལམ་ནས་གང་ཞིག་སྲུང་འཛིན་དང་ཉར་ཚགས་ཀྱི་ལག་ལེན་བསྟར་བའི་གསེར་གྱི་རི་བོ་བརྩིགས་པ་ཡིན་ལ། ཅིག་ཤོས་ནི་དངུལ་ལོ་ཁོ་ནའི་གྲངས་ཚད་ལ་དམིགས་པའི་གློག་བརྙན་གང་ཞིག་བརྩམས་པའི་ལས་སྦྱོར་ནི་ནད་ཚ་ཅན་གྱི་གློག་བརྙན་གྱི་རིགས་སུ་འདྲེས།རྒྱུ་མཚན་བརྙན་མིག་ལས་སྣང་བའི་བརྙན་རིས་ཀྱི་འགྱུར་བ་རེ་རེ་ནི་ལོ་རྒྱུས་འཁྱོག་བརྗོད་དང་ཆབ་སྲིད་ལག་རྡོ། སྒྱུ་རྩལ་རྩེད་རྡོ། མཛེས་རྟོག་ལོག་འགྲེལ། གོམས་སྲོལ་འགལ་འབྲེལ། ལྟ་སྤྱོད་འཇུག་ལྡོག་གི་ཁེངས་བའི་གློག་བརྙན་བཟོས་པར་གོམས་ལོབས་སུ་གྱུར་བ་དེ་ནི་ལས་གཞིའི་གློག་བརྙན་ལས་བྱུང་བའི་གློག་བརྙན་ནད་ཚ་ཅན་གྱི་ཟུར་ངོས་ཡིན། དོན་གྱིས་ལས་གཞིའི་གློག་བརྙན་ནི་དཔལ་འབྱོར་གྱི་བརྒྱུད་ལམ་གཙོ་བོ་ཞིག་ཡིན་ལ་ཆབ་དཔལ་གྱི་ནད་ཚ་འདྲེས་བའི་གློག་བརྙན་གྱི་རིགས་དབྱེ་དེ་བས་ཀྱང་ཡིན་སྲིད།སྤྱི་ཚོགས་སྒྲིག་གཞི་དང་རིག་གནས་གཏོར་བཅོམ་ལས་བྱུང་བའི་ལྟ་སྤྱོད་ཀྱི་རྣམ་པ་དེ་ལས་གྲུབ་པ་ཡིན།མི་ནི་སྤྱི་ཚོགས་ཀྱི་བསྡུས་གཟུགས་རེ་རེ་ཡིན་ན།བསྡུས་གཟུགས་ཀྱི་སྣང་བརྙན་དེ་ནི་རིག་གནས་དང་གཉུག་གཤིས་ཟུང་ཐབས་དང་བརྟེན་པའི་ཁྱད་གཞི་ཡིན་པས། ལས་གཞི་གང་ཞིག་འཇུག་ན་ནི་ཡུལ་ལུང་དང་ས་ཁུལ། རྒྱལ་ཁོངས་ཀྱི་སྤྱི་འགྲོས་སུ་ཆགས་པའི་རིག་གནས་ཕོ་བྲང་ལ་སྒེར་ལྡུམ་དང་གཏོར་བཅོམ་གྱི་ནད་ཚ་ལས་རིང་དུ་གྱེས་དགོས་བ་ནི་གློག་བརྙན་དང་ཡིག་འབྲི་བའི་འགན་བབས་གཙོ་ཤོས་ཡིན།

  བཞི། ཉལ་ཐ་གློག་བརྙན་ལ་འགྲེལ་སྟངས་གཉིས་སུ་བརྗོད་ཡོད་ཡོད་དེ། གཅིག་ནི་མིའི་ལྟ་སྤྱོད་ངང་མི་ཆོས་གདོན་དུ་བརྫུས་པའི་སྒེར་གཅོད་རིག་པ་ཞིག་ཡིན། གཞན་ཞིག་ནི་ཉལ་ཐའི་དམག་འཁྲུག་གི་བྱུང་བ་དང་ཉལ་ཐའི་ལོ་རྒྱུས་མཚོན་པའི་གློག་བརྙན་ལ་ཟེར། དེ་ཡང་ཨ་རིའི«འཛམ་གླིང་གློག་བརྙན་ལོ་རྒྱུས»ཞེས་པ་ལས་ཉལ་ཐའི་གློག་བརྙན་ནི་ལྟ་མཁན་ཁྲི་སྟོང་ལ་སྤྱི་ཚོགས་ཀྱི་འདུ་ཤེས་རབ་རིབ་དང་དངོས་ཡོད་ཆབ་སྲིད་ཀྱིས་ར་རོར་སྦྲིད་པ། བསམ་བློ་དུག་རྫས་སུ་བསླད་པའི་བརྙན་གཟུགས་ཀྱི་རིགས་ལ་བྱ་ཞེས་གདམས་པ་ནི་གློག་བརྙན་ཆེད་མཁས་བའི་འགྲེལ་ཚུལ་ཞིག་ཡིན། དེ་ནི་གློག་བརྙན་སྤྱིའི་ནག་ཕྱོགས་ཀྱི་ཆ་མ་ཡིན་པར། གློག་བརྙན་བྱེ་བྲག་པའི་རིགས་སུ་གོ་བ་སྟེ། ཉལ་ཐའི་རིག་གནས་དང་ཉལ་ཐའི་སྒྲིག་གཞི། ཉལ་ཐའི་སྒྱུ་རྩལ་དང་སྒྱུ་རྩལ་གྱི་ཞབས་འདེགས་ནི་མིའི་རིགས་ལ་ལྟ་བ་དང་སྤྱོད་ལུགས་ལ་ནི་ཡ་མ་བརླའི་སྣང་བརྙན་ཞིག་བསྐྲུན་པ་མ་ཟད། མི་རེ་རེ་བཞག་པའི་འཚོ་བའི་ཆོས་ཉིད་ལའང་ཉལ་ཐའི་དྲི་དང་ཉལ་ཐའི་དུགཉལ་ཐའི་རྫས་འཐིམས་སུ་འཇུག་ངེས་བས། ཉལ་ཐ་གློག་བརྙན་གྱི་ཆད་ལྟ་ལས་བཞེངས་བའི་སྣང་བརྙན་ནད་ཚ་ཅན་དེ་ཡིན།

  ལྔ། སློབ་ཆེན་བརྙན་ཐུང་ནི་སྣང་བ་དང་ལག་ལེན་དབེན་པའི་དཔུང་ཁག་ཅིག་གི་ས་ལས་རྡོ་ལས་ཀྱི་ཚོད་ལྟའི་རིམ་པ་ཞིག་ཡིན་མོད། དེ་ལས་བརྙན་ཚགས་ཀྱི་རིན་ཐང་ཡག་ཤོས་ཀྱང་འབྱུང་སྲིད་པ་ཡིན། སྤྱི་ཡོངས་ནས་བལྟས་ན། བརྙན་ཐུང་གི་ཚད་དང་འགྲོས་ནི་ཉོག་དྲ་ཅན་དང་རྫོབ་བརྙན་གྱི་རྣམ་པ་ཞིག་ཏུ་ཆགས་འདུག སྤྱིར་ན་བརྙན་ཐུང་ནི་དུས་ཚོད་དང་བར་སྟོང་གིས་ཐག་བཅད་པའི་བརྙན་མིག་གི་འགྱུར་བ་ཐུང་ཤོས་དེ་ཡིན། དེ་ལའང་བརྙན་མིག་གི་ལམ་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་བའི་ཆོས་ཉིད་དང་མི་ཆོས་བརྗོད་བྱར་བཞེངས་ཆོག་པ་ཞིག་ཡིན། འོན་ཀྱང་།ཉེ་བའི་ལོ་ངོ་དུ་མའི་རིང་ལ་བོད་བརྙན་གྱི་ཁྱབ་ཁོངས་སུ་བརྙན་ཐུང་ཉིས་བརྒྱ་ཡས་མས་ཙམ་བྱུང་བ་རེད། དེ་ལས་བརྙན་ཐུང་མང་ཤོས་ནི་སློབ་ཆེན་པའི་འཚོ་བ་དང་དགའ་སྡུག སློབ་ཆེན་པའི་བརྩེ་དུང་དང་ལང་ཚོ། སློབ་ཆེན་པའི་ལོ་ཟླ་དང་མི་གཞི་སོགས་ཀྱི་བརྙན་དང་བརྙན་ཐུང་གི་རྒྱུད་སྐུད་གཅིག་གི་སྟེང་ལ་འཁྲབ་པའི་རྣམ་པ་ཞིག་ཆགས་འདུག་པས། བོད་ཀྱི་སློབ་ཆེན་པའི་བརྙན་ཐུང་ནི་བསྐྱར་འཁྲབ་ཀྱི་ནད་ཚ་འགོས་འདུག དེ་ལས་མང་པོ་ཞིག་ལ་རྫོབ་བརྙན་གྱི་ནད་ཚ་བྱུང་འདུག སྤྱིར་ན་བརྙན་ཐུང་ལས་མིའི་རིགས་ཀྱི་ཀུན་གཞི་དང་སྤྱི་ཆོས་ཀྱི་རིན་ཐང་། མཛེས་རྟོག་གི་གཏན་ཚིགས་དེ་དག་བརྙན་ཐུང་དང་བརྙན་ཐུང་གི་ལག་ཐབས་བརྒལ་བའི་ཆ་མང་པོ་འདུག དཔེར་ན། འཛམ་གླིང་གི་བརྙན་ཐུང་དཔེ་མཚོན་ཅན་ནི«ནག་ཁུང»དང «མི་ཚེ་གཡོག་ལས» ཞེས་པ་ལྟ་བུ་ནི་བརྙན་ཐུང་ལས་གནས་ལུགས་ཀྱི་གཏིང་དང་མི་ཆོས་ཀྱི་རྩ་བ་བརྗོད་པའི་བརྙན་ཚགས་འགངས་ཆེན་ཞིག་ཏུ་གྱུར་ཡོད།

  མདོར་བསྡུས་ན་གློག་བརྙན་ནི་ལོ་རྒྱུས་ཀྱི་དུས་ཡུན་ཐུང་ཞིང་རིག་གསར་གྱི་གཟུགས་འདུས་བརྒྱུད་ལམ་ཞིག་ཡིན་པས། གློག་བརྙན་གང་དང་ཅི་ལ་དང་ཐོག་གློག་བརྙན་གྱི་བློ་སྦྱོང་དང་རྒྱུན་ཤེས། གློག་བརྙན་གྱི་ཆེད་ལས་དང་རྟོགས་པ་མེད་ཚེ། རིག་རིག་མཐོང་མཐོང་དང་བཤད་བཤད་ཐམས་ཅད་གློག་བརྙན་གྱི་འདུ་ཤེས་བཟུང་ན་ནི་གློག་བརྙན་རང་ངོས་ལ་བསམ་བློའི་ནད་ཚ་དང་ལག་རྩལ་གྱི་ནད་ཚ། མཚོན་ཐབས་ཀྱི་ནད་ཚ། བརྗོད་ལུགས་ཀྱི་ནད་ཚ་བྱུང་བ་ཡིན་པས། ནད་ཚ་ཅན་གྱི་གློག་བརྙན་ལ་ལ་གཤགས་བཅོས་བྱེད་དགོས་ཤིང་ལ་ལ་བཀག་སྡོམ་བྱེད་དགོས། ཁ་ཤས་མེད་པར་བཟོ་དགོས་ལ་ཁ་ཤས་རྨེག་མེད་དུ་གཏོང་དགོས། ལ་ལ་གསོག་ཉར་བྱེད་དགོས་བ་མ་ཟད་ལ་ལ་ཚད་རིམ་དགར་ནས་བལྟ་དགོས་བ་ཡིན། དེ་ནི་གློག་བརྙན་ནད་ཚ་ཅན་གྱི་དགོས་བ་དང་སྤང་བྱའི་ཚུལ་ཡིན། ལར་ཡིན་ན་འཛམ་གླིང་གློག་བརྙན་ལ་རིགས་དབྱེ་དགར་བའི་སྒྲིག་གཞི་དང་ཁྲིམས་སྲོལ་བཞག་པ་དེའི་གློག་བརྙན་གྱི་ཚད་རིམ་མི་འདྲ་བ་ལ་ལྟད་མོ་བའི་སེམས་ཁམས་དང་ལོ་ཚད་མི་འདྲ་བ་ལ་གཞིགས་པ་ཡིན། གློག་བརྙན་གྱི་སྤྱི་བསྒྲགས་དང་བཀག་སྡོམ་ལའང་བརྒྱུད་ལམ་གང་ཞིག་གི་ལེགས་སྒྲིག་དང་སྙོམས་ཚད་ཡོད་པ་དེ་ནི་སྤྱིའི་འཇིག་རྟེན་ཆོས་ཉིད་དང་མི་ཆོས་ཀྱི་རྩ་བ་ལ་འབྲེལ་ནས་གློག་བརྙན་གྱི་ནད་ཚ་གཡོལ་ཐབས་ཀྱི་ཆའང་ཡིན་ངེས།སྔོན་ཐོན་རྒྱལ་ཁབ་དང་ས་ཁུལ་ཁག་ཏུ་གློག་བརྙན་ལ་གཞིགས་ནས་ལྟད་མཁན་གྱི་དབྱེ་མཚམས་དང་སྒྱུ་རྩལ་གྱི་ཚད་རིམ་མི་འདྲ་བ་བཞེངས་པ་རེད། དཔེར་ན།ཨ་རིའི་གློག་བརྙན་ལྟར་ན། རྒྱལ་དམངས་ཡོངས་ཀྱིས་བལྟས་མི་ཆོག་པའི་གློག་བརྙན་ཡོད་ལ། དེ་བཞིན།ལོ་ན་བཅུ་བདུན་ལ་མ་སོན་པའི་ལོ་གཞོན་དག་གིས་བལྟས་མི་ཆོག་པ། ཡང་ན་བྱིས་པའི་བལྟས་མི་ཆོག་པའི་གློག་བརྙན་དང་གློག་བརྙན་དགར་སྟངས་འགའ་ཤོས་སུ་དབྱེ་ཡོད།དེ་ནི་གཙོ་བོ་གློག་བརྙན་ནད་ཚ་ཅན་གྱི་འགོག་ཐབས་ཡིན་ལ། གློག་བརྙན་གྱི་བདེན་པ་མཐར་ཐུག་དང་གློག་བརྙན་སེམས་ཁམས་རིག་པའི་དབྱེ་ཞིབ་ལ་གཞིགས་པའི་སྒྲིག་བཀོད་གསར་བ་དང་འབྲེལ་བའི་ས་ལམ་གྱི་གསང་བ་ཡིན།

དཔྱད་མཆན་ཡོད།