ཕོར་བ། The CUP


རིང་ཚད། སྐར་མ། ༩༣
ལོ་དུས། ༡༩༩༩ལོ།
ཕབ་སྐྲུན། འབྲུག་ཡུལ། ཨོ་སི་ཁྲུ་ལི་ཡ།
འཁྲབ་གཞུང་རྩོམ་མཁན། མཁྱེན་བརྩེ་ནོར་བུ།
འཁྲབ་ཁྲིད་པ། མཁྱེན་བརྩེ་ནོར་བུ།
པར་རྒྱག་མཁན། Paul Warren
རོལ་དབྱངས་རྩོམ་མཁན། Phillip Beoxley Douglas Mills
མཐུད་སྒྲིག John Scott
འཁྲབ་སྟོན་པ། འཇམ་དབྱངས་བློ་གྲོས། ཨོ་རྒྱན་སྟོབས་རྒྱལ། གནས་བརྟན་ཕྱོགས་གླང་སོགས། 
       




[ནང་དོན་མདོར་བསྡུས།]

          རྒྱ་གར་བྱང་ཕྱོགས་ཀྱི་རི་ཁུལ་ཞིག་ཏུ་ཡུལ་གྱར་བའི་དགོན་པ་ཞིག་འདུག དགོན་པའི་གྲྭ་བ་གཞོན་ཤས་དག་རྐང་རྩེད་སྤོ་ལོ་རྒྱག་རྒྱུར་ཧ་ཅང་དགའ། ལྷག་པར་དུ་བན་ཆུང་ཨོ་རྒྱན་ནི་རྣམ་རིག་གསལ་ཞིང་བསྟན་བཤིག་ཚ་པོ་ཡིན་པའི་ཁར། རྐང་རྩེད་སྤོ་ལོ་འགྲན་བསྡུར་ལ་ལྟ་རྒྱུ་དང་དེ་དོན་ལབ་གླེང་བྱེད་རྒྱུར་ཤིན་ཏུ་དགའ་བས། ཁོས་རྒྱུན་པར་ཞེན་ཁོག་མཐུན་པའི་གྲོགས་པོ་ཚོ་ཁྲིད་དེ་དགོན་པའི་ཕྱི་རོལ་ཏུ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་བརྙན་འཕྲིན་ལ་ལྟ་རུ་འགྲོ་བ་རེད། ཡིན་ནའང་དགོན་པའི་བཅས་ཁྲིམས་ཧ་ཅང་བཙན་པས་དགེ་བསྐོས་དང་ཁོ་ཚོའི་བར་དུ་འགལ་རྐྱེན་འབྱུང་གི་འདུག རྐང་རྩེད་སྤོ་ལོའི་རྒྱལ་སྤྱིའི་རྟགས་མ་རྩོད་པའི་ཉིན་མོར། ཨོ་རྒྱན་གཙོ་བྱས་པའི་བན་ཆུང་ཚོས་བརྙན་འཕྲིན་ལ་ལྟ་འདོད་ཀྱི་སེམས་འདུན་དགེ་བསྐོས་ལ་ཞུས་པ་དང་། དགེ་བསྐོས་ཀྱིས་ཀྱང་དེ་དོན་ཇི་བཞིན་དུ་དགོན་བདག་བླ་མར་ཞུས།
           མཐའ་མཇུག་དགོན་བདག་བླ་མའི་ཆོག་གནང་ཐོབ་སྟེ་རྒྱལ་སྤྱིའི་རྟགས་མ་རྩོད་པའི་འགྲན་བསྡུར་ལ་ལྟ་ཐུབ་པ་བྱུང་། འགྲན་བསྡུར་ལ་བལྟས་ཚར་རྗེས་དགོན་པའི་ཁོ་ར་ཁོར་ཡུག་ཀུན་ཏུ་སྔར་བཞིན་ལྷིང་འཇགས་ཀྱི་ངང་ལ་ཐོས་བརྩོན་དང་སྒྲུབ་སྦྱོང་གི་རྣམ་པ་ཤར། ༼ རྒྱང་ནང་གི་དུས་དེབ(当代电影)༢༠༠༣ལོའི་དེབ་གསུམ་པ་ལས་དྲངས ༽

 The_Cup_film.jpg

[དཔྱད་ཕྲན།]

            གློག་བརྙན་འདི་ནི་བོད་སྐད་ཀྱི་སྟེང་ནས་ཕབ་སྐྲུན་བྱས་ཤིང་སྐྲུན་མཁན་གཙོ་བོ་དག་བོད་པ་ཡིན་པའི་ཆ་ནས་བོད་ཀྱི་གཏམ་རྒྱུད་གློག་བརྙན་ཐོག་མ་རེད། གློག་བརྙན་འདིར་བྱུང་རིམ་གཙོ་བོར་བྱས་པའི་འགལ་འབྲེལ་ཚ་དྲག་སྟོན་གྱིན་མེད་ལ། མི་སེམས་སློག་པའི་ཁྱད་མཚར་ཅན་གྱི་པར་རིས(画面)བསམ་བཞིན་དུ་འབེབ་སྒྲིག་བྱས་པའང་མེད། ལྷག་པར་དུ་འོད་གཟུགས(光调)ཀྱི་ཆ་ནས་སྔོག་ཆད་ཀྱི་གློག་བརྙན (མི་རིགས་གཞན་གྱིས་ཕབ་སྐྲུན་བྱས་པའི་གློག་བརྙན)ནང་བཞིན་སྣང་མུན(光阴)གྱི་ཁྱད་བསྡུར་ཆེ་བ་དང་དཀར་ནག་གི་དབྱེ་མཚམས་གསལ་བའི་ཉམས་སྣང་དེའང་བསམ་བཞིན་སྟོན་གྱི་མེད། གློག་བརྙན་འདིས་འཚོ་བ་དངོས་ཇི་བཞིན་ཡིན་པ་དེའི་བབ་རྒྱུན་སླར་སྣང(生活流程的再现)བྱས་པས་ལྟ་མཁན་གྱི་མྱོང་རོལ་ལ་གེགས་ཆ་མེད་པས་མི་ཚད་སོ་སོའི་ནང་སེམས་དང་ཐག་ཉེ་བའི་སྣང་བ་སྟེར། གློག་བརྙན་འདིའི་མཛེས་ཆོས་རིན་ཐང་ཡང་དེའི་སྟེང་ནས་མངོན་པ་རེད། མི་སྣའི་གཤིས་ཀ་སྒྲིག་བཀོད་བྱས་པའང་ཧ་ཅང་གསོན་ཉམས་ལྡན་པ་སྟེ། ཨོ་རྒྱན་གྱིས་གཙོས་པའི་བན་ཆུང་ཚོའི་སྟེང་དུ་གཞོན་ནུའི་དུས་ཀྱི་སྐྱིད་སྣང་དང་། ལྷད་མེད། སྐྱེས་སྟོབས། བསྟན་བཤིག་ཚ་པོའི(幽默)ཉམས་སྣང་དེ་ཐོན་ཡོད་ལ། དགེ་བསྐོས་དང་དགོན་བདག་བླ་མའི་སྟེང་ནས་གཟབ་ནན་དང་བབ་བརླིང་གི་ཉམས་དེ་ཐོན་པར་བྱས་འདུག མི་རབས་གཉིས་ཀྱི་བསམ་སྦྱོར་བལྟས་ཚོད་ཀྱིས་ཁ་ཁ་ཡིན་པར་མ་ཟད་དུས་མིན་དུ་འགལ་ཆ་འབྱུང་གི་འདུག་ནའང་གཏན་ནས་རུང་མཐུན་མི་ཡོང་བ་ཞིག་མ་ཡིན་པར། མཐའ་མ་འགྲིག་ཅིང་མཐུན་པའི་ལམ་དུ་བཀོད་པས་ལྟ་མཁན་ཚོའི་མྱོང་རོལ་བསམ་གཞིག་གི་འདོད་འདུན་ཇི་བཞིན་དུ་བསྐངས།

3232.jpg


             གློག་བརྙན་འདིས་མི་རིགས་གཞན་གྱི་ལྟ་ཕྱོགས་ལ་ཐད་ཀར་དུ་རུང་བསྟུན་བྱེད་ཀྱི་མི་འདུག མི་རིགས་གཞན་གྱིས་འུ་ཚོ་བོད་པའི་རིག་གནས“ལྐོག་གྱུར”ཏུ་འཛིན་པ་དེ་བཞིན་དུ་འུ་ཚོ་མང་ཤོས་ཀྱིས་རང་ཉིད་མཚར་མཚར་དུ་རློམ་པ་དང་། མཚར་མཚར་གྱི་ཆ་དེ་འབའ་ཞིག་སྙེག་ཅིང་བརྡབ་ཞོགས་བྱེད། གློག་བརྙན་འདི་ལས་མཐོང་བ་ནི་བོད་ཀྱི་དགོན་པ་དང་བོད་མིའི་སེམས་གཤིས་ཀྱང་ཁྱད་པར་བ་ཞིག་མ་ཡིན་པར་མིའི་རིགས་ཐུན་མོང་ལ་ཡོད་པའི་རང་བཞིན(人的共性)དེ་རེད། གློག་བརྙན་འདི་ཕབ་སྐྲུན་མཁན་གཙོ་བོ་དག་ཆོས་ལུགས་པ་ཡིན་པའི་ཆ་ནས། ཁོ་ཚོས་ཅི་ནུས་ཀྱིས་ཆོས་དང་འཇིག་རྟེན་གཉིས་ཕན་ཚུན་རུང་བསྟུན་ཐུབ་པའི་བརྗོད་དོན་ཞིག་འབུར་དུ་ཐོན་པར་བྱས་འདུག

                                                                                                                                                                                                         ཉི་གཞོན་གྱིས།  ༢༠༠༤.༡༡.༣ལ། 

                                                                    རྩོམ་འདི《ད་ལྟ་བ》འདོན་ཐེངས་དང་པོ་ལས་ཕབ་ཅིང་།  འགོད་ཆོག་མིན་ཐད་རྩོམ་སྒྲིག་པའི་ཆོག་མཆན་ཐོབ་ཡོད།

 

གློག་བརྙན་འདི་ལ་གཟིགས་འདོད་ཚེ་སྦྲེལ་ཐག་འདིར་གནོན་རོགས།  http://v.youku.com/v_show/id_XNDQ2NjkyMDcy.html

དཔྱད་མཆན་ཡོད།