གློག་བརྙན་སྐོར་གྱི་མོལ་མཆིད།

            ཆུང་ཆུང་བྱིས་པའི་དུས་ནས་བཟུང་སྟེ་ད་ལྟ་ལ་ཐུག་གི་བར་དུ་ང་ཚོས་གློག་བརྙན་འདྲ་མི་འདྲ་དང་ཤེས་དང་མ་ཤེས། བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་ངང་སྣ་ཚོགས་ཚོགས་ཤིག་ལ་བལྟས་ཡོད་ལོས་ཆེ། ལྷག་དུ། དགའ་སྐྱོ་ཆགས་སྡང་གི་ཚོར་བ་ཅི་རིགས་སློང་བའི་གློག་བརྙན་འདྲ་མིན་སྣ་ཚོགས་པས་ད་ལྟ་ལ་ཐུག་གི་བར་དུ་ང་ཚོར་མངར་སྐྱུར་ཁ་གསུམ་གྱི་བྲོ་བ་སྣ་མང་ཞིང་སྣེ་འཛོམ་པ་གང་མང་མང་ཞིག་བསམ་པའི་ཡོལ་གོ་རུ་བླུག་མྱོང་ཡོད། དེའི་ཁྲོད་དུ་གཞན་དང་གཞན་གྱིས་འཁྲབ་པའི་གློག་བརྙན་ནི་གང་མང་མང་ཡོད་ཅིང་ཡང་དེའི་ཞར་དང་ཞོར་དུ་ང་ཚོ་རང་ཉིད་ཀྱིས་ཀྱང་མུ་འབྲེལ་བརྙན་འཕྲིན་ཟློས་གར་རེ་འཁྲབ་དང་འཁྲབ་བཞིན་ཡོད་པ་ཡང་སུ་ཞིག་ཐེ་ཚོམ་ཟའམ། དུས་ད་ལྟ། ང་ཚོས་མི་ཚེ་འཚོ་བའི་སྒང་གཤོང་ནས་ཏན་ཏན་སྒྱུ་མའི་གར་ལྟ་བུའི་ཟློས་གར་རབ་དང་རིམ་པ་ཞིག་འཆམ་ནས་ཡོང་སྐབས། རང་ཚོས་རང་གི་འཚོ་བས་སྔོན་ནས་ཁྲིད་ཅིང་གཞན་གྱིས་འཁྲབ་པའི་གློག་བརྙན་གྱིས་རྗེས་ནས་དེད་དེ་གཅིག་ངོ་གཅིག་ལ་འཕྲོད་ནས་ཡོང་བའི་སྐབས་ཐོག་དེར་ང་ཚོས་མི་ཚེ་ནི་གློག་བརྙན་ཞིག་མིན་ཞེས་སུས་བཤད་ཐག་ཆོད་དམ།

                     QQ图片2_副本.jpg

          གང་ལྟར། ང་ཚོས་གློག་བརྙན་ཞེས་པ་འདི་ངོ་ཤེས་པ་ནས་བཟུང་། འདིས་ང་ཚོ་དགའ་རུ་བཅུག་མྱོང་ལ་ཁྲོ་རུ་བཅུག་མྱོང་། ཆགས་སུ་བཅུག་མྱོང་ལ་སྡང་དུ་བཅུག་མྱོང་། ཁུ་སིམ་མེར་འདུག་ཏུ་བཅུག་མྱོང་ལ་ཨག་སྐད་བར་མེད་འབྱིན་དུ་བཅུག་མྱོང་། ཡང་མནོ་བསམ་བར་མེད་གཏོང་དུ་བཅུག་མྱོང་ལ་དགོས་དབང་གིས་མིག་ཆུ་ཤམ་ཤུམ་གཏོང་དུ་བཅུག་མྱོང་། དེར་མ་ཟད་ང་ཚོར་སྨྲ་བསམ་བརྗོད་འདས་ཀྱི་སེམས་ཚོར་ཡང་གང་མང་མང་བྱིན་ཡོད་དེ།

          མདོར་ན། གློག་བརྙན་ཞེས་པ་འདིས་ང་ཚོར་དཔང་དང་གདེང་། བློ་དང་སྟོབས། ཐབས་དང་ནུས་པ་ཅི་རིགས་བསྩལ་ཡོད་ཤག་ཤག་ཡིན་པས། རང་ཚོའི་སེམས་ཁོང་གི་བརྗེད་ཐབས་མེད་པའི་གློག་བརྙན་རེ་གླེང་ནས་དེས་ཁྱེད་ལ་བསྐྱེད་པའི་སེམས་ཚོར་ཞིག་ཤོད་དང་། གློག་བརྙན་ནང་གི་མི་སྣ་རེ་འགའ་ནི་ཁྱོད་ཀྱི་འཚོ་བའི་བསྡུས་གཟུགས་ཡིན་སྲིད་ཅིང་ཡང་རེ་འགའ་ནི་ཁོ་ཡི་གྲིབ་གཟུགས་ལྟ་བུའི་མི་ཚེ་ཡིན་ཀྱང་སྲིད།

 

དཔྱད་མཆན་ཡོད།