གློག་བརྙན་ངོ་སྤྲོད། ༢ ༼ དུས་མཐའི་སྙན་ངག་ཚོགས་པ ༽

                         63stijbv.JPG

           ད་རེབ་ཁྱེད་ཅག་ལ་ངོ་སྤྲོད་པར་འདོད་པའི་གློག་བརྙན་གཉིས་པ་ནི༼ དུས་མཐའི་སྙན་ངག་ཚོགས་པ ༽ཞེས་པ་འདི་ཡིན་ཏེ། འདི་ནི་སྲོལ་རྒྱུན་སློབ་གསོ་ལས་བསྐྱེད་པའི་ནག་ཉེས་དང་གོ་འཛོལ་བརྗོད་པ་བརྒྱུད། སྤྱི་པ་དང་མི་སྒེར་གང་ཡིན་རུང་སློབ་གསོའི་ལས་དོན་སྟེང་ནས་མི་བུ་རང་ཚུགས་ཅན་དང་ཕུགས་བསམ་ཅན་དུ་གཞོལ་རྒྱུའི་སྐོར་བརྗོད་པའི་གྲགས་བརྙན་ཞིག་ཡིན།p456527868.jpg                       
           ཨོ། དེད་དཔོན། ང་ཡི་དེད་དཔོན།

             དེ་ཡང་སྲོལ་རྒྱུན་དང་གཟི་བརྗིད། སྒྲིག་ལམ་དང་ཕུལ་བྱུང་བཅས་བཞི་པོ་འདི་ཝེར་ཏུན་སློབ་གྲྭའི་གདུང་འདེགས་ཀྱི་ཀ་ཆེན་བཞི་རུ་རློམ་ཞིང་། སློབ་གྲྭས་ལུགས་དང་སྲོལ་ཡོད་ཚད་གཙུག་ཏུ་བཀུར་བཞིན་ཡོད་པས་མི་ཚད། སློབ་གསོ་འདི་ལས་བསྐྱེད་པའི་སློབ་མ་རེ་རེ་གུ་དོག་གི་སྦུབས་སུ་ཚུད་ཅིང་འཆིང་བའི་ཐག་པ་རིང་མོས་ཡོངས་སུ་བཅིང་ནས་བཀྱིག་ཅིང་བསྡམས་ཡོད་ལ། ཁོ་ཚོས་བསམ་མི་ཕོད། བཤད་མི་བྲ། བསྒྲུབ་མི་བཏུབ། ཡོད་ཚད་པོ་གཡུང་མོ་ལུག་ཇི་བཞིན་གུས་གུས་དང་ཞུམ་ཞུམ་བྱེད་རྒྱུ་མ་གཏོགས། སུ་དང་གང་ལའང་འགལ་བའི་བློ་དང་དམིགས་པའི་མདའ། བདེན་པའི་ཁ། གཏོར་བཤིག་དང་ངོ་ལོག་གི་སྙིང་སྟོབས་མེད་པ་ཞིག་ཏུ་ཆགས་བསྡད་ཡོད། འོན་ཀྱང་། ཏག་ཏག་སྐབས་འདི་འདྲ་ཞིག་ལ། John Keating ཟེར་བའི་དགེ་རྒན་གསར་བ་ཞིག་སླེབས་བྱུང་།

            ཁོ་སླེབས་པའི་ཉིན་དེ་ནས་བཟུང་། ཁོས་རང་ལ་སློབ་མ་ཚོས། ཨོ། དེད་དཔོན། ང་ཡི་དེད་དཔོན་ཞེས་འབོད་དགོས་པའི་རེ་བ་བཏོན།

            སྡོམ་ཚང་ལྟ་བུ་དང་དྲ་རྒྱ་ལྟ་བུའི་སྣ་མང་སྣེ་འཛིང་གི་སྲོལ་རྒྱུན་གྱི་རྔམས་ཁ་མཐུག་ས་འདི་ནས། སྤྱིར་གཟབ་ནན་དང་སྒམ་མདོག་སྟོན་དགོས་པའི་སློབ་ཁྲིད་ཀྱི་ཐོག་ནས་ཀྱང་ཁོས་སྣ་གླུ་དང་ཤུ་གླུ་ཐན་ཐུན་རེས་སློབ་མའི་མཚར་འཛིན་གྱི་བློ་སྣ་བྲོད་པར་བག་མི་ཚ་ཞིང་། ང་ཚོས་ཚད་ལྡན་དང་ཁུངས་ཐུབ་ཀྱི་དཔེ་རུ་རློམ་པའི་སློབ་དེབ་དེའང་ཁོའི་མཐོང་ལམ་དུ་གསོབ་གཟུགས་ལྟ་བུ་དང་བེམ་པོ་ལྟ་བུ་རུ་གྱུར་ཡོད་པས་གཤགས་ནས་གད་སྙིགས་ཏུ་འཕེན་པར་ཐེ་མི་ཚོམ། ད་དུང་རང་སོ་སོར་ཟུར་དང་ངོས་གང་རུང་ནས་བསམ་གཞིག་སྣ་ཚོགས་གཏོང་ཆེད་དུ་སློབ་མ་མི་རེ་ངོ་རེ་བྱས་ཏེ་ཁྲིད་སྟེགས་སྟེང་འགྲེང་དུ་འཇུག་པར་ཡ་མི་ང་ལ། ཁོས་སློབ་མ་ཚོའི་གཡུང་དུ་མ་ཕབ་པར་རྒོད་ལ་ཤོར་ཞིང་ལྕགས་སྒྲོག་ཏུ་མ་ཚུད་པར་རང་དབང་ངང་ཡན་པར་རྒྱུ་བའི་གཉུག་གཤིས་སྒོར་འབུད་པར་བརྩོན་ཞིང་། ཅི་ཞིག་ལ་སྐོམ་དད་ཆེ་ཞིང་གང་ཞིག་ལ་འགྲམ་ཆུ་ལྡང་གིན་པའི་སེམས་བྱུང་རྨ་མེད་པ་དེ་ལ་མངོན་པར་ཕྱོགས་ཏུ་འཇུག མ་ཟད། རང་ལ་རང་ཉིད་ཀྱི་འགྲོ་ལུགས་འདུག་སྟངས་ཕན་ཆད་ཀྱི་བསམ་བློ་མངའ་ཆེད་གོམ་པའི་འདེགས་འཇོག་སྟེང་ནས་རང་རང་གི་འགྱུར་ཁུགས་རྗོགས་ཏུ་བཅུག་ཅིང་། ལྷག་ཏུ། ཁོས་ཚེ་སྲོག་ལ་སྒྲ་དང་དབྱངས་ཀྱི་མཆོད་པ་འཕེན་པར་སྐུལ་ཞིང་ལང་ཚོ་ཡིས་ཕྱུག་ཅིང་བདེན་དགེ་མཛེས་གསུམ་འཚོལ་སྙེག་བྱེད་དགོས་ཚུལ་བརྗོད་པ་སོགས།

            མཐའ་དག  སློབ་མའི་མཚར་འཛིན་གྱི་བློ་དང་སྤོབས་པ། དཔའ་གདེང་ལང་ཚོ། དགའ་མོས་དང་ཕུགས་བསམ་སྐྱེད་སྲིང་བྱེད་པར་བསྐུལ་བས། སྣོད་རུང་གི་སློབ་མ་ཚོས་ཀྱང་ཨོ། དེད་དཔོན། ང་ཡི་དེད་དཔོན་ཞེས་འབོད་དགོས་བྱུང་།

p456530129.jpg

དེ་ལ་བརྟེན་ནས་རིང་མིན་སྐྱོ་གར་ཞིག་ཀྱང་འཁྲབ་བྱུང་མོད།  དགེ་བའི་བཤེས་གཉེན་ཁོང་ཁྲིད་སྟེགས་དང་ཁ་འབྲལ་སྐབས། དེའང་མིན་སྟེ།  རང་ཉིད་ཀྱིས་དཀའ་ལས་མང་པོ་བརྒྱབ་ནས་བསྐྱེད་བསྲིང་བྱས་ཡོད་པའི་སློབ་མ་དེ་ཚོ་དང་འབྲལ་དགོས་ཐུག་སྐབས།  ཁོས་ཤུ་གླུ་ཐན་ཐུན་ཞིག་དབྱངས་ལ་འགུག་ཞོར་ཐབས་ཟད་འུ་ཐུག་གི་འཛུམ་ཞིག་སྟོན་པ་ལས་འོས་མེད་མོད། སྐབས་ཐོག་དེར།  རང་གི་བྱས་ཉེས་ལ་འགྱོད་བཤགས་དང་བཀའ་དྲིན་སྙིང་བཅང་གི་རྟོགས་ཟད་པ་དེ་ཚོ་ གཅིག་རེ་གཅིག་རེ་བཞིན་མདུན་ཅོག་སྟེང་མཐོན་པར་འགྲེང་ནས་རྙིང་རུལ་བ་ལ་རྒོལ་ ལན་སྤྲོད་པའི་དུས་མཚུངས་སུ་རང་དབང་ཕྱོགས་ལ་གུས་འདུད་བྱས་བྱུང་།

སྐད་ཅིག་མ་དེར། ཁྱོད་ཀྱི་ཡིད་སེམས་དྲག་ཏུ་གཡོས་ནས་སེམས་ཁོང་རུས་པའི་སྟེང་ནས་བྲེང་ངེ་དུང་ངེ་ཡི་བརྩེ་གདུང་ཞིག་ནང་སེམས་ཏུ་འཁྱིལ་བའི་མོད་ལ་རང་གི་འགྲམ་པའི་མཁུར་ཚོས་ངོས་སུ་མིག་ཆུའི་དོ་ཤལ་ཕྲེང་ཐག་བཞིན་ཆད་ཀྱིན་པ་ག་ལེར་ཚོར་ངེས།

                ཨོ།  དེད་དཔོན། ང་ཡི་དེད་དཔོན།

     གློག་བརྙན་འདི་དྲ་ཚིགས་འདི་ནས་གཟིགས་ཐུབ།

       http://www.funshion.com/subject/3690

 

དཔྱད་མཆན་ཡོད།