གློག་བརྙན་ཞིག་གི་མྱོང་བ།


    15465270_499542.jpg15465270_499542.jpg

    མེ་ཁི་ཡེན་麦奎因གྱི་《བྲན་ཁོལ་གྱི་མི་ལོ་བཅུ་གཉིས་》ནི་དུས་རྒྱུན་ལྟ་འདོད་ཀྱང་ལྟ་མ་ཐུབ་པར་ལུས་པའི་གློག་བརྙན་ཞིག་ཡིན།དེའི་ནང་རང་དབང་གི་མི་ནག་ཅིག་ལ་མི་དཀར་གཉིས་ཀྱིས་མགོ་བསྐོར་བཏང་ཏེ་བྲན་གཡོག་ཏུ་བཙོང་བ་ཞིག་འཁྲབ་ཡོད།

    དེ་རིང་ཐེངས་གཅིག་བལྟས་པ་ཡིན།བལྟས་ཚར་རྗེས་ལོ་རྒྱུས་ཀྱི་མུན་ནག་ཟེར་བ་ཞིག་ཡོད་སྲིད་ན་འདི་ལོས་ཡིན་སྙམ་བྱུང་། མི་ནག་བྲན་གཡོག་གི་ལས་དབང་བརྗོད་གཞིར་བཟུང་བའི་གློག་བརྙན་དང་བརྩམས་ཆོས་རེ་འགར་མཇལ་མྱོང་མོད།དེ་དག་ལས་ཆེས་འདང་རྒྱག་རིན་ཡོད་པ་ནི་གློག་བརྙན་འདི་ཁོ་ན་ཡིན་ཞེས་ལབ་ན་ཐལ་དྲགས་མོད།འོན་ཀྱང་གློག་བརྙན་འདིར་བལྟས་རྗེས་སེམས་ལ་འཆར་རྒྱུ་མང་པོ་ཞིག་འདུག

    གློག་བརྙན་འདིར་བལྟས་ཚར་རྗེས།ངས་སྔོན་ཆད་བལྟས་མྱོང་བའི་ཁོན་ཐེན་གྱི་《ཅང་ཀི་》姜戈ཞེས་པའི་གློག་བརྙན་དེའང་ཡིད་ལ་དབང་མེད་དྲན་ཡོང་།ཅང་ཀི་ཡི་སྨད་གྱི་ཆ་རུ་མི་ནག་དེའི་རྟའི་མགོའི་སྲབ་བླངས་ཏེ་བཞོན་རྗེས་བོའུ་ཕྲག་པར་གཟར་ནས་རང་གི་དགའ་མ་སྐྱོབ་ཏུ་བང་གིས་རྒྱུགས་པའི་བློ་ཐག་ཆོད་པའི་དཔའ་བའི་ཉམས་དེ་ད་དུང་ཡིད་ལ་ཤར་ཡོང་།བྲན་ཁོལ་གྱི་མི་ལོ་བཅུ་གཉིས་ཡི་ནང་གི་མི་སྣ་གཙོ་བོ་སོ་ལོ་མོང་ཟེར་བ་དེའི་ལས་དབང་གི་འགྱུར་བ་གཏམ་རྒྱུད་ཀྱི་བྱུང་བ་རུ་བྱས་ཡོད།མགོ་ནས་བལྟས་མ་ཐག་གློག་བརྙན་དེའི་མཇུག་ཅི་ལྟར་བསྡུ་བ་ཕལ་ཆེར་ཚོད་དཔག་བྱེད་ཐུབ་ཞིག་རེད།འཁྲབ་སྟོན་པ་གཙོ་བོ་ནི་མི་དཀར་གྱི་དབང་འོག་ཏུ་རནམ་པ་ཀུན་ཏུ་ལུས་པོ་རྔུལ་ཆུས་བརླན་ཞིང་།ཨ་ཐང་ཆད་ལ་བློ་ཕམ་པ།ཡིད་ཆད་ཀྱིས་གཏིང་ནས་མནར་བ་ཞིག་ཡིན་ནའང་སེམས་ཀྱི་གཏིང་རིམ་ན་རང་ཉིད་གཞན་དབང་ལས་ཐར་བར་བྱས་ཏེ་རང་དབང་གི་འཚོ་བ་ཞིག་རོལ་བའི་གཏན་གྱི་འདུན་མ་དེ་ཁོའི་སྙིང་གི་འཕར་ལྡིང་ལ་དམ་དུ་འཁྱུད་ཡོད།

    གློག་བརྙན་འདི་མགོ་ནས་མཇུག་བར་ཧ་ལས་བའི་མཐོ་རླབས་དང་འགལ་བ་འཛའ་དྲག་གིས་བཅིངས་པ་ཞིག་མིན་པར་དལ་བའམ་ཡུན་གྱིས་བཞུར་ནས་ཚར་འགྲོ་བ་ཞིག་ཡིན་ནའང་།ང་རང་ལྟ་མཁན་གྱི་ངོས་ནས་སོ་ལོ་མོང་གི་སྡུག་བསྔལ་དེ་ཡིད་བསྐྱོམས་བྱེད་གཙོ་བོ་མིན་པར།སོ་ལོ་མོང་གི་མདུན་ནས་མནར་གཅོད་དང་དམར་གསོད།བཙན་གཡེམ་ཐེབས་པའི་མི་ནག་བྲན་གཡོག་པ་གཞན་དག་གི་ཡིད་སྐྱོ་བའི་ཚེ་སྲོག་གི་ཕམ་ཉེས་དེས་ངའི་སེམས་རླབས་ལྟར་གཡོ་རུ་བཅུག་ཅིང་།སེམས་ཀྱི་འཕྱོ་འཇགས་གློག་བརྙན་འདིའི་རྒྱུན་དང་འགྲོགས་ནས་བསྐྱར་ཟློས་དང་རེས་མོས་ཀྱིས་སླེབས་ཡོང་།

 

2558133.jpg

    སོ་ལོ་མོང་ཡང་ལྟ་མཁན་བདག་དང་འདྲ་བར།དབང་ཐང་དང་ངོ་སོ་ཡོད་འདོད་པའི་མི་དཀར་དག་གིས་མི་ནག་བྲན་གཡོག་པར་ཚད་མེད་པའི་ཉེས་བཅོས་བྱེད་པའི་མི་གཤིས་བྲལ་བའི་འཁྲབ་སྟོན་ལ་ཟུར་ནས་ལྟ་མཁན་ཞིག་ཡིན་མོད།ངེད་གཉིས་ཀྱི་མི་འདྲ་ས་ནི་སོ་ལོ་མོང་གློག་བརྙན་གྱི་ནང་དུ་ཡོད་པ་དང་།ང་གློག་བརྙན་གྱི་ཕྱི་ན་ཡོད།

    སྐབས་ལན་རེར་གློག་བརྙན་འདིས་ང་ལ་བྲན་གཤིས་ནི་གང་ནས་བྱུང་བ་རེད་ཅེས་དྲི་བ་ཞིག་བཏོན་པའི་སྣང་བ་སྟེར།ཡང་ལན་རེར་རང་དབང་ནི་ཅི་ལྟར་བརྩོན་ལེན་བྱེད་དགོས་ཟེར་བ་འདྲ།བར་སྐབས་ཤིག་ལ་སོ་ལོ་མོང་གིས་བྲན་ཁོལ་བ་གཞན་ཞིག་ལ་ང་རང་གསོན་པ་ཙམ་གྱིས་མི་ཆོག་པར་ངེས་པར་དུ་འཚོ་བ་རོལ་དགོས་ཟེར།སྐད་ཆ་འདི་ཡང་གློག་བརྙན་སྤྱིའི་བཤད་འདོད་པ་ཞིག་ཀྱང་ཡིན་སྙམ།

    ཆེས་མཇུག་ཏུ་སོ་ལོ་མོང་རང་ཁྱིམ་དུ་སླེབས་དུས་གཟའ་ཟླ་དང་བུ་ཕྲུག་གི་མདུན་དུ་ངག་ནས་ཤོར་བའི་སྐད་ཆ་ཐོག་མ་ནི་“དགོངས་དག་ཞུ་”ཞེས་པ་དེ་རེད།ཚིག་དེ་མེ་ལོང་དང་འདྲ།མེ་ལོང་དེའི་ནང་ན་ནམ་མཁའ་ཕྲག་པས་བཏེགས་པའི་སྐྱེས་པ་ཞིག་ཡོད།སྐྱེས་པ་ཞིག་ལ་མཚོན་ན་རང་གི་ཆུང་མ་དང་བུ་ཕྲུག་གི་འཚོ་ཚིས་ལ་ཁག་ཐེག་བྱེད་པ་དང་ཁྱིམ་ཚང་གི་འཚོ་བ་དེ་རྩིས་ཐང་ཡོད་པའི་ངང་གཉོར་རྒྱུ་ནི་གཞན་གྱིས་མ་བཅོལ་བའི་རང་འགན་ཞིག་ཡིན་པ་གསལ་བོར་ཤེས་ནའང་དེ་ཚུལ་བཞིན་མ་འཁྱོངས་ན་ད་གཟོད་ངག་ནས་དགོངས་དག་ཞུ་ཞེས་པའི་ཚིག་དེ་རང་དབང་མེད་པར་འཆོར་ངེས།

    གློག་བརྙན་འདིའི་བརྗོད་དོན་གྱི་ཆ་ལ་འདི་ལྟར་བལྟས་ཀྱང་ཆོག་མོད།གློག་བརྙན་འདིའི་མགོ་མཇུག་བར་གསུམ་ནས་མི་གཤིས་ཀྱི་གཞོབ་དྲི་ཞིག་འཐུལ་བ་དེར་དཔྱོད་ཤེས་ཀྱི་མིག་གིས་བལྟས་ཚེ་ཐམས་ཅད་ལམ་ལུགས་ཤིག་ལས་བྱུང་བ་ཡིན་ཞིང་།ལམ་ལུགས་དེ་བཟོ་མཁན་ནི་མིའི་རིགས་རང་ཉིད་ཡིན་པའི་སྣང་བ་བཅོས་མིན་ཞིག་སྟེར་ཐུབ།

    གློག་བརྙན་ཞིག་ལ་མྱོང་རོལ་བྱེད་སྟངས་སྣ་ཚོགས་ཡོད་དེ།སྒྲ་དང་བརྙན་གྱི་རིག་པའང་གློག་བརྙན་གྱི་ཡག་བཙོག་འཇལ་བྱེད་གཙོ་བོ་ཞིག་ཏུ་གྱུར་ཡོད་མོད།ངས་འདིའི་བརྗོད་དོན་གྱི་ཆ་ནས་སྒེར་གྱི་མྱོང་བ་ཙམ་མ་གཏོགས་གླེང་ཐུབ་མེད།

2015.1.19

20140306212638_d5rjx.thumb.600_0.jpeg 


 

དཔྱད་མཆན་ཡོད།