རྫོང་སར་ཚང་གིས་ངོ་སྤྲད་པའི་གློག་བརྙན་བཞི།

2015-07-13_194210.jpg

ང་ཚོས་བྱམས་དང་སྙིང་རྗེ་གླེང་སྐབས།  ང་ཚོའི་སྣང་ངོར་ཕལ་ཆེར་ཅུང་བག་ཕེབས་དང་ཞི་བའི་རྣམ་པ་ཞིག་འཆར་ངེས། དེ་ཡང་དེ་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྱན་རས་དང་དགོད་འཛུམ་ལ་ཆ་འདྲ་བོ་ཡོད། སྔོན་ཆད་ངས་ཨ་རི་ནས་གློག་བརྙན་བཟོ་སྐབས། མི་ལ་ལས་ང་ལ་རང་ཆེས་དགའ་སའི་གློག་བརྙན་དེ་གང་ཡིན་ཟེར་མྱོང་།  སྐབས་དེར་ངས༼ མི་གསོད་རྒྱུར་དགའ་བའི་སྨྱོན་པ  ༽《天生杀人狂》(Natural Born Killers)ཡིན་ཞེས་བཤད་མྱོང་ཡོད། དེ་ནི་ངས་རྙོག་དྲ་བཟོ་བ་དང་ཀུ་རེ་རྩེ་བ་གཏན་མ་ཡིན་ཏེ། གློག་བརྙན་འདི་ནི་ད་ལྟའི་བར་དུའང་ང་རང་ཆེས་དགའ་སའི་གློག་བརྙན་གྱི་གྲས་གཅིག་ཡིན། གལ་ཏེ་ཁྱེད་ཀྱིས་བརྙན་འདིར་བལྟས་པ་ཡིན་ན་དོན་དངོས་སུ་བརྙན་འདི་ཧ་ཅང་ཞེ་གནག་གདུག་རྩུབ་ཆེ་བའི་རིགས་དེ་ཡིན་པ་ཤེས་ཡོང་། འོན་ཀྱང་། ཁྱོད་ཀྱིས་ལྟོས་དང་། ཁྱོད་རང་དགོན་པའི་ནང་འདུག་ཡུན་རིང་བ་དང་ཆབས་ཅིག རྒྱུན་དུ་ཞི་བའི་ཉམས་དང་ལྡན་པའི་འཕགས་པ་སྤྱན་རས་གཟིགས་དང་གྲྭ་བ་དེ་ཚོར་མང་པོར་འགྲོགས་ཡོང་དུས། ཁྱོད་ཀྱིས་རིམ་བཞིན་རང་ཉིད་ཀྱི་དྲག་ཤུལ་དང་རྩུབ་སྤྱོད། ཁོང་ཁྲོ་དང་འདོད་སྲེད་ལ་སོགས་པའི་གཤིས་ངན་དེ་ཡོངས་སུ་བརྗེད་འགྲོ་ངེས། ང་རང་ཉིད་ལ་མཚོན་ནས་བཤད་ན། གློག་བརྙན་འདིས་ང་ལ་ང་རང་སྐྱེས་མ་ཐག་པ་ནས་མི་ཚེ་གང་བོར་ནང་བའི་རྗེས་འཇུག་པ་ཞིག་ཡིན་ནའང་དེས་ང་ལ་ཚད་བཀག་ངེས་ཅན་ཞིག་ཐེབས་ཡོད་དེ། གལ་ཏེ་ང་ལ་ཕྱི་རོལ་ཡུལ་གྱི་མི་མངོན་པའི་སྟོབས་ཤུགས་མང་པོ་ཞིག་འཛོམས་པ་ཡིན་ན་ང་ཡང་གློག་བརྙན་དེའི་ནང་གི་འཁྲབ་སྟོན་པ་དེ་ལྟ་བུའི་གདུག་རྩུབ་ཅན་ཞིག་ཏུ་གྱུར་ནའང་ཆོག་པ་དེའོ།།

          དེ་བས་ང་ཚོས་གཞན་ཚོར་བྱམས་དང་བརྩེ་བས་མི་སྐྱོང་བའི་མི་ཚད་རང་ལ་ཡང་དེ་ལྟར་བྱེད་ཀིན་མེད། མིའི་རིགས་སུ་གྱུར་བའི་ང་ཚོས་ནམ་ཡིན་ཡང་གཞན་ཞིག་ལ་བརྟེན་ནས་རང་ངོ་ཟིན་ཐབས་བྱེད་བཞིན་ཡོད་ཅིང་། ང་ཚོར་ནམ་ཡང་རང་ངོ་ཟིན་ཞིང་ཚེ་སྲོག་ཉམས་སུ་མྱོང་བའི་རེ་འདུན་ཅིག་ཅིས་ཀྱང་ཡོད་ལ་དེའང་མི་མང་ཤོས་ཤིག་གིས་རང་ལ་མནར་གཅོད་བྱེད་པ་དང་ཕྱི་ཡི་ཟུག་གཟེར་གང་རུང་ལ་བརྟེན་གྱིན་ཡོད།          

       2015-07-13_193644.jpg  

         ངས་ཁྱོད་ཚོར་མཚམས་སྦྱོར་ན་འདོད་པའི་གློག་བརྙན་གཞན་ཞིག་ནི་      <<越战猎人>>(Deer Hunter)༼ ཤྭ་བ་རྔོན་མཁན ༽ཞེས་པ་དེ་ཡིན། ངས་བསམ་ན་རོ་པོ་ཐྲི ་   ཏེ་ནེ་རོ་ནི་བརྙན་འདིའི་འཁྲབ་སྟོན་པ་ཡིན་ངེས། ཁྱོད་ཚོའི་ནང་གི་མི་མང་པོ་ཞིག་གིས་བརྙན་འདིར་བལྟས་ཟིན་པར་ང་ལ་ཡིད་ཆེས་ཡོད། དོན་ངོ་མར་བརྙན་འདིས་ང་རང་ཉིན་ཁ་ཤས་ཞིག་གི་རིང་ལ་ཡི་མུག་པར་བཏང་། མཚམས་ལན་རེར་ངས་བརྙན་འདི་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་ཡིད་སེམས་བློང་བློང་བོར་གྱུར་འགྲོ ཨུ་རུ་སུའི་འཁོར་སྟེགས་སྟེང་ནས་རྒྱན་སྐུགས་བཞིན་པའི་པར་མིག་དེར་ངས་འདི་ལྟར་བསམ་བློ་བཏང་པ་ཡིན། མི་དེས་ཕལ་ཆེར་རང་སྲོད་གཅད་ན་འདོད་ཀིན་འདུག འོན་ཀྱང་བསླུ་བྲིད་དེའམ་དེ་ལ་ཞེན་པའི་འདོད་སྲེད་དེར་ཅི་འདྲའི་སྟོབས་དང་ཤུགས་ལྡན་པ་ལ་ཨང་། ངས་རང་ཉིད་ཧ་ཅང་སླ་མོ་སླ་མོའི་ངང་དེའི་དབྱིངས་སུ་འཐིམ་འགྲོ་བ་དེ་ཤེས་ཀིན་འདུག ཁྱོད་ཀྱིས་མེ་མདའ་རང་ལ་གཏད་ནས་སྐམ་པ་མནོན་པའི་སྐད་ཅིག་མ་དེར། མེ་མདའི་ཁོག་ན་མདའ་མེད་པ་ཤེས་རྗེས། དེ་མ་ཐག་ཁྱོད་རང་གསོན་ནས་ཡོད་པའི་ཚོར་འདུ་དྲག་པོ་ཞིག་སྐྱེས་ངེས། དོན་དམ་པར། ང་ཚོས་གནའ་བོའི་ལམ་སྟོན་དག་བརྗེད་ནས་ཡོད་དེ་དཔེར་ན་སངས་རྒྱས་ཆོས་ལུགས་ཀྱིས་ང་ཚོར་ཨུ་རུ་སུའི་འཁོར་སྟེགས་སྟེང་ནས་རྒྱན་སྐུགས་པ་ལས་དོན་ལ་ཇ་ཚ་མོ་ཕོར་བ་གང་བཏུང་བ་ལས་ཀྱང་ཚེ་སྲོག་གི་སྟོབས་ཤུགས་ཉམས་སུ་མྱོང་ཐུབ་པའི་བསླབ་བྱ་གནང་གིན་ཡོད།

2015-07-13_193756.jpg

          ངས་ཁ་ནས་ཅི་ཞིག་ཆུ་བཞུར་བཞུར་བྱས་ནས་འཆད་བཞིན་པའི་བར་གླགས་འདི་དང་ཡང་ཁྱོད་ཚོས་ང་ལ་དྲི་བ་མ་དྲིསཔའི་ཡར་སྔོན་འདི་ལ། ངས་ཁྱོད་ཚོར་ཡང་བསྐྱར་གློག་བརྙན་ཞིག་ངོ་སྤྲད་ན་འདོད། སྤྱིར་ངས་ཁྱོད་ཚོར་སངས་རྒྱས་ཆོས་ལུགས་སྐོར་ནས་བརྗོད་ན་འགྲིག་མོད། ངས་ད་རག་བར་གློག་བརྙན་གླེང་བྱུང་བར་དགོངས་པ་མ་ཚོམ། ཁྱོད་ཚོས༼ སེའུ་ཡི་བྲོ་བ ༽<<樱桃的滋味>>(Taste of Cherry)ཞེས་པའི་གློག་བརྙན་དེར་བལྟ་མྱོང་ངམ། དེ་བརྙན་ཡག་པོ་ཞིག་རེད། བརྙན་འདིས་རང་ཤི་རྒྱག་ན་འདོད་པའི་མི་ཞིག་གིས་རང་ཉིད་ཤི་རྗེས་རང་ཉིད་ས་འོག་ཏུ་ཡིབ་མཁན་གྱི་མི་ཞིག་བཙལ་ན་འདོད་པའི་སྐོར་དེ་བརྗོད་འདུག  ཁོས་འཚོལ་གྱིན་པའི་མི་དེ་ནི་འདི་འདྲ་ཞིག་སྟེ་ཁོ་ལ་ལས་རོགས་བྱས་ནས་ས་བརྐོས་རྗེས་རང་ཉིད་དོང་ནང་སོང་ནས་དུག་འཐུང་ཞིང་། ཕྱི་ཉིན་མི་དེ་ཡོང་ནས་རང་ཉིད་སྦས་བཏང་ན་ཆོག་མོད། འོན་ཀྱང་ལས་ཀ་འདི་སྒྲུབ་མཁན་གྱི་མི་མི་འདུག་སྟེ་མི་ཚོ་ཁོམ་ལོང་མེད་པས་མ་ཡིན་པར་ཁོ་ཚོས་ཁོས་འདི་ལྟར་བྱེད་དོན་ཅི་ཡིན་མི་ཤེས་པས་རེད། མཇུག་མཐར་ཁོས་རོགས་བྱེད་ན་འདོད་པའི་མི་ཞིག་རྙེད་པར་གྱུར། མི་དེས་ཁོ་ལ་ཁྱོད་ཀྱིས་ངོ་མ་དེ་འདྲ་བྱེད་ན་འདོད་དམ་ཞེས་དྲིས་ཤིང་། དེར་མཐུད་ནས་མི་དེས་ཁོ་ལ་གཏམ་རྒྱུད་ཅིག་བཤད། ཁོ་མ་གཞིར་དམག་ཅིག་ཡིན་མོད། འཚོ་བའི་དཀའ་སྡུག་གི་ཁྲོད་ནས་མུ་མཐུད་དུ་བསྲན་མི་ཚུགས་པས། ཁོས་སེའུ་སྡོང་ཞིག་གི་འགྲམ་ནས་རང་ཤི་རྒྱག་པར་བརྩམས་མོད་ཀྱང་ཡལ་ག་ཆག་ནས་རང་ཤི་རྒྱག་མ་ཐུབ། ཁོ་ཐག་གཏིང་ནས་ཆད་པའི་སྐབས་དེར་ཁོས་སེའུ་ཁ་ཤས་ཟོས་པར་གློ་རྡེག་ལ་སྔོན་ཆད་འདི་འདྲའི་ཞིམ་མྱོང་མེད་པའི་ཚོར་བ་སྔ་ན་མེད་པ་ཞིག་སྐྱེས། སྔོན་ཆད་ལྟ་བུར་མཚོན་ནས་བཤད་ན་ཁོས་སེའུ་མང་པོ་ཟོས་མྱོང་མོད། འོན་ཀྱང་སྐབས་ཐོག་འདིར་ཁོས་ཐོག་དང་བོར་ད་གཟོད་སེའུའི་བྲོ་བ་ངོ་མ་དེ་མྱངས་པ་རེད། ངས་གློག་བརྙན་གྱི་མཇུག་འབྲས་ཁྱོད་ཚོར་བཤད་མི་སྲིད་དེ། ཁྱོད་ཚོ་རང་རང་སོང་ནས་གློག་བརྙན་འདིར་བལྟས་ན་འོས།

2015-07-13_193517.jpg

          འཚོ་བ་ནི་གལ་ཆེ་ན་ཡང་། བདེན་པ་བདེན་དྲང་གིས་འཚོ་རྒྱུ་ནི་དེ་ལས་ཀྱང་གལ་ཆེ། ཁྱོད་རང་དུས་རྒྱུན་འདི་ལྟར་འཚོ་སྐབས་ངས་བསམ་ན་ཁྱོད་ལ་ད་གཟོད་སྙིང་རྗེ་ཞེས་པ་ངང་ངམ་ཤུགས་ཀྱིས་འཁྲུངས་སྲིད། ངས་ནམ་རྒྱུན་སྙིང་རྗེ་ནི་ཀུན་ལ་ཁྱབ་པ་ཞིག་ཡིན་པས་གྲྭ་བ་དང་ཆོས་ལུགས་མི་སྣ་ཁོ་ནར་དབང་བར་གཏན་ནས་མི་འདོད། འདི་ནས་ངས་ད་རུང་བརྙན་ཞིག་གླེང་ན་བསམ་སྟེ། ཁྱོད་ཚོ་སོང་ནས་འཇར་མན་གྱི་གློག་བརྙན༼ ལྐོག་ཉན་རླུང་འཚུབ ༽<<窃听风暴> >(The Life of Others)ལ་ལྟོས་དང་། གློག་བརྙན་འདི་ང་ལ་མཚོན་ནས་བཤད་ན་དུས་རབས་འདིའི་ནང་གི་ཆེས་ལེགས་པའི་གློག་བརྙན་དེ་རེད། ངས་གློག་བརྙན་འདིར་ལྟ་སྐབས་ང་རང་ཡོངས་སུ་གཏམ་རྒྱུད་དེའི་དབྱིངས་སུ་འཐིམ་ནས་རྐང་བ་རྐྱོང་རྒྱུ་ཡང་བརྗེད་འགྲོ་ལ། གློག་བརྙན་ཁང་ནས་ཙོག་པུར་བསྡད་ནས་རྐང་བ་བརྗེ་སྤོར་བྱ་རྒྱུ་ཡང་བརྗེད་སོང་། གློག་བརྙན་ཚར་ནས་ང་རང་ཡར་ལ་ལངས་བསམ་དུས་ངའི་རྐང་བ་རུད་ནས་ཡུན་རིང་ཞིག་ལ་ཡར་ལངས་མ་ཐུབ། ང་ཚོས་ནམ་རྒྱུན་གསང་མྱུལ་བ་དག་ནི་ཅི་འདྲའི་ཞེ་གནག་ཅིག་རེད་བསམ་མྱོང་མོད། འོན་ཀྱང་དེའི་ནང་གི་གསང་མྱུལ་བ་གཅིག་ནི་ཧ་ཅང་སྙིང་རྗེ་ཅན་ཞིག་ཡིན་པའི་གཏམ་རྒྱུད་ཅིག་བརྗོད་འདུག  

 

དཔྱད་མཆན་ཡོད།