《སི་པ་ཏའི་དཔའ་རྟུལ་༣༠༠》དང་འཛམ་གླིང་ལོ་རྒྱུས།

ལོ་རྒྱུས་གློག་བརྙན་འོས་སྦྱོར་དང་འགྲེལ་བཤད།  

 མཚམས་ལན་རེར།  གློག་བརྙན་གྲགས་ཅན་ཞིག་ལ་གཟིགས་པ་ནི་དཔེ་དེབ་མཐུག་པོ་ཞིག་ལ་གཟིགས་པ་ལས་ཀྱང་ལྷག་གོ་སྙམ།  

p2221794408.jpg 

གཅིག 《སི་པ་ཏའི་དཔའ་རྟུལ༣༠༠》དང་ཞི་པོ་དམག་འཁྲུག

         ང་ཚོས་སི་པ་ཏའི་དཔའ་རྟུལ༣༠༠ཡི་ལོ་རྒྱུས་རྒྱབ་ལྗོངས་གསལ་བོ་ཞིག་ཤེས་དགོས་ན། ཐོག་མར་ངེས་པར་ཏུ་ཞི་པོ་དམག་འཁྲུག་(希波战争)ཅེས་པ་ལ་རྒྱུས་ལོན་གསལ་བོ་ཞིག་ཡོད་དགོས།  རྒྱུ་མཚན་《སི་པ་ཏའི་དཔའ་རྟུལ༣༠༠》ནི་ཞི་པོ་དམག་འཁྲུག་གི་དུས་སྐབས་སུ་བྱུང་བའི་ལོ་རྒྱུས་ཀྱི་ཚན་པ་ཞིག་ཡིན་རྐྱེན། དེ་གཉིས་བར་རང་བཞིན་གྱིས་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཞིག་ཆགས་ཡོད་པ་རེད། དེ་བས་ང་ཚོས་སི་པ་ཏའི་དཔའ་རྟུལ་༣༠༠ཡི་བྱུང་བ་བརྗོད་དུས་ཐོག་མར་ཞི་པོ་དམག་འཁྲུག་བརྗོད་པ་ནས་མགོ་བརྩམ་དགོས་ཤིང་།  ཞི་པོ་དམག་འཁྲུག་གི་ལོ་རྒྱུས་བརྗོད་པ་ལ་བརྟེན་ནས་སི་པ་ཏའི་དཔའ་རྟུལ་༣༠༠ཡི་བྱུང་བ་བརྗོད་ན་ཤིན་ཏུ་གོ་སླ་ཞིང་ཧ་ཅང་ཆ་འགྲིག་གོ་སྙམ།  

d833c895d143ad4bf4bdb6f580025aafa40f0677.jpg

གཉིས།  ཞི་པོ་དམག་འཁྲུག་གི་ལོ་རྒྱུས་རྒྱབ་ལྗོངས་རོབ་ཙམ་བཤད་པ།   

           དེ་ཡང་ཞི་པོ་དམག་འཁྲུག་ཅེས་པ་ནི་སྤྱིར་ཡིན་པ་ཞི་ལའམ་ཀེ་རི་སེ་(希腊)དང་པོ་སིའམ་པར་སིག་རྒྱལ་ཁབ་གཉིས་ཀྱི་བར་ལ་བསླངས་པའི་དམག་འཁྲུག་ཅིག་ཡིན་ཞིང་།  དེ་ཡང་གཙོ་བོ་སྤྱི་ལོ་སྔོན་གྱི་དུས་རབས་༥ཙམ་ལ་པོ་སི་རྒྱལ་ཁབ་དེ་རྒྱལ་བོ་ཅུས་ལི་ཧྲི་(居鲁士)ཡི་སྣེ་ཁྲིད་འོག་ཡ་གླིང་ནུབ་མའི་ས་འཛིན་གྱི་པང་བ་ནས་ཚུགས་ཐུབ་ཀྱིས་འགྲེང་ཐུབ་པར་གྱུར་ཅིང་། དེ་དང་མཉམ་དུ་རྒྱལ་བོ་ཏ་ལི་ཧྲི་(大流士)ཡི་སྣེ་ཁྲིད་འོག་སྟོབས་དང་ལྡན་པར་གྱུར་ནས་ཕྱི་ཕྱོགས་ལ་རྒྱ་བསྐྱེད་པའི་མགོ་ཡང་བརྩམས་ལ། །ཕྱི་ཕྱོགས་སུ་རྒྱ་བསྐྱེད་པའི་གོ་རིམ་གྱི་ཁྲོད་ནས་ཁོ་ཚོས་རྒྱལ་ཁབ་མང་པོ་མངའ་འོག་ཏུ་བསྡུས་ཤིང་། ཧམ་སེམས་ཀྱི་ཕྱག་རིང་དེ་རྒྱ་གར་དང་ཨུ་རུ་སུ། ཨེ་ཅིབ། པ་པི་ལུན་སོགས་ལ་བསྲིངས་མྱོང་ཞིང་། རིམ་གྱིས་དཔལ་འབྱོར་རིག་གསུམ་དར་བའི་གོང་མའི་རྒྱལ་ཁབ་སྟོབས་ལྡན་ཤིག་ཏུ་གྱུར།  ཡིན་ནའང་ཁོ་ཚོ་ལ་ད་དུང་ཕུགས་བསམ་གཞན་ཞིག་ཡོད་པ་ནི་མུ་མཐུད་དུ་ཕྱི་ཕྱོགས་ལ་རྒྱ་བསྐྱེད་ནས་མཐར་ས་དབུས་རྒྱ་མཚོའི་འགྲམ་རྒྱུད་ཀྱི་བཙན་བདག་གི་ཁྱད་དབང་དེ་འཐོབ་རྒྱུ་དེ་ཡིན་པས། ཁོ་ཚོས་སྔར་བཞིན་མུ་མཐུད་དུ་ཕྱི་ཕྱོགས་ལ་རྒྱ་བསྐྱེད་ནས་འཛམ་གླིང་དབང་དུ་བསྡུ་བའི་སྟོང་བསམ་གྱི་ཧམ་པ་ཡང་ཡང་དང་ཡང་དུ་འཕྱུར་བར་བྱས།  

           དེ་ལྟར་སྤྱི་ལོ་སྔོན་གྱི་ལོ་༥༠༠ཡས་མས་སུ།  པར་སིག་གིས་ཡ་གླིང་ནུབ་མ་ན་ཡོད་པའི་ཀེ་རི་སེའི་མི་སེར་སྤེལ་ཡུལ་སོགས་ལ་བཙན་འཛུལ་བྱས་པར་མ་ཟད། ད་དུང་ཀེ་རི་སེའི་མཚོ་འགྲུལ་གྲུ་ཁ་གཙོ་བོ་(黑海)དག་ལའང་བདག་བཟུང་བྱས་ནས་ཀེ་རི་སེ་དང་པར་སིག་གཉིས་ཀྱི་བར་ལ་འཁོན་སེམས་ཀྱི་ས་བོན་བཏབ་བོ། ། 

22704_1364123629qiix.jpg

ཞི་པོ་དམག་འཁྲུག  སྔོན་༤༩༢-སྔོན་༤༤༩

            མཇུག་མཐར།  སྤྱི་ལོ་སྔོན་གྱི་ལོ་༤༩༢ལོར་པར་སིག་གིས་ཀེ་རི་སེ་ལ་བཙན་འཛུལ་བྱས་པ་ལ་བརྟེན། ཀེ་རི་སི་དང་པར་སིག་གཉིས་ཀྱིས་དམག་འཁྲུག་གི་སྦྱོར་བ་དངོས་སུ་བཤམས་ནས་འཛམ་གླིང་ལོ་རྒྱུས་སྟེང་གཞི་རྒྱ་ཆེས་ཆེ་བའི་༼ཞི་པོ་དམག་འཁྲུག༽ཟེར་བ་དེ་དེ་ལྟར་བསླངས་སོ། །

            དམག་འཁྲུག་འདི་ནི་འཛམ་གླིང་ཤར་ནུབ་གཉིས་བར་ཀྱི་ཆེས་ཐོག་མའི་དམག་འཁྲུག་(东西首战)གམ་ཡང་ན།  ཡ་ཡོ་གླིང་ཆེན་གཉིས་བར་གྱི་ཆེས་ཐོག་མའི་དམག་འཁྲུག་ཏུ་གྱུར་ཡོད་པ་རེད། དེ་བས་དམག་འཁྲུག་འདི་ནི་འཛམ་གླིང་ལོ་རྒྱུས་སྟེང་གི་གཞི་རྒྱ་ཆེས་ཆེ་བའི་དམག་འཁྲུག་ཅིག་དང་འཛམ་གླིང་ལ་ཤུགས་རྐྱེན་ཆེས་ཆེར་བཞག་པའི་དམག་འཁྲུག་ཅིག་ཀྱང་ཡིན་པ་རེད།  

8718367adab44aede94ec37cb31c8701a18bfb22.jpg

 གསུམ་པ། ཞི་པོ་དམག་འཁྲུག་དང་དེའི་དུས་རིམ་གསུམ་གྱི་དབྱེ་བ།    

            འཛམ་གླིང་ཤར་ནུབ་གཉིས་སམ་ཡང་ན་ཡ་ཡོ་གླིང་ཆེན་གཉིས་བར་གྱི་ཆེས་ཐོག་མའི་དམག་འཁྲུག་གམ་ཡང་ན་འཛམ་གླིང་ལོ་རྒྱུས་སྟེང་གི་གཞི་རྒྱ་ཆེས་ཆེ་བའི་དམག་འཁྲུག་སྟེ་ཞི་པོ་དམག་འཁྲུག་དེ་ལྟར་སྤྱི་ལོ་སྔོན་གྱི་ལོ༤༩༢ལོར་དངོས་སུ་བསླངས་ཤིང་། སྤྱི་ལོ་སྔོན་གྱི་ལོ༤༤༩ལོར་མཇུག་སྒྲིལ་བ་རེད། དམག་འཁྲུག་འདི་དུས་རིམ་གསུམ་ལ་བརྒྱུད་ཡོད་ཅིང་།  ང་ཚོས་ཤེས་པར་བྱ་བའི་སི་པ་ཏའི་དཔའ་རྟུལ་༣༠༠ནི་དུས་རིམ་གསུམ་གྱི་ནང་གི་དུས་རིམ་གཉིས་པའི་དུས་སུ་བྱུང་བ་ཡིན་ནོ། ། 

 ཞི་པོ་དམག་འཁྲུག་དུས་རིམ་གསུམ་དུ་དབྱེ་བ།  

p25831522.jpg

དུས་རིམ་དང་པོ། མ་ལ་སུང་གཡུལ་འགྱེད། (马拉松战役)

 webwxgetmsgimg (3).jpg

དུས་རིམ་གཉིས་པ། ཝུན་ཆའན་ཀོན་གཡུལ་འགྱེད།  (温泉关战役)

 201512051146181408.jpg

དུས་རིམ་གསུམ་པ། སཱ་ལ་སྨེ་སི་མཚོ་འཁྲུག (萨拉米斯海战)

           དམག་འཁྲུག་གི་དུས་རིམ་གསུམ་པོ་ལས་འཛམ་གླིང་ལ་ངོ་མཚར་བའི་གཏམ་རྒྱུད་རེ་བསྐྲུན་ཡོད་ཅིང་། དུས་རིམ་དང་པོ་མ་ལ་སུང་གཡུལ་འགྱེད་ཀྱི་དུས་སུ། ད་ལྟའི་ཨོ་རྩལ་འགྲན་ཚོགས་ཀྱི་མ་ལ་སུང་རྒྱུག་འགྲན་ཀྱི་བྱུང་བ་འདི་བྱུང་བ་ཡིན་ཞིང་། དུས་རིམ་གཉིས་པ་ཝུན་ཆའན་ཀོན་གཡུལ་འགྱེད་ཀྱི་དུས་སུ་ད་ལྟ་ངེད་ཅག་གི་བརྗོད་བྱར་གྱུར་བའི་《སི་པ་ཏའི་དཔའ་བོ་300》བྱུང་བ་ཡིན། དུས་རིམ་གསུམ་པ་སྰ་ལ་མེར་སི་མཚོ་འཁྲུག་གི་དུས་སུ་ཀེ་རི་སེ་མཇུག་མཐར་རྒྱལ་ཞིང་།  པར་ཟིག་གི་སྟོབས་ཤུགས་ཆེས་ཆེར་ཉམས་དམས་སུ་བཏང་ནས།  སྔོན་སྲིད་པའི་རྩེ་མོ་ན་སྙན་གྲགས་ཀྱི་བ་དན་ཕྱོགས་བཞིར་བསྐྱོད་པའི་པར་ཟིག་གོང་མའི་རྒྱལ་ཁབ་ཆེན་མོ་དེ་ཉམས་རྒྱུད་དུ་འགྱུར་མགོ་བརྩམས་ཤིང་།  ལོ་རྒྱུས་ཀྱི་ཐལ་རྡུལ་ནང་དུ་བསྐྱིལ་ནས་འཇིག་རྟེན་ནས་ནམ་ཡང་བཞུད་པའི་ལམ་དུ་བསྐྱལ་ལོ། །

 1447812009104.jpg

བཞི་བ།  ཝུན་ཆའན་ཀོན་གཡུལ་འགྱེད་དང་སི་པ་ཏའི་དཔའ་རྟུལ་༣༠༠།  

          དེ་ལྟར་ན་ང་ཚོས་གོང་གསལ་ནས་ཞི་པོ་དམག་འཁྲུག་གི་འབྱུང་རྐྱེན་དང་བརྒྱུད་རིམ་སོགས་ཅུང་ཟད་ཅིག་བཤད་པར་བྱས།  ད་ནི་སི་པ་ཏའི་དཔའ་རྟུལ་༣༠༠དངོས་སུ་བྱུང་སའི་ཞི་པོ་དམག་འཁྲུག་གི་དུས་རིམ་གཉིས་པ་སྟེ-ཝུན་ཆའན་ཀོན་གཡུལ་འགྱེད་ཀྱི་ལོ་རྒྱུས་ལ་དངོས་སུ་མཇལ་བར་བྱའོ། །  

          ཐོག་མར་ང་ཚོས་སི་པ་ཏའི་དཔའ་རྟུལ་༣༠༠་བྱུང་སའི་དམག་འཁྲུག་གི་དུས་རིམ་གཉིས་པ་སྟེ། ཝུན་ཆོའན་ཀན་གཡུལ་འགྱེད་ཀྱི་ལོ་རྒྱུས་རྒྱབ་ལྗོངས་ངོ་མ་སྤྲད་པའི་སྔོན་ལ།  དམག་འཁྲུག་གི་དུས་རིམ་དང་པོ་དེ་ལ་འཁྱུག་ཙམ་བལྟ་བར་བྱའོ། །

155159tluxiuu4uttxsuhy.jpg

 ༡༽ མ་ལ་སུང་གཡུལ་འགྱེད། 

          དེ་ལྟར་སྤྱི་ལོ་སྔོན་གྱི་ལོ་༤༩༢ལོར། པར་སིག་གི་དམག་གིས་པར་སིག་གི་རྒྱལ་བོ་ཏ་ལི་ཧྲི་ཡི་བཀོད་འདོམས་འོག  ཀེ་རི་སེ་ལ་དཔུང་འཇུག་བྱས་ཤིང་།  ཀེ་རི་སེའི་མཁར་གྲོང་རྒྱལ་ཁབ་གཙོ་བོ་ཞིག་སྟེ་ཨ་ཐེན་སི་ལ་བཙན་འཛུལ་བྱས།  ཨ་ཐིན་སི་མཁར་གྲོང་རྒྱལ་ཁབ་ཀྱི་མི་དམངས་ཀྱིས་དམག་དཔོན་ཆེན་མོ་མེས་ཐ་ཡ་ཏི་(米太亚德)བཀོད་འདོམས་འོག་མ་ལ་སུང་བདེ་ཐང་དུ་དེ་ལ་གདོང་ལེན་དང་འགོག་རྒོལ་བྱས་མཐར།  པར་སིག་གི་དམག་ཕམ་ནས་ཀེ་རི་སེ་ནས་ཕྱིར་འཐེན་བྱས་ཤིང་། ཨ་ཐེན་སིའི་མི་དམངས་རྒྱལ་ལ་རྒྱལ་ཁ་འཐོབ། ཡིན་ནའང་།  རྒྱལ་ཁ་དེ་ནི་རྟག་བརྟན་གྱི་རྒྱལ་ཁ་ཞིག་མ་ཡིན་ཏེ།  ལོ་ངོ་༡༠ཙམ་འགོར་རྗེས་ཀྱི་སྤྱི་ལོ་སྔོན་གྱི་ལོ་༤༨༠ལོར། པར་སིག་གི་རྒྱལ་བོ་ཏ་ལི་ཧྲི་ཡི་བུ་ཤའེ་ཤིས་སི་(薛西斯)ཟེར་བ་དེས་ཡང་བསྐྱར་པར་སིག་གི་དམག་སྣ་དྲངས་ནས་ཀེ་རི་སེ་ལ་བཙན་འཛུལ་བྱས་ཤིང་།  ཀེ་རི་སེའི་མཁར་གྲོང་རྒྱལ་ཁབ་གཙོ་བོ་གཞན་ཞིག་སྟེ་སི་པ་ཏ་ལ་བཙན་འཛུལ་བྱས་ནས། ཞི་པོ་དམག་འཁྲུག་དུས་རིམ་གཉིས་པར་བསླེབས་སོ། །

 t01d16756f9d3f8d205.jpg

༢ ༽ཝུན་ཆོའན་ཀོན་གཡུལ་འགྱེད།

         མ་ལ་སུང་གཡུལ་འགྱེད་རྒྱལ་ཁས་ངང་མཇུག་སྒྲིལ་ནས་ལོ་ངོ་༡༠ཕྱིན་མཚམས་སུ།  པར་སིག་གིས་ཡང་བསྐྱར་ཀེ་རི་སེ་ལ་བཙན་འཛུལ་བྱས་ཡོང་བར་མ་ཟད།  ད་དུང་ཀེ་རི་སེའི་མཁར་གྲོང་རྒྱལ་ཁབ་གཙོ་བོ་ཞིག་སྟེ་སི་པ་ཏ་ལ་ཐད་ཀར་ཏུ་དཔུང་འཇུག་བྱས་བྱུང་ངོ། ཐེངས་འདིར་པར་སིག་གི་དམག་སྣ་དྲངས་ནས་ཡོང་མཁན་ནི་ཐེངས་སྔོན་མའི་རྒྱལ་བོ་ཏ་ལི་ཧྲི་མ་ཡིན་པར།  ཁོའི་བུ་ཤའེ་ཤི་སི་ཟེར་བ་དེ་ཡིན་ཞིང་ཁོས་དམག་ཁྲི་ཚོ་༥༠ལྷག་ཁྲིད་ནས་ཡང་བསྐྱར་ཀེ་རི་སེའི་ས་ཐོག་ཏུ་བསླེབས་པ་རེད།

          དེ་དང་དུས་མཚུངས་སུ་སི་པ་ཏ་མཁར་གྲོང་རྒྱལ་ཁབ་ཀྱི་དམག་མི་བདུན་སྟོང་ལྷག་གིས་ཀྱང་སི་པ་ཏ་མཁར་གྲོང་རྒྱལ་ཁབ་ཀྱི་རྒྱལ་བོ་ལེ་ཨོ་ནེ་ཏ་(列奥尼达)ཡི་བཀོད་འདོམས་འོག   ས་བབ་བཙན་ཞིང་ཕྱོགས་གཅིག་གཡང་གཟར་ཡིན་པ་དང་ཕྱོགས་གཅིག་རྒྱ་མཚོ་ཡིན་པའི་འགོག་སླ་རྒོལ་དཀའི་འགག་སྒོ་ཆེན་མོ་ཝུན་ཆའན་ཀོན་འགག་སྒོ་ནས་པར་སིག་གི་དམག་གི་ཁྲི་ཚོ་༥༠ལྷག་གིས་ཚུར་རྒོལ་ལ་གདོང་ལེན་བྱས།  པར་སིག་གིས་ཚུར་རྒོལ་ཇི་ལྟར་བྱས་ཀྱང་།  འགག་སྒོ་དེ་གཏོར་མ་ཐུབ།  དེ་ལྟར་སི་པ་ཏ་དམག་དམངས་ཀྱིས་ཡང་བསྐྱར་རྒྱལ་ཁ་ལེན་ལ་ཉེ་བའི་སྐབས་དེར། ནང་རུལ་བ་ཞིག་གིས་པར་སིག་གི་དམག་དམངས་ལ་འགག་སྒོ་ཆེན་མོ་བསྐོར་ནས་འགྲོ་བའི་ལྟག་རྒྱབ་ཀྱི་ལམ་དེ་བསྟན་པས།  པར་སིག་གི་དམག་དམངས་འགག་སྒོའི་ནང་དུ་གཡོ་འཛུལ་ཐུབ་བྱུང་ངོ།  བར་སྐབས་དེར།  མི་གྲངས་ཀྱི་མང་ཉུང་དང་ལག་ཆའི་བཟང་ངན་སོགས་ཀྱི་དབང་གིས་འགག་སྒོ་དེ་དགྲ་ལག་ལ་ཤོར་བའི་བཟོ་ལྟ་བསྟན་བྱུང་།  ཡིན་ནའང་།  སི་པ་ཏ་མི་དམངས་ནི་ཧ་ཅང་ཁོག་དཔུང་ལ་རྒྱ་ཆེ་བའི་མི་རིགས་ཤིག་ཡིན་དེ།  ཁོ་ཚོས་རང་གི་གཅེས་པའི་སྲོག་ལ་བབ་ཀྱང་རང་ས་བསྐྱུར་ནས་འགྲོ་མི་སྲིད་ཟེར།  ངོ་མ་དེ་འདྲ་ཞིག་ལོས་ཡིན་ཏེ།  སི་པ་ཏའི་རྒྱལ་བོ་་ལེ་ཨོ་ནེ་ཏ་ཡིས་མིག་མདུན་གྱི་སྐྱི་གཡའ་བའི་གནས་ཚུལ་དེ་མཐོང་རྗེས།  དམག་གི་སྟོབས་ཤུགས་གཙོ་བོ་སྟེ་སི་པ་ཏའི་དཔའ་རྟུལ་༣༠༠ཤུལ་དུ་བསྡད་ནས་རང་ས་སྲུང་རྒྱུ་བྱས་ཤིང་།  གཞན་དག་ཚང་མ་ཕྱིར་མཁར་གྲོང་དུ་མངགས་ཤིང་།  རྗེས་ཕྱོགས་ཀྱི་དམག་གི་གཙོ་ཤུགས་སྲུང་འཛིན་ཐུབ་པར་བཏང་། དེ་ནས་རང་དང་བཅས་པའི་སི་པ་ཏའི་དཔའ་རྟུལ་༣༠༠ཡིས་ཤ་ཟད་རུས་ལ་ཐུག་ཅིང་།  རུས་ཟད་རྡོ་ལ་ཐུག་རག་བར་ཏུ་རང་ས་གསེར་གྱི་བྲང་གཞི་འདྲ་བོ་དེ་སྲུང་སྐྱོབ་བྱས་ནས་བསྡད་ཅིང་།  མཇུག་མཐར་ཚང་མ་པར་སིག་གི་དམག་མིའི་མདའ་གྲི་མདུང་གསུམ་གྱི་འོག་ནས་རང་ལུས་གཙང་མའི་ཟུངས་ཁྲག་དྲོན་མོ་དེ་རང་ས་རང་ཡུལ་གྱི་ནམ་མཁའ་དང་ས་གཞི་ལ་མཆོད་སྦྱིན་གནངས་སོང་བ་ང་ཚོས་བརྙན་འཕྲིན་ལས་ཀྱང་མཐོང་ཐུབ་པ་དེའོ། །

           དེ་ནི་རང་དབང་གི་ཆེད་དུའོ། །གཟི་བརྗིད་ཀྱི་ཆེད་དུའོ། །མཐུན་སྒྲིལ་གྱི་ཆེད་དུའང་ཡིན་ནོ། །  

           དེ་ལྟར་སི་པ་ཏའི་འགག་སྒོ་ཆེན་མོ་དེ་ཤོར་ཞིང་།  པར་སིག་གི་དམག་དམངས་ཀྱིས་ཨ་ཐེན་སི་སོགས་གཙོ་བྱས་པའི་ཀེ་རི་སེ་བདག་ཏུ་བཟུང་་་་

           འདི་ནི་ང་ཚོས་སྐབས་སུ་བབ་པའི་ད་ཐེངས་ཀྱི་གླེང་བྱ་གཙོ་བོ་དེ་སི་པ་ཏའི་དཔའ་རྟུལ་༣༠༠ཡི་བྱུང་བ་ཡིན་ལ།  ནམ་ཡང་ནུབ་པ་མེད་པའི་སི་པ་ཏའི་དཔའ་རྟུལ་༣༠༠ཡི་ལོ་རྒྱུས་ཀྱང་ཡིན་ནོ། །

 100824.34890873_1000X1000.jpg

༣༽ སཱ་ལ་མེར་སི་མཚོ་འཁྲུག

            འགག་སྒོ་ཤོར་རྗེས།  པར་སིག་གི་དམག་དམངས་ཀྱིས་ཀེ་རི་སེ་བཀང་བར་བྱས་ཤིང་།  ཨ་ཐེན་སི་ལ་འཇབ་རྒོལ་བྱས།  ཡིན་ནའང་།  པར་སིག་གི་དམག་ཨ་ཐེན་སིར་བསླེབས་དུས་ཨ་ཐེན་སིར་མི་གཅིག་ཀྱང་མེད་པར་མཁར་སྟོང་དུ་གྱུར་ཡོད། མ་གཞི་ཡིན་པ་དེ་ནི་ཀེ་རི་སེ་མིས་བཟོས་པའི་ཐབས་ཇུས་ཤིག་སྟེ་ལོ་རྒྱུས་སུ་མིང་ལ་མཁར་སྟོང་ཐབས་ཇུས་(空城计)ཟེར་ཞིང་།  ཀེ་རི་སེ་མི་དམངས་ཀྱིས་སི་པ་ཏའི་དཔའ་རྟུལ་༣༠༠་ཡིས་རང་གི་རྒྱལ་ཁབ་དང་རང་གི་མི་རིགས་ཀྱི་དོན་ལ་ཚེ་སྲོག་གི་མཆོད་སྦྱིན་གནངས་ནས་ཚང་མས་རང་སྲོག་བློས་བཏང་ནས་འགག་སྒོ་ཆེན་མོ་དེ་ཤོར་བ་ཐོས་རྗེས།  ཁོ་ཚོས་ཐབས་བརྒྱ་ཇུས་སྟོང་གིས་འཁོན་ལན་སློག་པའི་སེམས་ཐག་བཅད།  དེ་ལྟར་ཚང་མས་མཁར་སྟོང་དུ་གྱུར་ནས་དམག་དཔོན་ཆེན་མོ་ཏི་སྨི་སི་ཐོ་ཁུ་ལེ(地米斯托克利)ཡི་བཀོད་འདོམས་ལ་བརྟེན་ནས་སཱ་ལ་སྨི་སི(萨拉米斯)མཚོ་ཁུག་ཏུ་བྲོས་ནས་པར་སིག་གི་དམག་དམངས་ཡོང་བར་ངང་སྒུག་བྱས་། སཱ་ལ་སྨི་སི་མཚོ་ཁུག་ནི་ཧ་ཅང་དོག་ཅིང་།  ཕྱོགས་གཉིས་ཀ་བྲག་རི་ཡིན་ཞིང་།  དགྲ་བོ་དང་འཐབ་ན་འགོག་སླ་རྒོལ་དཀའ་བ་ཞིག་ཡིན་པས། དགྲ་བོ་དང་འཐབ་ས་ཆེས་བཙན་ཤོས་ཤིག་ཡིན།  དེ་ལྟར་པར་སིག་གི་དམག་དམངས་མཚོ་ཁུག་དེར་བསླེབས་རྗེས།  ཕྱོགས་གཉིས་ཀའི་འཐབ་འཛིང་དྲག་པོ་སྤེལ་ཞིང་ ། པར་སིག་ལ་གྱོང་གུད་ཚབས་ཆེན་ཕོག 

          མཇུག་མཐར་ཀེ་རི་སི་ལ་རྒྱལ་ཁ་ཐོབ་ལ།  དེ་ཡང་གཙོ་བོ་ས་བབ་བཟང་ངན་གྱི་ཁྱད་ཀྱིས་ཡིན་ལ།  སྐབས་དེར།  པར་སིག་གི་གྲུ་རྣམས་ནི་ཧ་ཅང་བོངས་ཆེ་ཞིང་ལྗིད་པ་སོགས་ཀྱི་དབང་གིས་དོག་ཅིང་རིང་བའི་མཚོ་འགག་གི་བར་ནས་བཙིར་རྒོལ་སོགས་ཐེབས་ནས་ཕམ་ཁ་ཆེན་པོ་མྱངས་ཤིང་།  དམག་དཔོན་ཆེན་མོ་ཡང་མཚོ་རུ་ནུབ་པར་མ་ཟད།  རྒྱལ་བོ་ཤའེ་ཤི་སི(薛西斯)ཡི་ནུ་བོ་ཡང་བགྲོངས་པས། རྒྱལ་བོ་ཁོ་རང་ཉིད་ཀྱང་འབྲོ་བའི་ལམ་ལ་བཞུགས་སོ།  དུས་དེ་ནས་བཟུང་།  པར་སིག་གིས་ཀེ་རི་སེ་ལ་བཙན་འཛུལ་བྱེད་པའི་དམག་འཁྲུག་མཇུག་སྒྲིལ་བར་མ་ཟད། ད་དུང་པར་སིག་ཆེས་ཆེར་ཉམས་རྒྱུད་དུ་འགྱུར་བའི་ལོ་རྒྱུས་ཀྱི་དབུ་འཁྱུད་འབྲི་མགོ་ཡང་བརྩམས་སོ། ། 

1_379960319.jpg

 ལྔ་བ། མཇུག་སྒྲིལ་བ།     

           དེ་ལྟར་་་

           མཇུག་མཐར།  སྤྱི་ལོ་སྔོན་གྱི་ལོ༤༤༩ལོར།  པར་སིག་ཕམ་པ་ཁྱབ་བསྒྲགས་བྱས་ནས། ། ཕྱོགས་གཉིས་ཀས་ཁ་ལི་ཡའི་ཞི་ཆིངས་(卡利亚斯合约)བཞག་ཅིང་། འཛམ་གླིང་ཤར་ནུབ་གཉིས་བར་ཀྱི་ཆེས་ཐོག་མའི་དམག་འཁྲུག་གམ། ཡང་ན་ཡ་ཡོ་གླིང་ཆེན་གཉིས་བར་ཀྱི་ཆེས་ཐོག་མའི་དམག་འཁྲུག་སྟེ་ཞི་པོ་དམག་འཁྲུག་དེ་ལྟར་མཇུག་སྒྲིལ་བར་བྱས་ཤིང་། 《སི་པ་ཏའི་དཔའ་རྟུལ༣༠༠》ཡི་སྙིང་སྟོབས་དང་མཛད་རྗེས་ཀྱང་ལོ་རྒྱུས་ཀྱི་ཟིན་ཐོར་བཀོད་ནས་ཚེ་ཚེ་རབས་རབས་སུ་བསྲིངས་བར་བྱས་སོ། །  

 རྫོགས་སོ། །

དྲན་སྐུལ།

པར་སིག (波斯)ནི་དེང་གི་དབྱི་ལང་(伊朗)རྒྱལ་ཁབ་ཡིན།

 

          སྤྱིར་ན་རྙིང་བ་བསྐྱར་བཟློས་བྱས་ན་དེ་ལ་དགོས་པ་ཆེན་པོ་མེད་མོད། ཡིན་ནའང་ཤེས་བྱ་ལ་ལ་རྙིང་བ་བསྐྱར་བཟློས་བྱས་ན། ད་གཟོད་གོ་བ་གསར་བ་རྙེད་ཐུབ་པ་རེད།  དེ་བས་རྒྱུ་མཚན་དེ་ལ་དམིགས་ནས་རང་གི་དཔེ་ཀློག་གི་མྱོང་བ་ཕྲན་ཙམ་པོ་དེ་ཟིན་བྲིས་ཀྱི་གཟུགས་ནས་བཏབ་ནས་ཁྱེད་ཅག་ལ་ཕུལ་བ་ལགས་སོ། །

                                    ཁམས་པ་རྡོ་རྗེ་ནས།  

༢༠༡༦ལོའི་སྤྱི་ཟླ་༦པའི་ཚེས་༢༩ཉིན་ཕུལ།

ངེད་དྲ་བའི་ནང་དོན་གང་བྱུང་དུ་དགོལ་མི་རུང་།

དཔྱད་མཆན་ཡོད།