བསྟན་འཛིན་ཟླ་གསལ་གྱི་གློག་བརྙན་བརྩམས་ཆོས«རོལ་ཡཱལ་ཁ་ཧྥེ»ལ་དཔྱད་པ།

1504958289329795.jpg

ནང་དོན་མདོར་བསྡུས།

        གློག་བརྙན་འདིའི་ནང་དུ་གངས་ལྗོངས་ཁ་བའི་ཡུལ་ལྗོངས་ཀྱི་རྣམ་པ་མེད་ལ། ཁ་བ་བུ་མོས་བཏགས་པའི་གཡུ་བྱུར་དང་རྒྱན་ཆ།གྱོན་གོས་ཀྱང་མེད། ཐ་ན་བོད་ཀྱི་ཐུན་མོང་མ་ཡིན་པའི་བཟའ་སྟངས་དང་འཐུང་སྟངས། འགྲོ་སྟངས། སྤྱོད་སྟངས་སོགས་ཀྱང་མི་འདུག་མོད། འདིས་ས་ཁུལ་འདྲ་མིན་ནས་འདུས་པའི་ཕྱི་སྡོད་བོད་མིའི་རིག་གཞུང་གི་ལྟ་བ་དང་། བསམ་པའི་ལངས་ཕྱོགས་ཀྱི་རྣམ་པ་ཅུང་ཙམ་མཚོན་ཐུབ་ཡོད་པར་མ་ཟད། ལྷག་པར་དུ་ཡོ་རོབ་ལ་གསར་དུ་འབྱོར་བའི་བོད་པ་ཚོར་ས་དེར་སྡོད་ཆོག་པའི་ཆོག་མཆན་རེག་མ་རེག་མཚམས་ཀྱི་འཚོ་བའི་དཀའ་ངལ་དང་། ལས་ཀའི་དཀའ་ངལ།སེམས་ཀྱི་དཀའ་ངལ། བརྩེ་དུང་གི་དཀའ་ངལ་སོགས་དང་། ཕ་མ་ཡིན་རུང་ས་གནས་དེ་དང་དེ་ནས་འཚར་ལོངས་བྱུང་བའི་བོད་པའི་བུ་ཕྲུག་གི་སེམས་ཁམས་དང་ཕུགས་འདུན་ལ་རྒྱུས་མ་ལོན་པར་ལྟ་བ་རྙིང་པའི་མཁྲེགས་འཛིན་གྱི་བསམ་བློས་རང་གི་བུ་ཕྲུག་གི་སེམས་ལ་རྨ་ཁ་བཞག་པ་བསྟན་ཡོད་པར་མ་ཟད། ཕ་མ་འདི་ཚོ་ཕྱི་རྒྱལ་ན་གཏན་བཞུགས་བྱེད་ཀྱི་ཡོད་ཀྱང་བསམ་བློའི་ཆུ་ཚད་ཧ་ཅང་དམའ་བ་དང་རྒྱུ་རྔམ་ཆེན་པོ་ཡོད་པའང་ཞོར་ནས་བསྟན་འདུག


གླེང་གཞི།

       དུས་རབས་ཉི་ཤུ་བའི་བོད་འདི་ནི་རྒྱལ་ཁབ་གཞན་དང་ཡང་ན་མི་རིགས་གཞན་དང་བསྡུར་ན། མི་འབོར་གྱི་ཆ་ནས་གྲངས་ཚད་ཧ་ཅང་ཉུང་ནའང་འཛམ་གླིང་གི་ཡུལ་ཕྱོགས་གང་སར་རང་ཉིད་ཀྱི་གཞི་རེ་བཟུང་ནས་བསྡད་འདུག་ཅིང་། ལྷག་པར་དུ་ལོ་འདི་འགའི་སྤྱི་ཚོགས་ཀྱི་འགྱུར་བག་སྣ་ཚོགས་ལ་དམིགས་ནས་བོད་ནང་དུའང་སྟོབས་འབྱོར་ཅན་གྱི་རྒྱལ་ཁབ་ཕྱི་རུ་འགྲོ་བའི་བོད་པའང་མང་དུ་འདུག་སྟེ། ཕྱི་སྡོད་བོད་མོའི་གློག་བརྙན་བརྩམས་ཆོས《རོལ་ཡཱལ་ཁ་ཧྥེ》ཞེས་པས་ཕྱི་སྡོད་བོད་མི་དག་གི་ཁྱད་ཆོས་ཅུང་མཚོན་ཐུབ་ཡོད།

       རང་ཉིད་ལ་མཚོན་ན་བོད་ཀྱི་རིག་གནས་གཞིར་བཟུང་གི་སྒྱུ་རྩལ་ལས་རིགས་ཕལ་ཆེ་བ་ལ་མོས་མཁན་ཞིག་ཡིན་པའི་ཆའམ། ཡང་ན་ཡོ་རོབ་བོད་ཀྱི་གློག་བརྙན་དུས་ཆེན་གྱི་བོད་སྐད་རྩོམ་སྒྲིག་པ་ཡིན་པའི་ངོས་ནས་གློག་བརྙན་འདི་ལ་དཔྱད་སྤྲོ་སོང་།

       དེ་ལ《རོལ་ཡཱལ་ཁ་ཧྥེ》ཞེས་པ་ནི་རྒྱ་གར་ནས་སྐྱེས་ཞིང་ལོ་ན་ཆུང་དུས་ནས་ཧྥ་རན་སིར་འབྱོར་བའི་བོད་མོ་བསྟན་འཛིན་ཟླ་གསལ་གྱི་གློག་བརྙན་བརྩམས་ཆོས་ཐེངས་གཉིས་པ་ཡིན་ལ། ༢༠༡༦ལོར་ཡོ་རོབ་བོད་ཀྱི་གློག་བརྙན་དུས་ཆེན་ཞེས་པའི་འགྲན་བསྡུར་ཁྲོད་དུ་གྲུབ་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པའི་ནང་གི་གཅིག་ཀྱང་ཡིན་པས། གཤམ་ལ་ལྟ་ཞོར་འཕྱོར་འབྲི་ཞུའོ།།

1504958380542157.jpg

ཁག་དང་པོ།.  གློག་བརྙན་འདི་ཤར་མ་ཐག་ཕལ་ཆེར་ཧྥ་རན་སིར་ཡོད་པའི་རྒྱ་གར་གྱི་བག་ལེབ་དང་མངར་ཟས་རིགས་འདུས་པའི་ཟ་ཁང་ཞིག་ཏུ་བོད་པ་དག་འཛོམས་ཤིང་། ལབ་གླེང་དང་ཁ་བརྡའི་ཁྲོད་ནས་ཁོ་ཚོ་སུ་ཡིན་ཤེས་ཐུབ་པ་བྱས་འདུགདཔེར་ན། ལབ་གླེང་ནང་གི་མི་སྣ་དང་པོ་དེ་ཕལ་ཆེར་བོད་ནས་ཡོང་བའི་ཨ་མདོ་བ་ཞིག་ཡིན་པ་དང་། ཁོས་རྒྱ་སྐད་ཅུང་ཤེས་པས་རྒྱའི་ཟ་ཁང་ནང་ལ་ལས་ཀ་བྱེད་བཞིན་ཡོད་ན་ཡང་། དེ་ནི་འཚོ་བའི་ཨུ་ཚུགས་ཤིག་ཡིན་པ་ལས་རང་ཉིད་ཀྱི་འདོད་པ་ངོ་མ་མིན་ཚུལ་བཤད། ལབ་གླེང་གཉིས་པའི་ནང་གི་བུ་མོ་དེས་གཞན་གྱི་འཚོ་བ་ལ་ཇུས་གཏོགས་ཀྱི་ལབ་གླེང་དང་། རང་ཉིད་བུ་མོ་ལོ་ཆུང་ཞིག་ཡིན་པའི་ཆ་ནས། དེ་ཙམ་བདེ་འཇགས་མིན་པའི་གྲོང་ཁྱེར་ཕེ་རི་སི་རུ་བཙན་གཡམ་སོགས་ལའང་སྐྲག་དགོས་པའི་གནས་ཚུལ་བརྗོད་འདུག

ཁག་གཉིས་པ།  གཟུགས་པོ་འཁྲུད་བཞིན་པའི་ཁོ་མོ་ནི་གློག་བརྙན་འདིའི་ནང་གི་མི་སྣ་གཙོ་བོ་ཡིན་པ་དང་། ཁོ་མོ་དང་ལྟད་མོ་འཁྲབ་སྟོན་པའི་སྐྱེས་པ་དེ་གཉིས་ཀྱིས་ཁ་ཧྥེ་འཐུང་ཞོར་གྱི་ལབ་གླེང་ཁྲོད་ནས། ཁོ་མོ་གློག་བརྙན་ལས་རིགས་ལ་སྤྲོ་བ་ཡོད་པ་དང་། ཁོ་མོར་བོད་པའི་སྤྱིར་བཏང་གི་འཚོ་བའི་སྐོར་ལ་སྒྲོ་མ་བཏགས་པར་ཇི་བཞིན་བྲིས་པའི་གློག་བརྙན་བཟོ་འདོད་ཀྱི་འཆར་གཞི་ཡོད་ན་ཡང་། ཕྱོགས་གཞན་ཞིག་ནས་བོད་པའི་སྤྱི་ཚོགས་ཀྱི་གནོན་ཤུགས་ལ་བརྟེན་ནས་འཁྲིག་སྤྱོད་ཀྱི་གློག་བརྙན་དང་། ཇག་པའི་གློག་བརྙན་སོགས་བཟོ་རྒྱུར་ཅུང་ཞེད་བཞིན་པའི་རྣམ་འགྱུར་སོགས་ཀྱིས་བོད་མི་རྣམས་དོན་དངོས་བརྗོད་པར་མི་སྤྲོ་བའི་རྫུ་བག་ཅན་གྱི་མི་རིགས་ཤིག་ཡིན་པའང་བསྟན་འདུག་ལ། བྱང་ཆ་ལྡན་པའི་དབྱིན་ཡིག་རྒྱག་སྟངས་དང་། ཧ་ཅང་སྤྱིར་བཏང་བ་ཡིན་པའི་ཐོག་ཉམས་ཀྱང་ཡོད་པའི་གོན་པ་གྱོན་སྟངས་དང་སྐད་ཆ་བཤད་སྟངས་ཀྱི་རྣམ་འགྱུར་གྱིས་ཕྱི་རྒྱལ་ནས་འཚར་བའི་བོད་མོ་ཤེས་ལྡན་པ་ཞིག་ཡིན་པའང་གསལ་བོར་མངོན་འདུག

ཁག་གསུམ་པ། གློག་བརྙན་ནང་གི་མི་སྣ་གཙོ་བོ་ཟླ་གསལ་དང་མོའི་གྲོགས་མོའི་སེམས་ཐག་ཉེ་བའི་ཁ་བརྡའི་ཁྲོད་ནས་ཟླ་གསལ་ལ་རྒྱུས་ལོན་བྱེད་ཐུབ་སྟེ། ཁོ་མོ་ལ་ཆུང་དུས་ཨ་ཕ་ར་བཟི་ཞིག་ཡོད་པ་དེས་རྟག་ཏུ་སྡིགས་དམོད་བྱས་ནས་སེམས་ཁམས་ལ་གས་ཁ་ཅུང་ཤོར་ཡོད་སྟབས།དེང་སྐབས་ཀྱང་རྨི་ལམ་ནང་གཤེ་གཤེ་གཏོང་བ་ལྟ་བུའི་འཇིགས་སྐྲག་ཅིག་ཡོང་གི་ཡོད་པ་རེད། ཕྱི་རྒྱལ་ན་བསྡད་ཡོད་ཀྱང་བུ་མོར་བསམ་ཤེས་བྱེད་མི་ཐུབ་པའི་ཨ་མས་ཀྱང་ཁོ་མོར་གཉེན་བསྒྲིགས་ཏེ། ཁེ་བཟང་ཡོད་པའི་ལས་རིགས་ཤིག་གཉེར་དགོས་པ་སོགས་ཀྱིས་ཁོ་མོར་གནོན་ཤུགས་སྤྲོད་བཞིན་པ་དེ་ཁོ་མོ་མི་སྐྱིད་པའི་རྒྱུ་རུ་གྱུར་ཡོད་པར་མ་ཟད། ཁོ་མོའི་བརྩེ་དུང་གི་ལམ་ཁར་མགོ་སྐོར་ཐེངས་གཅིག་ཐེབས་པའི་དགའ་རོགས་དེས་ཡང་བསྐྱར་འབྲེལ་གཏུག་བྱས་པ་སོགས་ཀྱིས་དེང་རབས་སྤྱི་ཚོགས་ཀྱི་ཕོ་མོའི་བར་གྱི་བརྩེ་དུང་གི་དཀའ་ངལ་ཀྱང་བཤད་འདུག ཡང་ཟླ་གསལ་ལ་མཚོན་ན་ཕྱི་རྒྱལ་ནས་འཚར་ལོངས་བྱས་པས་བོད་སྐད་ལ་དེ་ཙམ་བྱང་ཆ་མེད་ན་ཡང་ཁོ་མོས་བོད་ཀྱི་གློག་བརྙན་བཟོ་བཞིན་ཡོད་པས། འཁྲབ་མཁན་བོད་པ་ཚོ་དང་གོ་བརྡ་མི་འཕྲོད་པའི་བར་ལའང་ཁོ་མོར་སེམས་ཁྲལ་བྱུང་ན་ཡང་། བོད་སྐད་ཀྱི་བརྡ་འཕྲོད་ཙམ་ཡོད་པའི་ཁོ་མོས་གློག་བརྙན་འཁྲབ་མཁན་ལམ་སེང་རྙེད་ཐུབ་ཀྱི་ཡོད།

ཁག་བཞི་བ། བུ་མོ་ཆུང་ཆུང་དེ་དང་གྲོགས་མོ་གཉིས་ལས་ཀའི་ངལ་གསོའི་སྐབས་སུ་ཕན་ཚུན་ཐུག་ཕྲད་བྱས་ནས་བྲོ་འཁྲབ་པ་སོགས་ཀྱིས་སྣང་བ་སྐྱིད་པོ་བཟོ།ཡང་བརྩེ་དུང་གི་ངོས་ནས་བཤད་ན་རང་ཉིད་དགའ་སའི་ཕོ་གསར་དེས་གྲོགས་མོ་ལའང་དགའ་རབས་བཤད་འདུག་པས། ཁོ་མོ་དང་ཁོ་མོའི་གྲོགས་མོ་གཉིས་ཡིད་མི་ཆེས་པའི་དཀའ་ངལ་དུ་ལྷུང་ན་ཡང་། ཕྱི་རྒྱལ་ལ་ཡོད་པ་དང་རྒྱ་གར་ན་ཡོད་པའི་ས་ཐག་གི་བར་ཐག་དང་། རྒྱལ་ཁབ་སྟོབས་ལྡན་ཡིན་མིན་གྱི་ཁྱད་པར་སོགས་ལ་བརྟེན་ནས་ཁེ་བཟང་བཟའ་བའི་བརྩེ་དུང་ཞིག་ཡོད་པ་ངོས་ལེན་བྱེད་དགོས་པ་དེའང་རྒྱུན་ལྡན་ཞིག་ཏུ་སྣང་།

1504958436705549.jpg

ཁག་ལྔ་བ། ཕོ་སར་ཞིག་གི་ཕ་རྒན་གྲོངས་པས་ཕོ་སར་ཚོས་ཞལ་འདེབས་ཀྱི་དངུལ་བསྡུས་ནས་སྤྲད་པ་དེས་བོད་མི་རིགས་འདི་སྙིང་རྗེ་ཅན་གྱི་ཆོས་སྒོ་སྤེལ་བར་མོས་པ་ཡོད་མཁན་ཞིག་ཡིན་པ་མཚོན་ཐུབ།

ཁག་དྲུག་པ།. སྐྱེས་པ་དེ་ལ་རང་ཉིད་ཡོད་སའི་ས་ཆར་སྐྱེས་དམན་ཡོད་པར་མ་ཟད། དགའ་རོགས་ཤིག་ཀྱང་ཉར་ཡོད་པས། སྐྱེས་དམན་ཁོ་རང་ཡོད་སའི་ས་དེར་ཐོན་ལ་ཉེ་ཁར། དགའ་རོགས་དང་སྐྱེས་དམན་གཉིས་ཀའི་ཕྱོགས་ན་རང་བཞིན་གྱིས་སེམས་ནས་བཟོད་མི་ཐུབ་པའི་སྡུག་བསྔལ་ཞིག་མྱོང་ལ་ཉེ་བ་དེ། ཁོ་གཉིས་ཀྱི་རྣམ་འགྱུར་གྱིས་གསལ་བོར་བསྟན་ཡོད།

ཁག་བདུན་པ།  ཟླ་གསལ་གྱིས་ཨ་ཕ་གྲོངས་པའི་གཏམ་གོ་མ་ཐག་ཅི་འདྲའི་བསམ་མེད་ཀྱི་ཕ་རྒན་ཞིག་ཡིན་ནའང་། ཤ་ཁྲག་གིས་སྦྲེལ་བའི་མྱི་ཞིག་འཇིག་རྟེན་འདི་ནས་རང་ཉིད་དང་གཏན་དུ་ཁ་བྲལ་སོང་བ་དེ། ཧ་ཅང་བཟོད་དཀའ་བའི་གནས་ཚུལ་ཞིག་ཡིན་པ་བཤད་ཅི་དགོས།

མཐའ་མཇུག་ནི། ཟླ་བཞིའི་རྗེས་སུ་ཟླ་གསལ་གྱི་གློག་བརྙན་གྲུབ་སོང་ལ། ཁོ་མོའི་བོད་སྐད་ཀྱང་ཅུང་ཡར་རྒྱས་ཕྱིན་པའི་རྣམ་པ་དང་བཅས་གློག་བརྙན་འདི་མཇུག་རྫོགས་པར་བྱས་འདུག་ཀྱང་། སྤྱི་ཚོགས་གཞན་གྱི་གློག་བརྙན་སྒྱུ་རྩལ་དང་འདྲ་བར། བོད་ཀྱི་གློག་བརྙན་སྒྱུ་རྩལ་གྱི་ནང་ལ་ཡང་། རང་མི་རིགས་ཀྱི་སེམས་ཁམས་དང་གོམས་གཤིས། དེང་རབས་བརྩེ་དུང་གློག་བརྙན་གྱི་ཁ་ཕྱོགས་དང་མཐུན་པའི་འཁྲིག་སྲེད་ཅན་གྱི་གློག་བརྙན་དང་། ཇག་པའི་གློག་བརྙན། འཐབ་འཛིང་གི་གློག་བརྙན། སྤྱི་ཚོགས་ཡར་སྐུལ་གྱི་གློག་བརྙན་སོགས་གང་མང་ཕབ་སྐྲུན་བྱ་རྒྱུ་ནི། གློག་བརྙན་སྒྱུ་རྩལ་ཕབ་ལེན་པ་རྣམས་ཀྱི་གཡོལ་དུ་མེད་པའི་ལས་འགན་ཞིག་ཏུ་ཡང་མཐོང་ངོ་།།


1504958652527999.jpgབསྟན་འཛིན་ཟླ་གསལནི་རྒྱ་གར་ནས་སྐྱེས་ཏེ་ལོ་ཉི་ཤུའི་ཡར་སྔོན་ལ་ཧྥ་རན་སིར་འབྱོར་ཞིང་། གྱོན་གོས་བཟོ་སྟངས་དང་གློག་བརྙན་སྐོར་ལ་དོ་སྣང་བྱས་ཏེ། སྒྱུ་རྩལ་གྱི་ལམ་ཁ་ལ་འབད་བརྩོན་གནང་མཁན་གྱི་བུད་མེད་ཅིག་ཡིན་ཚོད་འདུག་ལ།མ་ཟད"ཁོ་མོས་འཁྲབ་ཁྲིད་གནང་བའི་བརྙན་ཕྲན(微电影)སྐར་མ་༢༨ཅན་གྱིseeds (སེའེ་གྲི་སི)ཞེས་པ་ནི༢༠༠༩ལོར་འཁྲབ་སྟོན་གནང་བའི་གློག་བརྙན་ཐོག་མ་དེ་ཡིན་པ་དང《རོལ་ཡཱལ་ཁ་ཧྥེ》ཞེས་པ་འདི་གློག་བརྙན་གཉིས་པ་ཆགས་ཡོད་ལ་འཁྲབ་སྟོན་གྱི་གསོན་ཤུགས་སྔར་ལས་འདུག་པས། མ་འོངས་པར་གློག་བརྙན་འཁྲབ་འཁྲིད་ཀྱི་ཐད་ལ་མཁའ་ལམ་ཡངས་པོ་དང་རེ་བ་ཆེན་པོ་འདུག"ཅེས་ཡོ་རོབ་བོད་ཀྱི་གློག་བརྙན་དུས་ཆེན་གྱི་འགན་འཛིན་བཀྲས་མཐོང་དབང་པོ་ལགས་ཀྱིས་གསུངས་བ་དེ་བཞིན་ནོ།།

དཔྱད་མཆན་ཡོད།