«སྤོས་ཆུ»ཞེས་པའི་གློག་བརྙན་ཞིག

       དུས་རབས་བཅོ་བརྒྱད་པའི་འུར་འུར་ཟིང་ཟིང་གི་ཉིན་ཞིག་ལ་ཧྥ་རན་སིའི་རྒྱལ་ས་ཕ་རི་སི་ནས་སྣ་ཤེས་ཁྱད་པར་ཅན་གྱི་བུ་ཞིག་ཉ་ཤ་བཙོང་སའི་ཁྲོམ་ར་ཞིག་ཏུ་སྐྱེས།  ཁྲོམ་ར་དེ་ནི་ཕ་རི་སིའི་གྲོང་གི་ཆེས་མི་གཙང་བ་དང་རྙོག་དྲ་ཅན་གྱི་ས་ཆ་ཞིག་ཡིན།    ཁོ་ནི་ཨ་མས་ཉ་ཤ་བཙོང་སའི་སྒྲོམ་སྟེགས་ཆུང་ཆུང་དེའི་འོག་ཏུ་གློ་བུར་དུ་སྐྱེས་པ་རེད།  ངོ་མཚར་བ་ཞིག་ལ་ཨ་མའི་ནུ་ཆུའང་མ་རེག་པའི་བུ་ཆུང་ཉམ་ཆུང་དེའི་ཚེ་སྲོག་གི་དབུགས་རྒྱུན་མ་ཆད་པར་མི་ཡུལ་ལ་དྲི་ཞིམ་གྱི་མཆོད་པ་འབུལ་བའི་མི་རླབས་ཆེ་བ་ཞིག་ཏུ་གྱུར།   
      ཁོའི་མིང་ལ་ཀུ་ལེ་ནོ་ཟེར་ཞིང་།   དྭ་ཕྲུག་སློབ་གྲྭ་ནས་རང་ལོ་13 ལ་སོན་དུས་སློབ་གཙོས་པགས་རིགས་ལས་གྲྭ་ཞིག་ལ་བཙོངས།  པགས་རིགས་ལས་གྲྭ་དེ་ནས་དུས་རབས་དེའི་ཧྥ་རན་སའི་ན་གཞོན་མེད་པོ་མང་བོ་དང་འདྲ་བར་ཀུ་ལེ་ནོ་ཡིས་གདུག་རྩུབ་དང་གཅར་རྡུང་འོག་ཁལ་མ་དང་བཞོན་པ་ལྟ་བུའི་ལས་ཀ་སྙིང་གིས་མི་བཟོད་པ་ལས་བཞིན་འཚོ་བ་བདའ་ཐབས་བྱས།  སྟབས་ལེགས་པ་ཞིག་ལ་ཉིན་ཞིག་ཁོ་རང་སྤོས་ཆུ་མཁན་པོར་གྲགས་པའི་སྤོས་ཆུ་སྡེབ་སྦྱོར་མཁན་པ་འུ་ཏི་ནུའི་སྐུ་མདུན་དུ་སྟེས་དབང་གིས་འབྱོར་ཞིང་།   ཁོའི་དབང་ཤེས་རྣོན་པོ་དེ་ལ་གདེངས་འཇོག་ཡག་པོ་ཐོབ།   ལྷག་པར་དུ་བསྟུད་མར་མཁན་པོ་དེ་ལ་འབྲེལ་འདྲིས་བྱས་ཤིང་མཐར་པགས་རིགས་ལས་གྲྭ་ནས་མཁན་པོའི་ཟུར་དུ་གནས་སྤོར་ཐུབ་པ་བྱུང་།  རིམ་བཞིན་ཀུ་ལེ་ནོ་ཡིས་རང་གི་ཕུགས་མདུན་ནང་དུ་ཉར་བའི་དྲི་སྣ་འབུམ་ཕྲག་གཅིག་ཏུ་བསྡུ་བའི་ཐབས་རྩལ་གྱི་མན་ངག་ལ་ཡང་ནས་ཡང་དུ་བསམ་གཞིགས་བྱས།   ཉིན་ཞིག་སྤོས་ཆུ་མཁན་པོ་པ་འུ་ཏི་ནུ་ལགས་ཀྱིས་ཁོ་ལ་སྤོས་ཆུ་ཐོག་མར་འབྱུང་བའི་གནས་ཀི་ལ་ཏི་ཞེས་པའི་སྐོར་གླེང་བ་མ་ཟད།  ས་དེའི་མི་རྣམས་ལ་དྲི་སྣ་འབུམ་ཕྲག་གཅིག་ཏུ་བསྡུ་བའི་ཐབས་ཤེས་ཡོད་པ་བརྗོད།  དེ་ནས་ཀུ་ལེ་ནོ་ཡིས་མཁན་པོ་པ་འུ་ཏི་ནུའི་ངོ་སྦྱོར་ཡི་གེ་ཁྱེར་ནས་མིང་དུ་གྲགས་པའི་ཀི་ལ་ཏི་ཞེས་པར་འབྱོར།  ཡིན་ཡང་ཀུ་ལེ་ནོ་སོང་ཤུལ་དུ་སྟབས་མ་ལེགས་པར་མཁན་པོ་པ་འུ་ཏི་ནུའི་ཁང་བ་རྡིབས་ཏེ་མཁན་པོ་ཁོང་ལྔ་ལམ་དུ་བརྫངས། 

      བརྒྱུད་རིམ་མང་བོ་ཞིག་གི་ཁྲོད་ཀུ་ལེ་ནོ་བུད་མེད་ཀྱི་ཐུན་མིན་དྲི་མར་དགའ་བར་གྱུར་ཅིང་།   བུད་མེད་ཀྱི་དྲི་མ་ནི་འཇིག་རྟེན་གྱི་མཆོག་ཏུ་གྱུར་བའི་དྲི་རྫས་ཡིན་པར་ངོས་བཟུང་།  དེ་ནས་ཁོ་བུད་མེད་མཛེས་མ་དག་གསོད་པའི་དམར་གསོད་ཀྱི་ལས་ལ་ཞུགས་ནས་རེ་ཞིག་ལ་རྒྱལ་ཁབ་ཧྲིལ་བོ་ཟིང་ཟིང་དུ་བཏང་།   མཐར་ཐུག་ཁོའི་ཕུགས་འདུན་ནང་གི་མཆོག་གྱུར་སྤོས་ཆུ་དེ་ལེགས་འགྲུབ་བྱུང་སོང་།  འོན་ཀྱང་སྐབས་དེར་ཁོ་རང་དབུས་གཞུང་གི་ཁྲིམས་ཁང་དུ་བཅུག་པར་གྱུར།

       གློག་བརྙན་འདི་ལ་བློ་ཡུལ་ལས་འདས་པའི་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པ་དང་།  འཁྲབ་ཁྲིད་པ་དང་བརྙན་ལེན་པ། ད་དུང་གཙོ་འཁྲབ་པ་སོ་སོར་ཡོ་རོབ་གླིང་གི་བྱ་དགའ་ཁྱད་པར་ཅན་རེ་ཡང་ཐོབ་མྱོང་ཡོད།  
       གློག་བརྙན་འདིའི་སྒྱུ་རྩལ་ཁྱད་ཆོས་གཙོ་བོ་གཅིག་ནི་སྤོས་ཆུ་དང་མིའི་རིགས་ཀྱི་འདོད་ཞེན་གྱི་འབྲེལ་བ་དང་།  གཉིས་ནི་ཀུ་ལེ་ནོ་ཡི་ཚོར་བ་རྣོན་པོ་དང་བུད་མེད་ཀྱི་དྲི་རྫས་ཁྱད་པར་ཅན་གྱི་འབྲེལ་བ་ཡིན།  
       ད་དུང་དེའི་མི་ཚད་གློག་བརྙན་འདིར་འབུར་དུ་ཐོན་པ་ནི་ཀུ་ལེ་ནོ་ཡི་ཐུན་མིན་གྱི་རང་གཤིས་དང་ཕུགས་འདུན་ལ་བློ་གཅིག་ཏུ་གཞོལ་བའི་ཟོལ་མེད་ཀྱི་སེམས་འདུན་དེ་རེད།  མི་ལ་ལ་ཞིག་གིས་རང་ཉིད་ལ་མང་བོ་མང་བོ་ཞིག་དགོས་པ་ཤེས་མོད།  ཡང་སྙིང་རང་ཉིད་ཀྱིས་གང་ཞིག་དོན་གྱིས་རྩོད་སྙེག་བྱེད་ཀྱིན་པ་གསལ་བོ་ཧ་གོ་གི་མེད་པ་ནི་དངོས་གནས་བློ་ཕམ་སྐྱེ་དགོས་པ་ཞིག་རེད།   མི་ལ་སེམས་རེ་དང་སེམས་ལ་འདོད་མོས་རེ་ཡོད་པ་ཆོས་ཉིད་རེད།  འདོད་མོས་དེའི་ཆེད་དུ་ལ་ལ་དགའ་བཞིན་ཡོད་ལ།  ཡང་ལ་ལས་སྐྱོ་བའི་སྨྲེ་ངག་འདོན་གྱིན་ཡོད།   འདོད་མོས་དེའི་ཆེད་དུ་ལ་ལ་རྒྱུགས་ཤིང་འདུར་གྱིན་ཡོད་ལ།  ཡང་ལ་ལས་རེ་སྒུག་གི་མིག་ཟུང་ཅེར་ནས་བལྟས་ཡོད།  ཡིན་ཡང་སུ་ཞིག་ལ་གློག་བརྙན་འདིའི་ནང་གི་ཀུ་ལེ་ནོ་ལྟ་བུའི་རང་གཤིས་ཤིག་ཡོད་དམ།   
        ངས་གློག་བརྙན་འདིར་བལྟས་རྗེས་ཡང་སྙིང་རང་ཉིད་ཀྱི་རང་གཤིས་འདི་ཀ་འདྲ་ཞིག་རེད་དམ་སྙམ་ནས་ཕྱིར་འདང་ཞིག་རྒྱག་དགོས་སོང་།  རང་གཤིས་གང་འདྲ་ཞིག་ཡོད་ན་བྱ་བ་ཡང་དེ་འདྲ་ཞིག་སྒྲུབ་ཐུབ་པའི་ངེས་སྲོལ་ཞིག་གློག་བརྙན་འདིའི་འགོ་མཇུག་བར་གསུམ་དུ་མཐོང་གི་འདུག་པ་འདྲ།

1515839354119972.jpg

དཔྱད་མཆན་ཡོད།