དངོས་བཤུས་གློག་བརྙན་ཞིག་གི་རྒུད། ___ དངོས་བཤུས་གློག་བརྙན«དཔའ་བོའི་ལུང་བ»དང་འབྲེལ་ནས་རོབ་ཙམ་གླེང་བ།

༡   དངོས་བཤུས་གློག་བརྙན་དང་སྤྱི་བབ་ཙམ་གླེང་བ།


      འཛམ་གླིང་གློག་བརྙན་དབུ་བརྙེས་ནས་ལོ་ངོ་སུམ་ཅུར་ཉེ་བའི་བར་གླགས་སུ་དངོས་བཤུས་གློག་བརྙན་གྱི་རིག་པ་རྙེད་ནས་གློག་བརྙན་རང་ངོས་ཀྱི་སྤྱི་མཚན་གྲུབ་པ་ཡིན།     འདས་བའི་སྤྱི་ལོ༡༩༢༢ལོར།   ཨ་རིའི་དངོས་བཤུས་གློག་བརྙན་པ་ཧྥོ་ལ་ཧྭ་ཏེ་ཡིས་འཁྲབ་ཁྲིད་མཛད་པའི༼བྱང་རྒྱུད་ཀྱི་ནཱ་ནོ་ཁི ༽ ཅེས་པ་ལས་བྱང་རྒྱུད་ཀྱི་བས་མཐར་འཚོ་ཞིང་གནས་བའི་མིའི་སྤྱིར་བཏང་གི་འཚོ་བ་དང་སྤྱིར་བཏང་གི་རང་བྱུང་ཁམས་དང་ཉེ་བར་སྐྱབས་སུ་བཅོལ་བའི་བས་མཐའི་འཚོ་བབ།   གདོད་མའི་འཚོ་སྟངས་སུ་མངོན་པའི་སྔ་རབས་ཀྱི་ཚོན་མེད་དངོས་བཤུས་གློག་བརྙན་གྱི་བརྙན་མིག་ཅིག་ཡིན་ལ།    རྒྱུ་མཚན་འཛམ་གླིང་གི་ཚོན་ལྡན་གློག་བརྙན་མ་བྱུང་བའི་སྔོན་གྱི་གློག་བརྙན་དཔེ་མཚོན་ཅན་གྱི་ནང་གསེས་སུ་འགྲོ།   འདི་ནི་འཛམ་གླིང་གློག་བརྙན་ལོ་རྒྱུས་སུ་དངོས་བཤུས་གློག་བརྙན་གྱི་སྒོ་གླེགས་དང་པོ་ཡིན་པ་མིའི་རིགས་རིག་པ་དང་དམངས་སྲོལ་རིག་པའི་ལོ་རྒྱུས་ལ་རྡོ་རིང་བཞེངས་འདུག་པ་ལོ་རྒྱུས་དཔྱད་འཇོག་གི་ཚད་དང་ཆོ་ལོ་ཟིན་འདུག་པས།   གློག་བརྙན་གྱི་ཁྱབ་ཁོངས་ལས་དངོས་བཤུས་གློག་བརྙན་གྱི་རིག་པ་གསར་བ་དར་བ་ནི་འཛམ་གླིང་ཧྲིལ་བོའི་བརྙན་གཟུགས་ཤེས་རིག་ལ་སྐྱོམ་སྟངས་གསར་བའི་རླབས་གསར་ཡིན།      

  དེ་ཡང༼དངོས་བཤུས་གློག་བརྙན་གྱི་ཤེས་རྟོགས༽ཞེས་བ་ལས་དངོས་བཤུས་གློག་བརྙན་གྱི་མཚན་གཞི་ཆེས་སྔ་གྲས་སུ་འཇོག་མཁན་ནི་དབྱིན་ཇིའི་དངོས་བཤུས་གློག་བརྙན་པ་ཡའོ་ཧྭན་ཀུ་ལའེ་ཨར་ཞོན 约翰格里尔逊 གྱིས་ཧྥ་རན་སིའི་སྐད་དུ documentaire ཅེས་བའི་མིང་བརྡ་ལ་གཞི་བྱས་ནས།    དམིགས་སུ་དངོས་བཤུས་གློག་བརྙན documentary ཅེས་བའི་དབྱིན་ཡིག་གི་དོན་མཚོན་ཆེད་སྤྱོད་ཀྱི་མིང་བརྡ་དེ་ཉིད་གཏན་འབེབས་བྱས་པ་མ་ཟད།   ཁོང་གིས་རྟོག་བཟོ་མ་ཡིན་པའི་གཟུགས་འདུས་བརྩམས་ཆོས་ནི་དངོས་བཤུས་གློག་བརྙན་གྱི་མཚན་དུ་བཞག་པ་ཡིན།      སྤྱིར་ན་དངོས་བཤུས་གློག་བརྙན་བྱུང་བའི་རིག་པ་འདི་ལའང་གློག་བརྙན་ལོ་རྒྱུས་དང་འབྲེལ་བའི་བཞེད་ལུགས་མི་འདྲ་བ་འདུག་མོད།  གླེང་བྱའི་ཡུལ་ནི་འཕྲོས་བར་དགོས་བ་ནི་དམིགས་པ་གང་ཞིག་གི་གདམ་ཀ་ཡིན།    

    དུས་རབས་གསར་བའི་འགྲོས་དང་འཕེལ་ཕྱོགས་ནི་ལོ་རྒྱུས་དང་དངོས་ཡོད་ཀྱི་ཁ་ཕྱོགས་ཡིན་པས།   བོད་ཀྱི་གློག་བརྙན་ཐོག་མ༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ༽བྱུང་བ་ནས།   བོད་ཀྱི་གློག་བརྙན་ཁྱབ་ཁོངས་སུ་བོད་བརྙན་ལ་རིགས་དབྱེ་དགར་ཆོག་པའི་རྣམ་པ་ལྔ་ཙམ་དུ་བྱུང་འདུག    བོད་ཀྱི་སྒྱུ་རྩལ་གློག་བརྙན་དང་བོད་ཀྱི་དངོས་བཤུས་གློག་བརྙན།  བོད་འབྲེལ་གློག་བརྙན་གསར་བ།    བོད་ཀྱི་བརྙན་ཕྲན།  བོད་ཀྱི་བརྙན་ཐུང་བཅས་ནི་རིམ་གྱིས་འབྱུང་དམུས་སུ་མངོན་པ་ལས་གློག་བརྙན་རིག་པའི་ལམ་ཁ་གསར་བ་དཔུང་གིས་འཇུག་པ་ངང་གིས་མཚོན་ཐུབ།    འདིར་དམིགས་སུ་སྔ་རབས་ཀྱི་བོད་འབྲེལ་དངོས་བཤུས་གློག་བརྙན་ནི༼ཕོ་བྲང་དམར་པོ༽  དང༼བདེ་ལྷ་མོ༽ ༼ལ་དྭགས་མཐོ་སྒང་གི་བུད་མེད་ཚོ༽ ༼ བོད་ལྗོངས་ཀྱི་བསླུ་བྲིད༽༼གངས་ལྗོངས་ཀྱི་སྐྱེ་དངོས༽༼ཇ་རྟའི་གནའ་ལམ༽སོགས་བྱུང་བའི་རྗེས་སུ།  བོད་བརྙན་པ་པདྨ་ཚེ་བརྟན་གྱི་བོད་ཀྱི་དངོས་བཤུས་གློག་བརྙན༼བསམ་ཡས༽དང༼ང་ཡི་བན་ཆུང༽ དེ་བཞིན།  གློག་བརྙན་འཕྲིན་འཁྲབ་ཁྲིད་པ་ཞི་བདེ་ཉི་མའི་དངོས་བཤུས་གློག་བརྙན༼ཚེ་གཟུངས་ལྷ་མོ༽   ན་གཞོན་འཁྲབ་ཁྲིད་པ་དངོས་བཤུས་གློག་བརྙན་མཁའ་བྱམས་རྒྱལ་གྱི༼དཔའ་བོའི་ལུང་བ༽  སྐྱེས་མ་འཁྲབ་ཁྲིད་པ་བདུད་རྩི་སྐྱིད་ཀྱི་དངོས་བཤུས་གློག་བརྙན༼ཕ་ཡུལ༽  འཁྲབ་ཁྲིད་པ་བཀྲ་ཤིས་ཆོས་འཕེལ་གྱི་དངོས་བཤུས་གློག་བརྙན༼འབྲོག་པའི་བུ༽  མགོ་ལོག་དམངས་ཁྲོད་ཀྱི་འཁྲབ་ཁྲིད་པ་ཟླ་མཛེས་ཀྱི་དངོས་བཤུས་གློག་བརྙན༼ལྕི་བ༽  མགོ་ལོག་སྒྲིག་ཁྲིད་པ་སྟག་ལྷ་རྒྱལ་གྱི༼དབྱར་རྩྭ་དགུན་འབུ༽སོགས་འདུག་པ་ནི་ཉེ་བའི་ལོ་ངོ་བཅུ་ཕྲག་ཡས་མས་སུ་གསར་དུ་བྱུང་བའི་བོད་ཀྱི་དངོས་བཤུས་གློག་བརྙན་གྱི་ཁོངས་སུ་གཏོགས་པའི་བརྙན་འདུས་བརྩམས་ཆོས་ཡག་ཤོས་སུ་འགྲོ།  

   འདིར་དམིགས་སུ་གླེང་བ་ནི་བོད་ཀྱི་དངོས་བཤུས་གློག་བརྙན་གྱི་རིགས་དབྱེ་ལས་བརྙན་མིག་གི་ཟབ་ས་དང་འཛིན་ས་ལེགས་པའི་ལོ་རྒྱུས་ཀྱི་འགྱུར་བ་མངོན་པའི༼དཔའ་བོའི་ལུང་བ༽ཅེས་བའི་བརྗོད་གཞི་དང་འབྲེལ་ནས་འཇུག་པ་ལ།     

 

༢  དངོས་བཤུས་གློག་བརྙན༼དཔའ་བོའི་ལུང་བ༽དང་བྱེ་བྲག་ཙམ་གླེང་བ།


         བོད་ཀྱི་དངོས་བཤུས་གློག་བརྙན་གྱི་འཕེལ་རིམ་དང་ཁྱབ་ཁོངས་ལས་ལྟོས་བཅས་ཀྱི་ལམ་ནས་གཞིགས་ན།  དེར་བོད་ཀྱི་གློག་བརྙན་ལོ་རྒྱུས་གསར་བའི་རུམ་ཁ་ནས༼དཔའ་བོའི་ལུང་བ༽ཅེས་བའི་དངོས་བཤུས་གློག་བརྙན་གྱི་སྣང་བརྙན་བཞེངས་བའི་བརྙན་མིག་ནི་འགངས་ཆེན་ཞིག་ཡིན་ལ།         ཡུལ་ལུང་ཞིག་གི་འདས་བའི་མི་རབས་དུ་མའི་དུས་འགྱུར་དང་ད་ལྟའི་ཉམས་རྒུད་མཚོན་པའི་རྒུད་པ་གང་ཞིག་འཛིན་པའི་བརྙན་འདུས་རེག་ཟིག་ཙམ་དུའང་ཆོག་པར་འགྲོ།    རྒྱུ་མཚན་འཁྲབ་ཁྲིད་པས་རྟོག་བཟོ་དང་བྲལ་བའི་བརྙན་ལེན་གྱི་ཐབས་དང་མི་སྣར་བཅར་འདྲིའི་ཐབས་སུ་སྤྱད་པའི་རྣམ་པ་ནི་དངོས་བཤུས་གློག་བརྙན་གྱི་རིགས་དབྱེ་གཙོ་བོའི་གྲས་ཀྱི་རྣམ་པ་ཞིག་ཡིན་པས།  བརྙན་མིག་ལས་ཆེད་མཁས་བའི་སྐད་དང་ལོ་རྒྱུས་བའི་སྐད།    དམངས་ཚོགས་ཀྱི་སྐད།    རྒན་རབས་པའི་སྐད་དང་གདངས་ལས་ཡུལ་ལུང་གི་སྐད་རིགས་ཀྱི་སྐྱེ་འཆི་དང་བསམ་བློའི་འཇིག་ཉེན།   འཚོ་གནས་ཀྱི་རྩ་བའི་དུས་མཐའ་ཞིག་མངོན་འདུག  དེ་ནི་དངོས་བཤུས་གློག་བརྙན་གྱི་བརྙན་ཐབས་ལས་བཅར་འདྲིའི་ཟུར་ཐབས་དང་རྗེས་འདེད་འཚོལ་ཞིབ་ཀྱི་བརྙན་མིག་གི་རྣམ་པ་ཉེ་བར་སྣང་འདུག 

           སྤྱིར་ན་སྐད་བརྡ་དང་སྐད་ཆ་ནི་སྤྱི་དང་བྱེ་བྲག་གི་ཁྱབ་ཁོངས་སུ་ཆགས་པའི་འབྲེལ་ཆོས་ཞིག་ཡིན་མོད།    ཁྱབ་བྱའི་ངོས་ནས་སྐད་ཆའི་བྱེད་ནུས་ནི་སྤྱི་ཚོགས་རིག་པ་དང་མིའི་རིགས་རིག་པའི་ལོ་རྒྱུས་ལ་བརྡ་དང་དུས་འགྱུར་གྱི་སྒྲ་ནི་གཙོ་བོ་ཡིན་པས།   སྐད་ཆ་ནི་ངལ་རྩོལ་ལས་བྱུང་བ་ཟེར་མོད་སྒེར་གཅོད་ཀྱི་ངལ་རྩོལ་ལས་སྐད་ཆ་དང་དད་མོས་རྨེག་མེད་དུ་བཟོ་བ་ནི་བརྙན་མིག་གི་ཟུར་ཚད་འདི་ལས་གསལ་ཡོང་།   དངོས་བཤུས་གློག་བརྙན་འདི་ནི་འདས་བྱུང་གི་འགྱུར་བ་ཞིག་བརྙན་མིག་གི་ཐབས་སུ་སྤྱད་ནས།      དེ་ལས་ཚད་རིམ་མི་འདྲ་བའི་མི་སྣའི་རབས་གསུམ་བཞེངས་སྐྲུན་བྱས་འདུག   དེ་ནི་རྒན་རབས་དངགཞོན་རབས།   བྱིས་པའི་རབས་ཡིན།     རབས་མི་འདྲ་བའི་མིའི་སྐད་ཆའི་ཧེ་བག་དང་སྤྱོད་ལམ་གྱི་བར་ཁྱད།   རིགས་ཞེན་གྱི་འཛིན་སྟངས་ནི་ཇི་བཞིན་བརྙན་མིག་གི་བསྡུར་བ་ལས་ར་སྤྲོད་དང་ཉེན་བརྡ་བཏང་ཡོད།   འཁྲབ་ཁྲིད་པས་རྙེད་པའི་བརྙན་རིས་ཀྱི་མཛེས་དཔྱོད་ལས་སྣང་བའི་བདེན་དོན་གྱི་མཛེས་བ་ཅིག་དང་གསང་བ་ཅིག་གཅིག་བསྡུས་སུ་བརྙན་མིག་གི་ཟིན་འགོད་རགས་ཙམ་དུ་བྱས་ཡོད།   དེ་བཞིན།   འཁྲབ་ཁྲིད་པས་དངོས་བཤུས་གློག་བརྙན་གྱི་བརྙན་མིག་འཛིན་ཐག་གཙོ་བོའང་སྐད་རིགས་ཀྱི་ཉམས་ཉེས་ལ་གཞིགས་ནས་བརྙན་མིག་གི་ཕྲེང་རྒྱུན་བཟུང་འདུག      མིའི་སྐད་ཆ་དང་ཁོར་ཡུག་གི་སྐད་ཆ།   བྱ་སྤྱོད་ཀྱི་སྐད་ཆ།   བསམ་བློའི་སྐད་ཆ།  ཡུལ་སྲོལ་གྱི་སྐད་ཆ།   གླུ་ངག་གི་སྐད་ཆ་དང་སྐད་ཀྱི་འགྱུར་བ་ལ་གློག་བརྙན་རང་ངོས་ཀྱི་ལག་རྩལ་དང་གློག་འོད།    ཁ་དོག    ཟུར་ཚད།   བརྙན་ཐབས།   མཚོན་ཐབས་ནི་ཆེས་ཆེར་མེད་ཀྱང་།      རྗེས་འདེད་ཀྱི་བརྙན་ཐབས་དང་བརྙན་མིག་རང་དབང་བ་སྤྱད་པའི་ཐབས་སུ་རང་དབང་མ་ཡིན་པའི་ཡུལ་ལུང་གི་དངོས་ཡོད་དང་ལོ་རྒྱུས་ཀྱི་རྒུད་ཞིག་བཞེངས་སྐྲུན་བྱས་ཡོད།  

   ཨ་རིའི་ཆེད་མཁས་བ་ཨ་ལན་ལའོ་སན་སར་གྱི༼དངོས་བཤུས་གློག་བརྙན་གྱི་བློ་གྲོས༽ཞེས་བ་ལས༼དངོས་བཤུས་གློག་བརྙན་བཀོལ་པའི་དགེ་མཚན་ནི་ལོ་རྒྱུས་འགྲེལ་བརྗོད་དང་མིའི་རིགས་ཀྱི་འགྱུར་བ་དེ་ཉིད་རྒྱུས་ལོན་ཡག་པོ་བྱ་རྒྱུ་དེ་ཡིན༽ཞེས་གདམས་པ་ནང་བཞིན།    འཁྲབ་ཁྲིད་པའི་བློ་མིག་དང་དངོས་བཤུས་གློག་བརྙན་གྱི་ཁྱད་གཞི་ནི་རྟོག་བཟོ་མ་ཡིན་པའིི་བརྙན་མིག་དང་འུད་བརྗོད་དབེན་པའི་བརྙན་ཐབས་སུ་དངོས་བཤུས་གློག་བརྙན་གྱི་མ་མཐའི་བརྙན་མིག་འཚོལ་ཐབས་ཀྱི་གཞི་གྲུབ་བཟུང་ནས།  རྗེས་འདེད་ཀྱི་བརྙན་མིག་དང་རང་དགར་གྱི་བརྙན་མིག་གིས་དངོས་བཤུས་གློག་བརྙན་ལ་མཁོ་བའི་བརྙན་མིག་གི་སྐད་བརྡ་བདེན་པ་ཅན་གྱི་འཆར་སྟངས་སུ་འཛིན་པ་ཡིན་པས།   འཁྲབ་ཁྲིད་པས་སྤྱིར་བཏང་གི་ལག་ཐབས་དང་བཀོད་ཐབས་ལ་གཞིགས་ནས་འདས་བྱུང་གི་འགྱུར་བ་བཞེངས་འདུག     འདིར་སྐད་རིགས་ཀྱི་འགྱུར་བ་དང་རིགས་རྒྱུད་ཀྱི་འགྱུར་བ།    ཡུལ་སྲོལ་གྱི་འགྱུར་བ་།    འདུ་ཤེས་ཀྱི་འགྱུར་བ་མཚོན་པའི་བརྙན་མིག་སེམས་ཁྲེལ་ཅན་གྱི་ལམ་ནས་ཟུར་ཙམ་འཕྲོས་ན་ནི།     འདས་ཟིན་པའི་འགྱུར་བ་གང་ཞིག་གི་ཟུར་ངོས་ཡིན་པས།    ལོ་རྒྱུས་ཀྱིས་བཤད་ན།   རྫོང་ཁག་བརྒྱད་དུ་གྲུབ་པའི་མཚོ་ཤར་ལུང་བ་ནི་གནའ་དུས་བོད་ཡུལ་ལུང་བ་ཤ་སྟག་ཡིན་པ་མ་ཟད།  དཔའ་ལུང་དང་དཔའ་རིས།   ཙོང་ཁའི་ཁོངས་གཏོགས་ཀྱི་ཡུལ་སྡེའི་བཅས་སུ་བོད་ཀྱི་གནའ་བོ་གཞིས་འཛིན་ངོ་མ་དང་མི་རིགས་རང་གི་གྲངས་འབོར་མང་ས།   དགོན་སྡེ་དང་སྲོལ་རྒྱུན་ཤེས་རིག་གི་རྫོངས་མཐུག་སར་བཞེད།   ཡིན་ཡང་།    དངོས་བཤུས་བརྙན་མིག་འདི་ལས་མི་རིགས་ཀྱི་སྐད་རིགས་ལ་ཉམས་ཉེས་བྱུང་བ་ནི་གཡུལ་འགྱེལ་ལ་འབྲེལ་ཡོད་ལ་འདས་བའི་སྲིད་འཛིན་གྱི་ས་ཁྲའི་འཁྲབ་བཀོད་ལ་དེ་བས་ཀྱང་འབྲེལ་ཡོད་པས།   དུས་རབས་བཅོ་བརྒྱད་པའི་སྐབས་སུ་གོང་མ་ཆན་ལུང་གིས་བོད་ཡུལ་ལུང་བ་ལ་བཙན་བཟུང་དབང་བསྒྱུར་དང་རྩ་མེད་སྒེར་གཅོད་ཀྱི་ནད་ཡམས་མཆེད་པ་ནི་ལོ་རྒྱུས་ཀྱི་བདེན་པའི་སྐད་དུ་བཞེད་ལ།    དེ་རིང་གི་ལུང་བར་མི་རིགས་ཀྱི་སྐད་རིགས་ཕོ་བྲང་རྡིབ་པ་དང་ཡུལ་སྲོལ་གྱི་གསེར་བུམ་ཆག་པའང་ལོ་རྒྱུས་ཀྱིས་དེད་པའི་ཁ་ཕྱོགས་གཅིག་པོ་དེ་ཡིན་ངེས།     

       དུས་རིམ་མི་འདྲ་བའི་ལུང་བའི་དུས་འགྱུར་ནི་མིའི་སྒེར་གཅོད་ཀྱི་ནད་ཡམས་དང་བསམ་བློའི་རྫས་དུག་ལས་བྱུང་བ་ཡིན་པས།     ཉེ་རབས་སུ་དུས་འགྱུར་གྱི་རླུང་འཚུབ་དང་གོ་མིན་ཏང་གི་ཁོངས་གཏོགས་ཀྱི་མྰ་ཇག་དམག་གིས་བཅད་བཟུང་གི་མུན་ནག་བྱུང་བ་ནི་བརྙན་མིག་གི་ཟུར་ཚད་ལས་མི་སྣའི་སྐད་ཆ་ལས་མཚོན་ཐབས་སུ་བཟུང་འདུག་ལ།      དུས་མཚུངས་སུ་རིག་གསར་གྱི་འགོས་ནད་ཀྱིས་ཀྱང་རི་དང་ལུང་བའི་ལྷིང་འཇགས་དཀྲོགས་བྱུང་བ་ནི་བརྗོད་གཞིའི་ཟུར་ནས་མངོན་འདུག་པ་དེའི་དུས་རིམ་མི་འདྲ་བའི་ཁྲག་གི་ལམ་ཡིག་ཡིན།      འདས་བ་ནི་ལོ་རྒྱུས་ཀྱི་ཁ་ཟས་ཁོ་ན་མ་ཡིན་པར་བརྙན་མིག་གི་བདེན་པ་སྲུང་དུ་འཛིན་པའི་གསལ་བའི་མེ་ལོང་ཡིན་པས།      འདིར་དངོས་བཤུས་གློག་བརྙན་གྱི་བརྙན་རིས་སུ་སྣང་བའི་ལོ་ན་དྲུག་བཅུའི་ཡན་ཏུ་སོན་པའི་རྒ་རྒས་དག་གི་ཕྱི་ནང་སེམས་པ་སྡུག་དང་མིག་མཐའ་མཆི་མ་རུ་གྱུར་བ་དེ་ནི་འཁྲབ་ཁྲིད་པའི་བརྙན་མིག་ལས་བཙལ་བའི་དོན་དངོས་ཀྱི་ཚད་མ་ཡིན།    དངོས་བཤུས་གློག་བརྙན་ཞིག་གི་བརྗོད་གཞི་ལས་མཐོང་བའི་ཕྱི་ནང་ཙམ་དུ་འགྲོ།   

           དངོས་བཤུས་གློག་བརྙན་ནི་དངོས་ཡོད་བསྐྱར་དུ་སྣང་བྱེད་ཀྱི་བརྙན་མིག་གི་གདམ་ཀ་དོན་དངོས་ཅན་ཞིག་ཡིན་པས།    སྤྱིར་བཏང་གི་ཟུར་ནས་དངོས་བཤུས་གློག་བརྙན་ལ་བལྟས་ན།    བོད་ཀྱི་ཡུལ་ལུང་ཞིག་ནི་ཧེ་སྡེ་ཆེན་མོ་རུ་གྱུར་བའི་འགྱུར་བ་ཞིག་སྟེ།     ཧེ་རིགས་༼རྒྱ་སོག༽ཀྱི་འཚོ་བ་དང་དད་མོས།    ཡུལ་སྲོལ།   འགྱུར་སྟངས་བཅས་སུ་བརྙན་རིས་དང་བརྙན་རིས་སུ་བསྡེབས་ཡོད་པས།   འཁྲབ་ཁྲིད་པས་བཙལ་བཞིན་པ་དེ་ནི་ད་རུང་བརྙན་མིག་ལས་བྱུང་བའི་ཚད་མེད་ཀྱི་སེམས་ཁྲེལ་དེ་ཡིན་པས།     དངོས་བཤུས་གློག་བརྙན་གྱི་བརྙན་མིག་གི་སྐད་ཆ་ལ་མཚོན་ཐབས་མི་དགོས་པར།    ལོ་རྒྱུས་ལས་དེད་པའི་ནད་རྟགས་དེ་ཉིད་བརྙན་མིག་མི་འདྲ་བའི་ཟུར་ཚད་ནས་གཤག་བཅོས་བྱེད་ཐུབ་པ་ནི་དངོས་བཤུས་གློག་བརྙན་གྱི་བདེན་པའི་མིག་ཡིན།   

   མདོར་ན།  གློག་བརྙན་གང་ཞིག་གླེང་བ་ལ་གློག་བརྙན་དེ་ལས་ཟུར་མང་པོ་ཞིག་ལ་གཞུང་ལུགས་དང་འབྲེལ་བའི་བསམ་གཞིགས་དང་མནོ་བསམ།     ལག་ལེན་དང་འབྲེལ་བའི་ཉམས་རྟོགས་དང་བློ་འབྱེད་ནི་མ་མཐའི་གྲུབ་རྐྱེན་ཞིག་ཡིན་མོད།   སྐབས་རེར་རང་སྣང་གི་སེམས་ཁམས་ཅིག་གིས་དཔྱད་གཞི་འཛིན་པ་ནི་ཕ་རོལ་གྱི་རི་ཟོམ་ནས་ཀི་འདེབས་པ་དང་འདྲ་བྱུང་།    ལྷག་པར་དངོས་བཤུས་གློག་བརྙན་འདི་ནི་སྤྱིར་བཏང་གི་བརྙན་འདུས་ཟིན་ཐོ་ཡིན་ཡང་དེ་ལས་སྤྱིར་བཏང་མ་ཡིན་པའི་མིའི་རིགས་རིག་པ་དང་ལོ་རྒྱུས་རིག་པའི་ཟབ་ས་དང་ཕུང་གཅིག་ཅན་གྱི་བརྡ་ནི་མཐོང་བས།    སྐབས་སུ་དཔྱད་པའི་བློ་ནི་འདི་ཙམ་མོ།  


གཅིག   ཟུར་མཆན།  

༡ ༼  དངོས་བཤུས་གློག་བརྙན་གྱི་ཤེས་རྟོགས༽  认识纪录片  ——— ནི་རྒྱའི་གློག་བརྙན་དཔྱདགཞི་སྒྲིག་རྩོམ་པ་ཧྲི་ཡེ་ཡི་བརྩམས་ཆོས་ཡིན།       

༢   ༼. དངོས་བཤུས་གློག་བརྙན་གྱི་བློ་གྲོས༽  纪录片的良知  ——— ནི་ཨ་རིའི་ཆེད་མཁས་བ་ཨ་ལན་ལའོ་སན་ཨར་གྱི་དངོས་བཤུས་གློག་བརྙན་དང་འབྲེལ་བའི་བརྩམས་དེབ་ཡིན།    

དངོས་བཤུས་གློག་བརྙན༼ བྱང་རྒྱུད་ཀྱི་ནྰ་ནོ་ཁི ༽  北方的纳努克 ———  ནི་ཨ་རིའི་དངོས་བཤུས་གློག་བརྙན་པ་ཧྥོ་ལ་ཧྭ་ཏེ་ཡི་ཚབ་མཚོན་དངོས་བཤུས་གློག་བརྙན་བརྩམས་ཆོས་ཡིན།   

དངོས་བཤུས་གློག་བརྙན༼ བསམ་ཡས༽ 桑耶寺 ——— ནི་བོད་ཀྱི་གློག་བརྙན་པ་པདྨ་ཚེ་བརྟན་གྱི་བརྩམས་ཆོས་ཀྱི་གྲས་ཡིན།  

དངོས་བཤུས་གློག་བརྙན༼ འབྲོག་པའི་བུ༽  牧人之子——— ནི་ན་གཞོན་འཁྲབ་ཁྲིད་པ་བཀྲ་ཤིས་ཆོས་འཕེལ་གྱི་བརྩམས་ཆོས་གྲས་ཡིན།  

 དངོས་བཤུས་གློག་བརྙན༼ དཔའ་བོའི་ལུང་བ༽  英雄谷———  ནི་བོད་ཀྱི་ན་གཞོན་གློག་བརྙན་བརྙན་ལེན་པ་དང་འཁྲབ་ཁྲིད་པ་མཁའ་བྱམས་རྒྱལ་ཡིན།  


གཉིས།    ཟུར་བཀོད་དཔྱད་གཞི། 

ན་གཞོན་མཁའ་བྱམས་རྒྱལ་ནི་གློག་བརྙན་འཁྲབ་ཁྲིད་པ་དང་བརྙན་ལེན་པ། དངོས་བཤུས་ཟིན་འགོད་པ།   རྩོམ་རིག་ཤེས་རམས་པ། པོ་ལཱ་ཀི་གློག་བརྙན་འཕྲིན་སློབ་གླིང་དུ་གློག་བརྙན་རབ་འབྱམས་པའི་སློབ་མ་ཡིན།    སྤྱི་ལོ༢༠༡༣ལོར།   ཁོ་རང་ཐོག་མའི་དངོས་བཤུས་གློག་བརྙན་གྱི་བརྩམས་ཆོས༼དཔའ་བོའི་ལུང་བ༽ཅེས་པ་ཕབ་སྐྲུན་ལེགས་འགྲུབ་བྱུང་།  དངོས་བཤུས་གློག་བརྙན་འདི་ཉིད་ཧྥ་རན་སིའི་རང་ལའོ་ཧྲི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན(JeanRouchInternational Film Festival)དུ་ཚུད་ཞིང་།     ཨ་རིའི་དེང་རབས་སྒྱུ་རྩལ་བཤམས་སྟོན་ཁང་གི་ཡ་གླིང་འགྲེམས་བརྙན་དུ་ཞུགས་ཐུབ་བྱུང་།    དབྱི་ཏ་ལེའི་མིའི་རིགས་རིག་པའི་གློག་བརྙན(IntimateLensFilmFestival)དུའང་ཚུད། ཨ་རིའི་ཧ་ཝིར་ཌི་སློབ་ཆེན།(Harvard University) ཡེལ་སློབ་ཆེན།(Yale University) ཇོར་ཇི་ཝ་ཤིང་ཊོན་སློབ་ཆེན།(George Washington Universiry) ཁཱི་ལོམ་བྷི་ཡ་སློབ་ཆེན།(Columbia University) ཊོ་རོན་ཊོ་སློབ་ཆེན།(University of Toronto) ཁཱ་ལཱི་ཧྥོར་ཉི་ཡ་སློབ་ཆེན།(University of California, Los Angeles) ཏུའུ་ཁཱི་སློབ་ཆེན། (Duke University)ཐོ་ཁེའོ་ཕྱི་སྐད་སློབ་ཆེན(Tokyo University of Foreign Studies)བཅས་ཕྱི་གླིང་གི་མཐོ་རིམ་སློབ་ཆེན་ཁག་དང་ཞིབ་འཇུག་སྡེ་ཁག་འབོར་ཆེན་དུ་འགྲེམས་སྟོན་བྱས་མ་ཟད།   དམིགས་སུ་ཆོ་ཀྲི་ཧྭ་ཧྲིན་སློབ་ཆེན། ཆི་ལའོ་སློབ་ཆེན།   ཏའོ་ཁི་སློབ་ཆེན།   ཅྰ་ཀྲིག་སློབ་ཆེན།   ཏོ་ལུང་ཏོ་སློབ་ཆེན། ཧྥ་རན་སི་ཏོང་ཡ་ཞིབ་འཇུག་ལྟེ་གནས།     ཏུང་ཅིན་ཕྱི་གླིང་སློབ་ཆེན།   ལེ་ཏིག་སློབ་ཆེན། ཡྰ་ཀི་ལུང་ནེ་ཡ་སློབ་གླིང་དུ་འགྲེམས་སྟོན་འགྲེམས་སྤེལ་དང་མིའི་རིག་པ།  ལོ་རྒྱུས་རིག་པའི་ལས་གཞི་ལ་གཞིགས་ནས་འགྲེམས་སྟོན་བསྐོར་བསྐྱོད་གང་ལེགས་བྱས་པ་རེད།    དེ་བཞིན།  རྒྱལ་ནང་དུ་མཚོ་སྔོན་མི་རིགས་སློབ་ཆེན་དང་ནུབ་བྱང་སློབ་ཆེན།   འབྲེལ་ཡོད་མཐོ་རིམ་སློབ་གླིང་ཁག་ཏུ་འགྲེམས་སྟོན་བྱས་པ་མ་ཟད།   སྐབས་དེར།  བོད་ཀྱི་གློག་བརྙན་རླབས་རྒྱུན་གསར་བའི་ལས་གཞི་ཚུད་ནས་རྒྱ་ནག་གི་གྲོང་ཁྱེར་བཅུ་ཕྲག་ལྷག་ནས་བསྐོར་སྟོན་བྱས།   གཞན་ཡང་།   བརྙན་སྡེར་དང་བརྒྱུད་ལམ་གཞན་དག་བོད་ཡུལ་ལུང་བའི་ཡུལ་ལུང་ཁ་ཤས་སུ་འགྲེམས་སྟོན་གང་འཚམ་བྱས་པ་རེད།     དངོས་བཤུས་གློག་བརྙན་འདི་ལ་ཆེད་དམིགས་ཀྱི་གཟེངས་རྟགས་དང་བསྔགས་བརྗོད་ཀྱང་མི་དམན་པ་བྱུང་།     དེ་ཡང་སྐབས་ཉེར་བཞི་བའི་རྒྱལ་སྤྱིའི་མི་རིགས་རིག་པའི་གློག་བརྙན་དུས་ཆེན་དུ་ཚུད་ནས་སྡེ་ཚན་རིམ་པའི་རྟགས་མ་འཐོབ།    ཁྲང་ཁྲོན་ལང་ཚོ་ན་གཞོན་གློག་བརྙན་འགྲེམ་སྤེལ་དུ་ཞུགས་ནས།་སྡེ་ཚན་རིམ་པའི་གཟིགས་འབུལ་སྐབས་གླགས་བྱུང་།   ༢༠༡༨ལོའི་རྒྱལ་སྤྱིའི་ཨ་རྡེ་སི་ཐི་གསེར་གྱི་རྟགས་མའི་འོས་མི་རུ་ཚུད།     ད་ཆར་ན་གཞོན་འཁྲབ་ཁྲིད་པ་ཁོ་རང་དངོས་གནས་ཕི་རོ་གྷི་གློག་བརྙན་འཕྲིན་སློབ་གླིང་དུ་སློབ་གཉེར་བྱེད་ཞོར་གློག་བརྙན་ཕབ་སྐྲུན་གྱི་ལས་ལ་གཞོལ་གྱིན་ཡོད།   འདི་ནི་བོད་ཡུལ་ལུང་བ་ནས་ཐོན་པའི་བརྙན་ལེན་ཟིན་འགོད་པ་དང་གློག་བརྙན་ལ་འཇུག་པའི་མི་ཕོ་ཞིག་ཡིན།    

དཔྱད་མཆན་ཡོད།