མིག་ཆུ་གཏོང་བའི་རྔ་མོང་།

  གློག་བརྙན་འདི་ནི་འཇར་མན་དང་སོག་པོ་གཉིས་ཀྱིས་མཉམ་འབྲེལ་སྒོས་ཕབ་སྐྲུན་བྱས་པའི་དངོས་བཤུས་གློག་བརྙན་ཞིག་ཡིན། སོག་པོའི་བུད་མེད་འཁྲབ་ཁྲིད་པ་སྤེན་པ་སྲུང་ཟླ་བ琵亚芭苏伦·戴娃ཡིས་འཁྲབ་ཁྲིད་པ་བྱས་པ་ཡིན། གློག་བརྙན་འདིར་སྐབས77པའི་ཨོ་སི་ཁ་རྟགས་མའི“དངོས་བཤུས་གློག་བརྙན་རྩེ་གྲའི་འོས་མིང་ཚུད་པ་མ་ཟད་སྐབས54བའི་འཇར་མན་ལོ་ལ་གློག་བརྙན་རྟགས་མའི་བྱ་དགའ་དང་། སྐབས28པའི་ཞང་ཀང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་བྱ་དགའ་སོགས་མང་པོ་ཐོབ་མྱོང་།

  གློག་བརྙན་འདིར་སོག་པོའི་ལྷོ་རྒྱུད་ཀྱི་ཆེས་སྤྱིར་བཏང་གི་འབྲོག་ཁྱིམ་ཞིག་གི་འཚོ་བ་བརྒྱུད་དེ། རྩྭ་ཐང་གི་མིའི་གཞུང་དྲང་བབ་ཆགས་ཀྱི་གཤིས་ཀ་དང་། སྙིང་རྗེ་དང་བསམ་པའི་འདུ་ཤེས།མི་དང་སྒོ་ཕྱུགས་ཀྱི་རང་བྱུང་འཆམ་མཐུན་གྱི་བརྩེ་བ་དང་། མ་དང་བུའི་དགའ་སྐྱོ་ཟུང་གི་འདངས་བརྩེ་བརྗོད་པའི་དངོས་བཤུས་གློག་བརྙན་ཞིག་ཡིན།
  རྒྱ་ཆེ་ཞིང་མཐའ་ཡས་པའི་སོག་པོའི་བྱེ་ཐང་ཆེན་མོའི་སྟེང་ལུག་དང་རྔ་མོང་འཚོ་རྟེན་དུ་བྱས་པའི་འབྲོག་ཁྱིམ་ཞིག་ཡོད། ཁྱིམ་ཚང་གི་འབྱོར་བ་ཞན་ཡང་མི་རབས་བཞི་ཡིས་གྲུབ་པའི་བཟའ་མི་གང་བོ་དུས་རྒྱུན་དུ་ཟས་ཅོག་གི་མཐའ་རུ་སྐོར་ནས་བསྡད་དེ་དགོད་སྒྲས་ཁེངས་ཡོད་ཅིང་། མཚན་མོར། ཨ་མྱེས་ཀྱིས་དུས་རྒྱུན་བྱིས་པ་ཚོར་གནའ་གཏམ་མང་པོ་བཤད་ཡོང་།
  དཔྱིད་ཀའི་དུས་ཚིགས་ནི་ཁྱིམ་ཚང་འདིར་མཚོན་ན་ཆེས་བྲེལ་བ་ཆེ་བའི་དུས་ཚིགས་ཞིག་ཡིན། རྔ་མོང་ཞིག་གིས་ཕྲུ་གུ་བདེ་ལེགས་ངང་བཙའ་མ་ཐུབ་པར། ཁྱིམ་མིས་རོགས་རམ་དང་གཞོགས་འདེགས་ཀྱི་འོག་ནས་མཐར་རྔ་མོང་ཆུང་ཆུང་དཀར་པོ་ཞིག་བཙའ་ཐུབ་སོང་མོད། འོན་ཏེ། རྔ་མོང་གིས་ཕྲུ་གུ་བཙའ་བའི་སྐབས་ཀྱི་མྱངས་བའི་ན་ཟུག་དང་སྡུག་བསྔལ་གྱི་རྐྱེན་ཡིན་ནམ་གང་ཞིག་གིས། ཕྲུ་གུ་བཙས་མཐར་ཉམ་ཆུང་གི་ཕྲུ་གུ་ངོས་ལེན་མ་བྱས་པར་བྱམས་བརྩེའི་ནུ་མ་བསྣུན་མ་སོང་།
  རླུང་འཚུབ་ཀྱི་སོ་ཁ་རྣོ་བའི་བྱེ་ཐང་ནས།རྔ་མོང་ཆུང་ཆུང་དེར་ཨ་མའི་བྱམས་བརྩེའི་གཉོར་སྐྱོང་མ་ཐོབ་པར་ཡུན་གྱིས་གཟུགས་པོ་ཉམ་ངན་གྱི་གནས་སུ་ལྷུང་ཞིང་། འཆི་རྟོགས་ཀྱི་ཉེན་ཁ་དང་བར་ཐག་ཇེ་ཉེ་ནས་ཇེ་ཉེ་རུ་གྱུར། ཁྱིམ་མི་དག་གིས་ཀྱང་རྔ་མོང་གིས་ཕྲུ་གུ་ངོས་ལེན་བྱེད་པར་ཐབས་སྣ་ཚོགས་ཅི་འདྲ་བཏོན་ཡང་གཅིག་ཀྱང་ལེགས་འགྲུབ་མ་བྱུང་། མཇུག་མཐར། ཁྱིམ་མི་དག་གིས་ཁོང་ཚང་གི་བྱིས་པ་གཉིས་སྤྱི་ལེ་བརྒྱ་ཕྲག་ལྷག་གི་མཚམས་ཀྱི་གྲོང་ཁྱེར་ཏུ་མངགས་ནས་རོལ་མོ་བ་ཞིག་གདན་ཞུ་བྱས་ཏེ། རྩྭ་ཐང་ནས་གནའ་བའི་ལུགས་སྲོལ་ལྟར་རོལ་མོའི་ཆོ་ག་ཆུང་ཆུང་ཞིག་བསྡུས། འདི་ནི་རྔ་མོང་ཨ་མའི་ཡིད་སེམས་ཕྲུ་གུའི་ཕྱོགས་སུ་འགུག་པའི་ཐབས་ཤེས་ཉག་གཅིག་ཏུ་གྱུར།

  མཐའ་མེད་པའི་བྱེ་ཐང་ནས་གློག་སྡོང་གི་ཕྲེང་བ་བསྒྲིགས་པའི་རྩྭ་ཐང་བརྒལ། མཐར་ཟང་ཟིང་གི་འདུ་འཛི་རྒོད་པའི་གྲོང་ཁྱེར་དུ་སླེབས། བྱིས་པ་གཉིས་ཀྱི་མཐོང་སྣང་ལས་གདོད་མིའི་བག་ཆགས་ཀྱི་རང་བཞིན་གསལ་བའི་འཚོ་བ་ནས་དེང་རབས་ཀྱི་འཚོ་བར་བརྒལ། ཁོ་གཉིས་ཀ་རོལ་མོ་བ་སྡོད་སའི་གྲོང་ཁྱེར་དེར་སླེབས་འཕྲལ། བྱེ་ཐང་ནས་མཐོང་མི་ཐུབ་པའི་གནས་དེའི་བརྙན་འཕྲིན་དང་འཁྱགས་དར། སློབ་གྲྭ། ཐོག་ཁང་། འཕྲུལ་རྟ། རླངས་འཁོར་སོགས་བྱ་དངོས་གསར་བ་མང་པོ་ཞིག་གིས་ཁོ་གཉིས་ཀྱི་ཡིད་དབང་རབ་ཏུ་འཕྲོག བྱིས་པ་ཆུང་བ་དེ་བྱ་དངོས་གཞན་དག་ལས་ཀྱང་བརྙན་འཕྲིན་ལས་མཐོང་བའི་འགུལ་རིས་ཀྱི་རི་མོ་དེ་དག་གིས་ཡིད་དབང་རབ་ཏུ་འཕྲོག་སོང་བས། ཕྱིར་ཁྱིམ་ཏུ་ལོག་སྟེ་ཨ་ཕ་ལ་བརྙན་འཕྲིན་དེ་འདྲ་ཞིག་ཉོ་རུ་འཇུག་རྒྱུ་ཡིན་ཞེས་བཤད། ཡིན་ཡང་། ཁོ་ལས་བསམ་བློ་ཅུང་ཟད་གཏོང་ཤེས་པས་བྱིས་པ་གཞན་དེས“བརྙན་འཕྲིན་ཞིག་ཉོ་ན་ལུག་མང་པོ་བཙོང་དགོས། གལ་སྲིད་བརྙན་འཕྲིན་ཉོས་ནའང་ད་དུང་གློག་འཐེན་དགོས། དེ་ལྟར་བྱས་ན་ལུག་ཁྱུ་ཞིག་གི་འགྲོ་སོང་དགོས”ཞེས་བསམ་ཤེས་ཀྱི་སྐད་ཆ་བཤད་མཐར་བྱིས་པ་དེའི་རྨི་ལམ་རེ་ཞིག་མེད་པར་བཟོས་སོང་། རྒྱ་ཆེ་ཞིང་མཐའ་མེད་པའི་བྱེ་ཐང་ནས། དེང་རབས་ཀྱི་ཤེས་རིག་མཚོན་པའི་བྱ་དངོས་ཉག་གཅིག་ཡོད་པ་དེ་ནི། ཨ་མྱེས་ཀྱི་སྒྲ་སྡུད་འཕྲུལ་ཆས་དེ་རེད།
  མཇུག་མཐར། སྒྲ་སྙན་ཁུར་བའི་རོལ་མོ་བ་རྔ་མོང་གི་འགྲམ་དུ་སླེབས་ཏེ་རོལ་མོ་གཏོང་མགོ་བརྩམས། བབ་ཆགས་སྙན་འཇེབས་ཀྱི་རོལ་མོའི་གདངས་དང་བསྟུན་ནས་ཁྱིམ་བདག་བུད་མེད་དེས་ལག་པ་རྔ་མོང་ཨ་མའི་རྒྱབ་ལ་བསྙེས་ཏེ་གླུ་ཚིག་མེད་པའི་གཞས་ཞིག་བཏང་བྱུང་བས། རྔ་མོང་ཨ་མའི་ཡིད་སེམས་རབ་ཏུ་བསྒུལ་ཏེ་མིག་ཆུ་ཁྲོམ་ཁྲོམ་བཞུར། མཐར་རྔ་མོང་ཆུང་ཆུང་ཨ་མའི་གམ་དུ་ཁྲིད་ཡོང་སྟེ་ནུ་མ་བསྣུན་པ་ན་སྔོན་ལྟར་ངོས་ལེན་མི་བྱེད་པའི་བཟོ་ལྟ་གང་ཡང་མི་འདུག་པར་ཕྲུ་གུ་ལ་འོ་མ་རྒྱགས་ཚད་ཅིག་བསྣུན་སོང་བ་མ་ཟད། འཆི་རྟོགས་ཀྱི་ཉེན་ཁ་དང་བར་ཐག་ཤིན་ཏུ་ཉེ་བའི་རྔ་མོང་ཆུང་ཆུང་དེར། སྐབས་དེ་ནས་བཟུང་ཨ་མའི་བྱམས་བརྩེ་ཐོབ་པར་གྱུར། ཁྱིམ་མི་དག་གི་ཡིད་སེམས་ཀྱང་གཞི་ནས་ལྷོད་ལ་བབས་ཏེ་རང་ཁྱིམ་དུ་ལོག་ནས་ལྷན་ཏུ་གླུ་གཞས་གྱེར།

  གློག་བརྙན་གྱི་མཇུག་མཐའི་ཚན་པ་དེ་ནི་གློག་བརྙན་ཡོངས་སུ་ཆེས་སེམས་འགུལ་ཐེབས་པའི་དུམ་ཚན་ཞིག་ཡིན་ལ། གློག་བརྙན་འདིར་གཟིགས་མྱོང་བྱེད་མཁན་དག་ཧ་ལས་ཤིང་ཡིད་སེམས་འགུལ་བའི་ཚན་པའང་དེ་ཡིན། སོག་པོ་ཁྱིམ་ཚང་འདིའི་ཆེས་སྤྱིར་བཏང་གི་དོན་རྐྱེན་འདི་ལས་ནུབ་ཕྱོགས་སམ་རང་བྱུང་ཁོར་ཡུག་དང་གཏན་དུ་གྱེས་པའི་གྲོང་ཁྱེར་པའམ་དེང་རབས་པ་དག་ལ་མཚོན་ན་སོག་པོ་ཁྱིམ་ཚང་འདིའི་མི་དང་རང་བྱུང་ཁོར་ཡུགམི་དང་སྲོག་ཆགས། མི་དང་མིའི་བར་གྱི་འབྲེལ་བ་ལས་མིའི་གཉུག་གཤིས་ན་བག་ལ་ཞ་བའི་ཚོར་བ་གང་ཞིག་ཆུ་མིག་བཞིན་བརྡོལ་དུ་བཅུག་པ་དང་། འདི་ནི་དངོས་པོ་རིག་གནས་ཆེ་ཆེར་རྒྱས་པའི་ངེད་ཅག་གི་ནང་སེམས་ལ་དབུགས་དབྱུང་ལྟ་བུའི་ལེགས་སྐྱེས་གྱ་ནོམ་པ་ཞིག་ཅི་ལ་མིན། གློག་བརྙན་འདིས་ཕྱོགས་གཞན་ཞིག་ནས་ངེད་ཅག་བོད་པའི་གློག་བརྙན་པ་དག་ལ་སྔར་ན་མེད་པའི་བསམ་གཞིགས་ཞིག་དང་ལམ་ཁ་ཞིག་གསལ་བར་བསྟན་ཡོད་ཟེར་ནའང་ཆོག་ཆོག་འདྲའོ།།

འཁྲབ་ཁྲིད་པ་སྤེན་པ་སྲུང་ཟླ་བ

  འཁྲབ་ཁྲིད་པ་སྤེན་པ་སྲུང་ཟླ་བ琵亚芭苏伦·戴娃ནི་སོག་པོའི་བུད་མེད་འཁྲབ་ཁྲིད་པ་ཞིག་ཡིན་ལ། སོག་པོ་ནས་སློབ་གཉེར་བྱེད་དུས་སུ་གློག་བརྙན་ལ་སློབ་སྦྱོང་བྱེད་པའི་མགོ་ཚུགས་ཏེ་བརྙན་འཕྲིན་ཁང་གི་འཁྲབ་ཁྲིད་ལག་རོགས་སོགས་བྱས་མྱོང་། ཕྱིས་སུ་སློབ་མཐར་ཕྱིན་རྗེས་འཇར་མན་དུ་བསྐྱོད་དེ་གློག་བརྙན་གྱི་གཞུང་ལུགས་ལ་སློབ་སྦྱོང་བྱས།«མིག་ཆུ་གཏོང་བའི་རྔ་མོངthe story of weeping camel»ཞེས་པའི་གློག་བརྙན་འདི་ནི་སློབ་གྲོགས་ལའོ་ཡིས་ཅེ་ཧྥ་ལའོ་ཉིས་དང་མཉམ་དུ་ཕབ་སྐྲུན་བྱས་པའི་མཐར་ཕྱིན་གློག་བརྙན་བརྩམས་ཆོས་ཞིག་ཡིན། འཁྲབ་ཁྲིད་པ་འདིར«མིག་ཆུ་གཏོང་བའི་རྔ་མོང»ལས་གཞན་ད་དུང«ཁྱི་གུ་སེར་རིལ་མའི་གབ་ཁུངThe Cave of the Yellow Dog»དང«ཇིང་གར་རྒྱལ་བོའི་རྟ་མཆོག་གཉིསTwo Horses of Genghis Khan»སོགས་ཡོད།

དཔྱད་མཆན་ཡོད།