གློག་བརྙན་མུན་ནག་ནང་གི་གར་མ།

  ཁོ་མོ་གླུ་གར་ལ་དགའ། གླུ་གར་གྱིས་ཁོ་མོའི་སྡུག་བསྔལ་དང་སེམས་གཅོང་ཡོད་ཚད་ཞི་བར་བྱེད་ཐུབ། གླུ་གར་ནི་མོ་རང་སྲིད་འདིའི་གདུག་རྩུབ་དང་གནོན་ཤུགས་ལ་རིང་ནས་གྱེས་པར་བྱེད་པའི་ལོངས་སྤྱོད་འབའ་ཞིག་རེད།

  མོའི་མིང་ལ་ནིSelmaཟེར་ཞིང་། ཨ་མེ་རི་ཁའི་གྲོང་གསེབ་ཀྱི་བཟོ་གྲྭ་ཞིག་གི་ལས་བཟོ་པ་དང་། ཕལ་བའི་ཡུགས་ཚང་ཞིག་གི་བདག་མོ། བུ་ཆུང་ཡུགས་བུ་ཞིག་གི་ཨ་མ་བཅས་ནིSelmaངོ་སྤྲོད་བྱེད་ཆོག་པའི་སྐད་ཆ་ཆ་ཚང་ཡིན། འོན་ཀྱང་འཇིག་རྟེན་འདིའི་མི་བྱིངས་ལྟར་བུད་མེད་ཕལ་བ་འདི་ལའང་རང་ཉིད་ཀྱི་གསང་བ་དང་སེམས་ཁྲལ་ཡོད། དེ་ནི་ཁོ་མོའི་མིག་དབང་ག་ལེར་ཉམས་ཀྱིན་པ་དང་། རྒྱུད་པའི་དབང་གིས་ཁོ་མོའི་ནད་འདི་རང་གི་བུ་ལའང་ཡོད་སྲིད་ཅིང་ནམ་ཞིག་ཁོ་མོ་ལྟར་ནད་འདི་བུའི་ལུས་ཐོག་ཏུ་ཇེ་ཐུར་འགྲོ་བ་ཞེ་ནས་ཤེས་ཀྱི་ཡོད། དེ་བས་ཁོ་མོས་ཧུར་ཐག་འབད་ཐག་གིས་ལས་ཀར་རེམས་ཤིང་། བསགས་པའི་དངུལ་རྣམས་སྒམ་ཆུང་དུ་ཉར་ནས་ནམ་ཞིག་བུ་ལ་གཤགས་བཅོས་བྱེད་པའི་འཆར་གཞི་བཅངས་ཡོད། འོན་ཀྱང་གོད་ཆག་གནམ་ནས་ལྷུང་བ་ཞིག་ལ་ཉིན་དེར་ལས་མཚམས་བཞག་ནས་ཁྱིམ་དུ་འབྱོར་དུས། ཁོ་མོའི་བསགས་དངུལ་ཡོད་ཚད་ཁང་བདག་པེར་གྱིས་བརྐུས་ཟིན། མ་རུངས་ཁོག་བཅུག་གི་ཁང་བདག་གིས་དོན་དེ་ཁས་མི་ལེན་པ་མ་ཟད་ལྡོག་སྟེSelmaགྱིས་ཁོ་ལ་བསླུ་བྲིད་གཏོང་རབས་དང་སྒོར་མོ་རྐུ་འདོད་ཡོད་ཚུལ་གྱི་ངན་དཀྲིས་བརྒྱབ། ཐབས་ཟད་འུ་ཐུག་གིསSelmaཁོ་དང་འཛིང་རྒྱུ་བྱུང་ཞིང་།གོ་རིམ་དེའི་ཁྲོད་དུ་མ་བསམ་ས་ནས་མེ་མདའི་མ་ཤུ་མནན་ཏེ་ཁང་བདག་ས་རུ་བསྒྱེལ། འོན་ཀྱང་ཁང་བདག་གིས་ཕྱོགས་གཅིག་ནས་ད་དུང་ལག་གི་སྒོར་ཁུག་མི་གཏོང་བ་དང་ཕྱོགས་གཅིག་ནས་ཁྲག་དམར་ཁྲོད་ཤི་སྡུག་ཡ་ང་མྱོང་བ་མཐོང་འཕྲལ་ཁོ་མོས་སྲོག་གཅོད་ཀྱི་སྦྱོར་བ་མི་རྩོམ་རང་རྩོམ་དུ་གྱུར།


      ཐ་མ་ཁོ་མོ་ཁྲིམས་ཁང་གི་ཉེས་ཅན་འདུག་སྟེགས་ནས་འགྲེང་དགོས་པར་གྱུར།
      ཞུ་གཏུག་མཁན་གྱིས་ཁོ་མོའི་བྱས་ཉེས་དག་འུར་ཆེན་པོས་ཁྲིམས་དཔྱོད་པ་དག་ལ་ཁྱབ་བསྒྲགས་ཞུས་སོང་ནའང་། ལས་དབང་གི་ཀུ་རེ་ཐལ་དྲགས་པ་འདིས་ད་ནི་ཁོ་མོས་རང་ཉིད་དཀར་འདོན་དང་གསལ་བཤད་ཞུ་འདོད་ཀྱི་ཡི་གའང་འཕྲོག་ནས་བྱིན་འདུག འོན་ཀྱང་ཁྲིམས་དཔྱོད་པས་ཁོ་མོའི་ལས་གྲོགས་དགའ་ཉེ་དག་དང་རང་གི་སྲོག་ལས་གཅེས་པའི་བུ་ཆུང་གི་གནས་ཚུལ་དག་ཞུ་དུས་མོའི་ངོ་གདོང་ན་སླར་ང་རྒྱལ་དང་བདེ་སྐྱིད་ཀྱི་ཉམས་ཤིག་རྒྱས་ཡོང་ལ་བརྩེ་ཞིང་བག་ཡོད་ཀྱི་རྣམ་པར་ཤར་བའི་མིག་དབང་དེས་ལྟ་མཁན་དག་རང་ཤུགས་ཀྱིས་ཐག་རིང་ཐག་རིང་གི་འཆར་ཡན་ཁྲོད་སྐྱེལ་འགྲོ འོན་ཀྱང་ལས་དབང་ནི་དོན་དངོས་ལྟར་རྒྱུ་འབྲས་ཀྱིས་མཇུག་བསྡུ་ཐུབ་པ་ཞིག་ཁྱོན་ནས་མིན་འདུག་སྟེ།རྗེས་སུ་ཁོ་མོར་ཁྲིམས་ཐག་བཅད་སོང་།-----སྲོག་ཁྲིམས།
ཇི་འདྲའི་འཇིགས་སུ་རུང་བའི་ཐ་སྙད་ཅིག
རྒྱ་མཚོར་བཞག་ན་མི་ནུབ་པ། རི་བོར་བཀལ་ན་མི་ཐེག་པའི་ཉེས་ཆད་འདི་དེ་ལྟར་ཡུགས་མོ་ཉམ་ང་བ་ཞིག ཨ་མ་དྲིན་ཆེན་ཞིག་གི་ཐོག་ལ་བབས་སོང་། ཡིན་ཡང་མི་ནི་མི་རང་རེད། སུ་ཡང་འཆི་བའི་མདུན་ནས་ཉྭ་འདར་སྒྱིད་ཞ་ཡོང་བས་ཁོ་མོ་ལ་ཡང་འཇིགས་སྐྲག་བཟོད་དུ་མེད་པ་ནི་ལོས་ཡོད། འཆི་བདག་གི་ཞགས་པ་སྐེ་ལ་བསྐོན་ཞིང་འདི་ངོགས་ཀྱི་འཁྲེང་ཞེན་མ་ལུས་ཐང་ལ་བཞག་ནས་ཆེས་ཐ་མའི་བཀད་ཆད་ལ་སྒུག་རྒྱུ་ནི་མ་གཞི་ནས་སྡུག་བསྔལ་ཞིག་མ་ཡིན་ནམ། དེ་འདྲའི་གནས་ཚུལ་འོག་ཁོ་མོས་ངུ་འབོད་བྱས། འཕག་འཚག་བརྒྱབ། འོ་དོད་བོས། འོན་ཀྱང་དམག་མི་དག་གིས་སླར་ཡང་ཁོ་མོ་བརྒྱངས་ཤིང་ལ་བཅིངས་ནས་འགུལ་ཙམ་མི་ཐུབ་པ་བཟོས། སྐབས་དེར་སྙིང་རྗེ་ཚད་མེད་སྐྱེས་པའི་ཁྲིམས་གཅོད་པ་ཞིག་མངོན་ལ་བུད་དེ་ཁོ་མོར་བུ་ཚའི་ཤེལ་མིག་སྤྲད་པ་དང་ཞོར་དུ་བུའི་གཤགས་བཅོས་ལའང་རེ་བ་ཡོད་ལུགས་ཀྱི་གཏམ་ཞུས་པས། ཁོ་མོ་ནི་སྐད་ཅིག་དེ་ཉིད་དུ་རེ་བའི་སྐྱ་མདའ་ཟིན་སོང་བ་ལྟར་རབ་ཏུ་ཤིན་ཏུ་ནས་དགའ་བར་གྱུར་ཅིང་། དེ་སྔོན་གྱི་འཇིགས་སྐྲག་དང་ཕྱི་བཤོལ་གྱི་བསམ་པ་ཡོད་ཚད་གར་སོང་ཆ་མེད་དུ་གྱུར། ག་ལེ་ག་ལེར་ཁོ་མོའི་སེམས་ཁམས་སླར་ཡང་གླུ་གར་ལ་འཐིམས་སོང་། དགའ་ལ་སྐྱོ་བ། སྐྱིད་ལ་སྡུག་པ། དམའ་ལ་མཐོ་བའི་གླུ་ངག་ཅིག་ཁྲིམས་ཁང་གི་མི་གསོད་སྡིངས་ཆའི་སྟེང་ནས་ཕྱོགས་སུ་མཆེད་ཅིང་། རང་གི་དགའ་ཞེན་བྱ་ཡུལ་གྱི་རྣམ་པ་འདི་ཡིས་འབྲལ་ལ་ཉེ་བའི་འཇིག་རྟེན་འདིར་བདེ་མོ་བཞག

      སྐབས་དེར་ཁོ་མོའི་རྐང་འོག་གི་པང་གཅལ་གློ་བུར་ཁ་ཕྱེ་པ་དང་དུས་མཉམ་སྐེ་ཡི་ཞགས་ཐག་སྦོམ་པོ་དེས་ཁོ་མོ་བར་སྣང་ལ་དཔྱངས། དལ་བ་དལ་བུར་གསོ་ཐག་སྦོམ་པོ་དེའི་སྣེ་ན་Selmaགྱི་སྲོག་དབུགས་གཏན་ཏུ་འགག་སོང་།
      འཁྲབ་ཁྲིད་པ་ལར་ཧྥེ་ནི་ཏེན་མག་རྒྱལ་ཁབ་ནས་འཁྲུངས་པའི་དངོས་བྲིས་རིང་ལུགས་པ་གྲགས་ཅན་ཞིག་ཡིན། ༡༩༨༥ལོར་ལས་གྲོགས་བཞི་དང་མཉམ་དུ་བསྡོངས་ནས«Dogmaབསྒྲགས་གཏམ»ཟེར་བ་ཞིག་སྤེལ་མྱོང་ཞིང་། དེ་རུ་གློག་བརྙན་ལ་ལག་རྩལ་གྱིས་བཟོ་སྣོན་སྣ་ཚོགས་རྒྱག་གིན་པའི་སྣང་བརྙན་རྫུན་བཟོའི་རིགས་ལ་དགག་པ་བཏང་ཡོད་པ་དང་། འཁྲབ་ཡུལ་དངོས་སུ་སྒྲ་ཕབ་པ། བརྙན་ལེན་སྐབས་བརྙན་ཆས་ལག་པས་སྐྱོར་བ།(ད་སྐབས་མང་པོས་རྐང་གདན་དང་འཁོར་ལམ་སོགས་བེད་སྤྱོད་ཀྱིན་ཡོད) ཁོལ་དུ་སྐད་སྦྱོར་མི་བྱེད་པ། བརྙན་རིས་མཛེས་བཟོ་ལ་རྒོལ་བ་སོགས་ནི་སྐབས་དེའི་ཁོ་ཅག་གི་གློག་བརྙན་ཕབ་པའི་རྩ་དོན་ཡིན་གྱི་ཡོད། མ་ཟད་ཁོ་པ་ཅག་གི་གློག་བརྙན་ཕབ་ལུགས་དེར་དཔྱད་བརྗོད་མཁན་མང་པོས་བསྟོད་པ་དང་ཁས་ལེན་མཛད་ཅིང་། ཧྥ་རན་སིའི་རླབས་རྒྱུན་གསར་བའི་རྗེས་སུ་འདི་ལྟ་བུའི་གློག་བརྙན་ལས་འགུལ་ཞིག་བྱུང་བ་ཐོག་མ་ཡིན་ཟེར་སྲོལ་འདུག
      དེ་ན་གློག་བརྙན་འདི་ནི་ལར་ཧྥེ་ཡི«གླེན་པ»དང«ཁུར་གྱིས་ནོན་པའི་བརྩེ་དུང»གཉིས་བཟོས་པའི་འཕྲོའི་གློག་བརྙན་གསུམ་པ་ཡིན་ཞིང་། མགོ་མཇུག་བར་གསུམ་གྱི་བརྙན་རིས་ཆ་ཚང་ནི་ལག་པས་སྐྱོར་ལེན(手提摄影)གྱི་ཐབས་སྤྱད་དེ་གྲུབ་ཡོང་བ་ཤ་སྟག་རེད། འདི་ཡང་ཁོ་རང་གི་སྒྱུ་རྩལ་ལངས་ཕྱོགས་དང་མཛེས་དཔྱོད་ལྟ་བའི་བདེན་དཔངས་ཤིག་རེད་བསམ་ཞིང་། དངོས་ཡོད་ཇི་མ་བཞིན་ཞིབ་འབྲི་དང་དོན་གནས་ཀྱི་བདེན་པ་མཚོན་བྱེད་ལ་ཕན་ཆེན་པོ་ཐོགད་ཡོད་པར་བསམ། ལེན་གནས་གྱི་བར་ཐག(景别)བདམས་སྐབས་ལ་ལ་ཞིག་ཉེ་ལེན(近景)དང་འབྲིང་ལེན(中景)དང་ཞིབ་ལེན(特写)རྐྱང་རྐྱང་བཀོལ་ནས་མི་སྣའི་རྣམ་འགྱུར་དག་ཞིབ་ཅིང་ཕྲ་བའི་ངང་ཕབ་ཡོད། ལྷག་པར་ངོ་གདོང་གི་ཉམས་དང་མིག་མདངས་སོགས་ཀྱི་འགྱུར་བ་ཕྲ་མོ་དག་ལ་བརྟེན་ནས་ཐད་ཀར་མི་སྣའི་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་དག་ཕྱི་རུ་ཕྱུང་འདུག
      དངོས་བྲིས་རིང་ལུགས་ལ་ཕྱོགས་པའི་གློག་བརྙན་ཞིག་ཡིན་ཆ་ནས་འདི་ནི་ཧྥ་རན་སིའི་རླབས་རྒྱུན་གསར་བ་དངAndré Bazinགྱི་རིང་ལེན་གྱི་ཕྱག་རྒྱུན་སོགས་དང་ཡོངས་སུ་འགལ་ཡོད་པའི་སྣང་བ་ཞིག་སྐྱེས་སོང་མོད། འདི་ཡང་ཁོ་རང་གི་གསར་གཏོད་དང་འཚོལ་སྙེགས་ཀྱི་དམིགས་འབེན་ཞིག་ཡིན་པ་ལས་དངོས་བྲིས་རིང་ལུགས་ཡིན་ན་ཆ་ཚང་རྣམ་པ་གཅིག་ཡིན་དགོས་པའི་ངེས་པ་ནི་གཞར་ཡང་མ་མཆིས་སོ།། ཡང་ལ་ལ་ནི་ཁྱབ་ལེན(全景)དང་ཐུར་ལེན(俯拍)དང་གྱེན་ལེན(仰拍)སོགས་ཀྱི་ཟུར་སྣེ་མི་འདྲ་བདམས་ནས་ཡོད་དེ། དཔེར་ན་གློག་བརྙན་འདིའི་མགོ་སྔ་བར་གསུམ་དུ་བྱུང་བའི་གླུ་གར་གྱི་ཆ་ཤས་ཚང་མ་ནི་ལེན་སྟངས་འདི་བཀོལ་བ་ཡིན་ཅིང་། འདི་ཡིས་རོལ་མོ་དང་ལྗོངས་རྣམ། གར་སྟབས་སོགས་འགྲོས་གཅིག་ཏུ་སྡེབ་ནས་སྒྲ་གཟིགས་གཉིས་ཀ་འགྱུར་ཁུགས་ཀྱིས་ཕྱུག་ཡོད། དེ་ཡིས་དངོས་ཡོད་འཚོ་བའི་རྙོག་དྲ་དང་འཆར་ཡན་ཁྲོད་ཀྱི་རེ་སྙེག་གཉིས་ཁྱད་ཆེན་པོར་མཚོན་འདུག་ལ། རོལ་མོའི་འདེགས་འཇོག་གི་ཁུད་ན་རྩེན་པའི་གར་སྟབས་ནི་དེ་ལས་ཉམས་དོད་པོ་དང་ཡིད་བརྙན་གྱིས་སྤུད་པ་ཞིག་རེད། བརྙན་ལེན་སྟངས་དང་གཏུབ་སྦྱོར(剪辑)བྱེད་སྟངས་ཀྱི་ཆ་ནས་མཆོང་མཐུད(跳接)ཀྱི་ཐབས་མང་པོ་བཀོལ་ནས་མི་སྣའི་ནང་སེམས་ཀྱི་བྲེལ་འཚུབ་དང་དངངས་ཞེད་མཚོན་པར་བྱས་པ་དང་། ལག་པས་སྐྱོར་ལེན་(手提摄影)གྱི་ཐབས་བཀོལ་ཏེ་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་མིའི་གཏན་འཇགས་མིན་པའི་མཐོང་ལམ་ལ་ལད་མོ་བྱས་ཤིང་། ཁ་བརྡའི་སྐབས་བརྙན་ཆས་སྟེང་འོག་བར་གསུམ་ཀུན་ཏུ་གཡོ་ཞིང་འགུལ་བ་ལ་བརྟེན་ནས་མི་སྣ་གང་དེའི་མིག་མྱུལ་བྱེད་སྟངས་ཏེ། རང་རྩིས་དང་རང་རྟོན་བོར་སོང་བའིི་སྤྱི་ཚོགས་དམིགས་བསལ་བའི་སེམས་ཁམས་ཉམ་ང་བ་ཞིག་མཚོན་ཡོད། ད་དུང་དམིགས་སྒྱུར(变焦)བེད་སྤྱད་དེ་ལེན་ཡུལ་ཉེ་རུ་འདྲུད་པ་དང་དེ་ནས་མོག་སྒྱུར(虚焦)བེད་སྤྱད་དེ་འོད་མདངས་མོག་པོར་བཟོས་ནསSelmaགྱི་མིག་དབང་ཉམས་པའིི་གོ་རིམ་བསྟན་ཞིང་།།སྐར་ཆ་གཅིག་གཉིས་ནང་བརྙན་རིས་ཀྱི་གསལ་སྒྲིབ་བརྗེ་བ་འདིས་དངོས་སྒྱུ་གཉིས་ཀའི་གདུང་ཐུག་གམ་དངོས་ཡོད་དང་སྟོང་བསམ་གྱི་འགལ་འདུ་མཚོན་འདུག
      མདོར་ན། འཁྲབ་ཁྲིད་པ་ལར་ཧྥེ་གྱིས་ནི་གློག་བརྙན་ལས་རིགས་ཁྲོད་གཞན་གང་ཡང་བགྲོད་མ་མྱོང་པའི་སྒྱུ་རྩལ་ཐབས་ལམ་འདི་འདྲ་ཞིག་བདམས་ནས་ཕྱིན་འདུག་ཅིང་། དངོས་ཡོད་མཚོན་པའི་བརྗོད་བྱ་དང་སེམས་ཁམས་ཞིབ་འབྲི་དམིགས་ཡུལ་དུ་བཟུང་བའི་ཁོང་གི་གླུ་གར་གློག་བརྙན་འདི་ལ༢༠༠༡ལོའི་ཨོ་ཟི་ཁཱའི་འོས་མིང་བྱ་དགའ་དང་། རོལ་དབྱངས་རྩེ་གྲ། སྐབས༥༣པའི་ཁཱ་ན་བརྙན་སྟོན་དུ་གསེར་གྱི་ཏ་ལའི་བྱ་དགའ་དང་བུད་མེད་འཁྲབ་སྟོན་མ་རྩེ་གྲས། ཡོ་རོབ་གློག་བརྙན་དུས་སྟོན་དང་ཏེན་མག་གློག་བརྙན་དུས་སྟོན་སྟེང་གློག་བརྙན་རྩེ་གྲས་སོགས་ཀྱི་བྱ་དགའ་ཐོབ་ཡོད་པས། བསྟོད་བསྔགས་ཀྱི་མེ་ཏོག་རྒྱུན་ཆད་མ་མྱོང་པའི་ཡོ་རོབ་ཀྱི་རིག་རྩལ་གློག་བརྙན་འདི་ནི་བརྙན་ལེན་དང་བརྙན་རིས་འགོད་སྟངས་ཀྱི་ཆ་ཀུན་ནས་དུས་ད་ལྟའང་འཁྲབ་ཁྲིད་པ་མང་པོས་ཁ་མིག་ཡར་ལྟོས་བྱེད་ས་ཞིག་ཡིན་ནོ། །

                                

དཔྱད་མཆན་ཡོད།