ཀུ་ཏཱ་ཨེར། Jean-Luc Godard. (ཧྥ་རན་སིའི་གློག་བརྙན་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་པ་པོ། གློག་བརྙན་ བཟོ་སྐྲུན་པ་བཅས་ཡིན། བརྩམ་ཆོས་ལ་《A bout de souffle》དང《It's My Life,Vivre sa vie》དང《Pierrot le fou》་སོགས་ཡོད།)
ཧྥ་རན་སིའི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ཀུ་ཏཱ་ཨེར་གྱིས་འདི་འདྲའི་སྐད་ཆ་ཞིག་བཤད་མྱོང་། “གློག་བརྙན་ཞིག་ཕབ་འདོད་ན་། བུད་མེད་ཅིག་དང་མེ་འདའ་གཅིག་ཁོ་ནས་ཆོག” སྤྱིར་སྐད་ཆ་འདི་ནི་ཟུར་ཟའི་བྲོ་བ་ལྡན་པ་ཞིག་རེད་མོད། དངོས་གནས་འདི་འདྲའི་གློག་བརྙན་ཞིག་ཀྱང་ཡོད་མྱོང་སྟེ། དེ་ཡིས་ཤིང་གི་དུར་སྒམ་གཅིག་དང་སྐྱེས་པ་འཁྲབ་སྟོན་པ་གཅིག་སྤྱད་ནས་གློག་བརྙན་ལོ་རྒྱུས་སྟེང་མ་རྐང་ཕྱིར་ཐོབ་ཚད་ཀྱི་པ་སེའི་ཟིན་ཐོ་གསར་བ་བསྐྲུན་ཡོད།
གློག་བརྙན་འདིའི་འཁྲབ་ཁྲིད་པ། རོ་ཏི་རེ་ངྒོ.ཁོར་ཐུའུ་སི། Rodrigo Cortés སིར་པན་གྱི་གློག་བརྙན་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་པ་པོ་ཡིན།
གློག་བརྙན་འདིའི་གཙོ་འཁྲབ་པ། རེ་ཡན་རེ་ནོ་སི། Ryan Reynolds ཁ་ཎ་ཏའི་གློག་བརྙན་འཁྲབ་སྟོན་པ་ཡིན།
གློག་བརྙན་གྱི་མིང་ལ«གསོན་སྦས་ཟེར་ཞིང་། རིང་ཚད་སྐར་མ༩༥ཡིན། འཁྲབ་སྟོན་པ་གཅིག་དང་དུར་སྒམ་གཅིག་ལས་འཁྲབ་ལྗོངས་དང་འཁྲབ་སྟོན་པ་བརྗེ་རེས་ཀྱི་མཚམས་ཚིགས་སོགས་གང་ཡང་མེད། འཁྲབ་གཞུང་མགོ་མཇུག་ཡོད་ཚད་གཙོ་འཁྲབ་པ་གཅིག་པུའི་འཁྲབ་སྟོན་གྱི་སྐུལ་འདེད་འོག་མཚོན་པར་བྱས་ཡོད་མོད། གློག་བརྙན་འདིས་ཁྱོད་ལ་སུན་སྣང་དང་ཆད་སྣང་ཕྲན་ཙམ་ཡང་སྟེར་མི་སྲིད་པར་དབུགས་ཐེངས་གཅིག་གིས་བལྟས་ཚར་ཀྱི་ཡོད། གློག་བརྙན་ནང་དུ་ཨ་རིའི་འདྲུད་སྐྱེལ་རླངས་འཁོར་ཁ་ལོ་པ་ཞིག་དབྱི་རག་ཏུ་འཇབ་རྒོལ་ཐེབས་པ་ཞིབ་བརྗོད་བྱས་ཡོད་ལ། དེ་ཡང་ཁོ་རང་དྲན་པ་སོས་དུས་རང་ཉིད་གཅིག་པུ་དུར་སྒམ་ཞིག་ཏུ་གསོན་སྦས་བྱས་ཡོད་པ་རྟོགས་ཤིང་། དུར་སྒམ་ནང་དུ་དབྱང་དབུགས་འདོན་སྤྲོད་ཉུང་དུ་འགྱུར་གྱིན་པ་ནི་ཁོའི་གདོང་གཏོད་དགོས་པའི་དཀའ་ཁག་ཆེ་ཤོས་སུ་གྱུར། གསོན་པོར་དུར་འོག་དུ་སྦས་པའི་ཁོང་དང་འཆི་བདག་གི་བར་དུ་ད་ལྟ་དུས་ཚོད་སྐར་མ་༩༠ཙམ་ལས་ལྷག་མེད། ཤིན་ཏུ་དོགས་པའི་བར་སྟོང་དེའི་ནང་དུ་མིའི་རིགས་ཀྱི་དགའ་སྐྱོ་ཆགས་སྡང་གི་འདུ་ཤེས་ཡོད་ཚད་ཁོང་གི་འཕག་འཚག་དང་རང་སྲུང་གི་བྱ་སྤྱོད་ཁྲོད་མངོན་པར་བྱས་ཡོད། མིང་ལ་ཕོ་ལོའོ་(Paul)རུ་འབོད་པའི་ཨ་རི་བ་ཁོང་གིས119 (ཨ་རིའི་མེ་གསོད་རི་ཁག) དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། FBI (རྒྱལ་ཕྲན་མཉམ་འབྲེལ་ཞིབ་གཤེར་ཁང་།) རང་ཉིད་ཀྱི་ཞབས་ཞུ་སྤྱི་གཉེར་ཁང་། ཁྱིམ་མི་དང་གྲོགས་པོ་བཅས་ལ་ཁ་པར་བཏང་ཞིང་། དེ་དག་ལས་ཚད་མི་འདྲ་བའི་བརྩེ་མེད་ཀྱི་རྣམ་འགྱུར་དང་འགན་འཁྲིའི་བསླུ་བྲིད། དཔོན་ཚུགས་དོད་པའི་བྱ་སྤྱོད་ཞེ་མེར་བ་སོགས་ལས་ཁོང་ལ་ཅི་ཡང་མ་ཐོབ། འཁྲབ་ཁྲིད་པ་ཁོར་ཐུའུ་སིས་བརྙན་མིག་གི་མཇུག་ཏུ་ཕོ་ལོའོ་ཡི་འཆི་བ་ཁོ་ན་ཟིན་ཐོར་བཀོད་ཡོད་ཀྱང་། དེ་དང་ལྷན་དུ་ཁོང་གི་རེ་ཆད་དང་སྐྱོ་གདུང་ཡང་དུར་སྤས་བྱས་ཟིན། ཕོ་ལོའོ་ནི་འདི་ལྟར་དུར་སྤས་བྱས་པ་ཐོག་མ་ཡིན་མི་སྲིད་ལ་ཐ་མའང་ཡིན་མི་སྲིད།
མདོར་ན་འདི་ནི་བློ་སྒོ་འབྱེད་པའི་གློག་བརྙན་ཞིག་ཀྱང་རེད་དེ། པར་ལེན་གྱི་ཐབས་རྩལ་ནས་འཁྲབ་ལྗོངས་དང་། འཁྲབ་སྟོན་གྱི་བྱང་ཚད་སོགས་གང་ལ་བལྟས་ཀྱང་ཡིད་འགུགས་ལ་ཞིབ་ཚགས་ལྡན་པ་ཞིག་རེད། གློག་བརྙན་འདི་ལ་བལྟས་པས་ཕོ་ལོའོ་ཡི་ཐབས་ཟད་ཨུ་ཐུག་དང་འཆི་བར་གདོང་གཏོད་པའི་བརྟན་བརླིང་གི་རྣམ་འགྱུར། གློག་བརྙན་ཁྲོད་རེས་མོས་སུ་ཐོན་གྱིན་པའི་རེ་བ་དང་ཡིད་ཆད་སྣ་ཚོགས་ཀྱིས་ཁྱོད་ལ་ཟད་མཐའ་མེད་པའི་སྒྱུ་རྩལ་གྱི་ལོངས་སྤྱོད་སྩོལ་བར་འགྱུར།
དཔྱད་མཆན་ཡོད།